ལྕགས་མོ་འཚོ། ཨ་རི།
གངས་ལྗོངས་ལྷ་སྐལ་སྐྱབས་མགོན་ཐུགས་རྗེའི་དབང་།།
མི་ཡི་རྣམ་པར་རོལ་པའི་སྤྲུལ་བའི་སྐུ།།
བྱམས་བརྩེ་ནུས་པའི་བདག་ཉིད་སྤྱན་རས་གཟིགས།།
དགུང་ལོ་དགུ་བཅུའི་དགྱེས་སྟོན་དགའ་བས་བསུ།།
བོད་ཡུལ་སྨད་ཀྱི་སྟག་འཚེར་སོ་ནམ་བུ།།
གངས་ལྗོངས་བསྟན་སྲིད་སྐྱོང་བའི་འཁུར་མཛད་པོ།།
འགྲོ་བར་ཞི་བདེའི་གཟི་བྱིན་སྦྱིན་མཁན་པོ།།
དགུང་གྲངས་དགུ་བཅུའི་དགྱེས་མཆོད་དད་པའི་ཡུལ།།
བཅུ་དྲུག་སྐུ་ན་ཆུང་ངུའི་དུས་ཉིད་ནས།
ཆོས་སྲིད་ལུགས་གཉིས་མངའ་ཐང་སྲི་ཞུ་ཡི།།
རྒྱལ་བསྟན་ཕྲིན་ལས་ལྗིད་མོ་ཁུར་བཞེས་ཏེ།།
བོད་འབངས་བདེ་སྡུག་གཟིགས་པའི་མགོན་གཅིག་པུ།།
ང་དགུའི་དུག་རླངས་འཕྱུར་བའི་ལོ་ཟླ་ལ།།
ཞབས་རྗེས་འཕགས་ཡུལ་མི་བཀྱགས་ཀ་མེད་ཀྱང་།།
བཙན་བྱོལ་གནས་སུ་བོད་གཞུང་སྒོ་གླེགས་ཕྱེས།།
རྒྱལ་བ་དབང་བོའི་བཀའ་དྲིན་གཞལ་ཡས་བྲལ། །
དཀའ་སྡུག་ཁྲོད་ནས་བོད་མིར་རེ་བ་བསྐྲུན།།
རྒྱལ་བསྟན་ཉམས་པ་སོར་ཆུད་མཛད་པའི་མགོན།།
ཞི་བདེའི་འཚེ་མེད་དབུ་མའི་སྒྲོན་མེ་འབར།།
སྐྱེ་འགྲོ་ཀུན་ལ་མུན་སེལ་འོད་སྣང་སྦྱིན། །
བཙན་བྱོལ་གནས་སུ་ཞབས་སོར་འཁོད་པའི་རྗེས།།
དམངས་གཙོའི་ལམ་སྲོལ་གསར་བ་གཏོད་གནང་མཛད།།
བཀའ་སྤྱི་ཁྲིམས་གསུམ་ཀ་གདེག་རྨང་གདན་བཏིངས།།
བོད་མིའི་གཞི་རྩའི་སྲོག་ཤིང་བརྟན་པོར་བཙུགས།།
གོ་ལའི་སྐྱེ་འགྲོར་ཕན་བདེ་མཛད་པའི་འབྲས།།
དུས་རབས་ཉི་ཤུའི་ལོ་རབས་གྱ་དགུའི་མཇུག།
ནོ་སྦེལ་ཞི་བདེའི་གཙུག་རྒྱན་རྟགས་མ་བཞེས།།
འཛམ་གླིང་ཡོངས་ནས་བསྔགས་བརྗོད་མེ་ཏོག་གཏོར།།
བྱམས་བརྩེའི་ཉི་མས་འགྲོ་ཀུན་སེམས་ངལ་གསོ།།
འཚེ་མེད་ཞི་བའི་ལམ་སྟོན་མཛད་པས་མཐུས།།
འཛམ་གླིང་ཞི་བདེའི་དེད་དཔོན་ཆོ་ལོ་བསྩལ།།
རྒྱལ་བ་དབང་བོའི་ཞབས་ལ་སྤྱི་བོས་འདུད།།
གོ་ལའི་ཁྱོན་དུ་ཆོས་ལུགས་མཐུན་སྒྲིལ་དང་།
ཚན་རིག་ཆོས་ལུགས་ཟུང་འབྲེལ་ལྟ་གྲུབ་ཀྱིས།
ཤེས་རབ་ནོར་བུའི་འགྲོ་ཀུན་མུན་པ་སེལ།།
རྒྱལ་བ་དབང་བོའི་དགུ་བཅུའི་གོ་སྟོན་བསུ།།
འགྲོ་ཀུན་བདེ་སྐྱིད་བསྙེག་པའི་ལམ་བཟང་བསྟན།།
བྱམས་དང་བརྩེ་བའི་སྙིང་པོ་འགྲོ་ལ་སྤེལ།།
བོད་ཀྱི་རིག་གཞུང་རྒྱ་གར་གཞུང་ལུགས་སྲུང་།།
དམ་བཅའ་བཞི་ཡིས་འགྲོ་དྲུག་སྐྱབས་སུ་གྱུར།།
གཞིས་བྱེས་བོད་འབངས་བྱིངས་ཀྱི་མགོན་གཅིག་་པུ།།
བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་བརྟན།
དགུ་བཅུའི་གོ་སྟོན་མངལ་གསོལ་དགྱེས་པར་མཆོད།།
ཚེ་རབས་ཀུན་ཏུ་སྐྱབས་གནས་མགོན་ཁྱེད་འདུད།།