གློག་ཞགས། (ཨ་རི)
བཙན་རིར་དཔའ་དར་འཐེན་མཁན་གྱི་མི་རབས་དེ་རྫོགས་རྗེས།
གཉན་རིར་ཀླུང་རྟ་སྤུར་མཁན་གྱི་མི་རབས་དེ་རྫོགས་རྗེས།
སྟག་མོ་བཞིན་ཕྱི་རུ་མཆོང་ཞིང་། ཝ་ཁྱུ་བཞིན་ཡུལ་དུ་འདུར་དུས།
རྫ་སྐེད་དང་རི་སྐེད་དུ་བརྐོས་པའི་ཇག་ལམ་རིང་མོ་དག
ཕ་མྱེས་མ་མྱེས་ཀྱིས་ཁྱོད་ལ་འཐེན་པའི་ཁ་བཏགས་རེད་འདོད་དམ།
ས་མཐའ། ཕ་ཡུལ་དང་ན་ཟུག་ཁུར་པའི་རི་ལུང་།
ཁུ་བྱུག་གྲགས་ཐེངས་རེར། ཕ་ཡུལ་རྒྱང་ཐག་ཤིན་ཏུ་རིང་།
རྒོད་པོའི་གཤོག་ཟུང་དེ་ང་རྒྱལ་དང་ཨུ་ཚུགས་གཉིས་ཡིན་ནམ།
མཐོ་དྲགས་ན་ནམ་མཁའ་བཞིན། འཁྱགས་སིབ་སིབ།
དམའ་དྲགས་ན་རྫ་ལུང་བཞིན། སྐྱོ་ལྷང་ལྷང་།
ཁོར་ཡུག་ཡོད་ཚད་རི་དྭགས་རྐྱང་རྐྱང་ཡིན་ནམ།
ཡོད་ཚད་བློ་གཏད་མེད་པའི་སྨུག་པ་བཞིན།
འཐུབ་ཡོང་དུས། ཐག་ཉེ་ཐག་ཉེ་ཞིག
དྭངས་སོང་དུས། ཐག་རིང་ཐག་རིང་ཞིག
ང་གཅིག་པུ་ས་མཐའ་འདིའི་རྫི་བོ་ཡིན་ནམ།
ས་མཐའ། རང་ཚུགས་དང་ཕྱི་ཐག་ཁུར་པའི་རི་ལུང་།
སྤྲིན་པས་མགོ་བོ་བཏུམས་པའི་ཉིན་དེར། འུ་གཉིས་ཀའི་ལུག་ཁྱུ་འདྲེས་ཡོད།
ས་མཐའ་དང་ཕ་ཡུལ།
གས་འཐོར་དུ་གྱུར་འགྲོ གངས་རི་བཀད་པའི་ཤོག་སྦག་བཞིན།
ཕ་ཡུལ་དང་ས་མཐའ།
མག་མོག་ཏུ་གྱུར་འགྲོ རྒྱ་སྐད་དང་ཕྱི་སྐད་ཀྱིས་བྲིས་པའི་སྨིག་རྒྱུ་བཞིན།
མཁས་པའི་ཁ་རྩ་ན། དབུ་མ་ངུས་ཏེ་ཕ་ཡུལ་དུ་ཆས།
བླུན་པོའི་སྨྱུག་རྩེ་རུ། རང་བཙན་སྨྱོས་ཏེ་ཆོལ་ཁ་བརྩད།
བོད། གྲོས་ཚོགས་ཤིག་དང་འདྲ་ལ་ཆོས་ཚོགས་ཤིག་དང་ཡང་འདྲ་ནའང་།
གསེར་ཏོག་འོད་ལམ་ལམ། ཤིན་ཏུ་སྙིང་རྗེ་ཨང་།
སྤྱི་ལོ༢༠༢༥ལོའི་ཟླ༠༩བའི་ཚེས༢༨ཉིན་བྱང་ཨ་རིའི་རྒྱལ་ས་ནས།