དིང་རི་བཅུ་བ།

  ཆབ་བྲག་ལྷ་མོ་སྐྱབས། (ཧྤ་རན་སི།)

ཆོས་ལྡན་བོད་ཡུལ་ཆོས་མེད་ཀློ་ཀློས་བཟུང།།
ཆོས་མིན་ངན་སྤྱོད་བརྒྱ་ཡིས་སྣོད་བཅུད་རྒུད།།
རང་བྱུང་ཁམས་ཀྱང་སྐྲག་ནས་ཡོམ་ཡོམ་འདར།།
ཡིན་ཡང་རྒྱང་ན་གཟིགས་པའི་སྐྱབས་གཅིག་ཡོད།།

ནམ་ཟླ་དགུན་ལ་སླེབས་པས་ལུས་པོ་གྲང་། །
གྲང་ངར་གདོང་གིས་བསུ་དགོས་དིང་རི་བ།།
རྐྱེན་ངན་ས་ཡོམ་སླེབས་པས་སྡུག་ལ་སྦྱར། །
དཀའ་སྡུག་སེམས་ཀྱིས་ཐེག་དགོས་དིང་རི་བ།།

སྐྱིད་སྡུག་དབྱར་དགུན་འགྱུར་བ་ཀུན་ལ་ཡོད། །
འཁོར་བའི་ཆོས་ཉིད་སོམས་ཤིག་དིང་རི་བ།།
རང་གཞན་བདེ་སྡུག་རང་གི་ལས་ལ་རག །
རྐྱེན་ངན་གྲོགས་སུ་འཁྱེར་དགོས་དིང་རི་བ།།

གདུང་སེམས་མཉམ་སྐྱེད་སྤུན་ཟླ་མང་པོ་གདའ་། །
གྲོགས་མེད་མགོན་མེད་མ་འདོད་དིང་རི་བ།།
བླ་མ་དགེ་འདུན་རྒྱ་མཚོའི་བསྔོ་སྨོན་ཡོད། །
བར་དོར་འཇིགས་པ་མི་དགོས་དིང་རི་བ།།

དམ་པ་སངས་རྒྱས་མི་ལ་རས་པ་སོགས། །
དམ་པའི་རྣམ་ཐར་དྲན་དགོས་དིང་རི་བ།།
དམ་ཆོས་དགེ་སྒྲུབ་ཕྱི་མའི་ལམ་ཡིག་ཡིན། །
ཚེ་འདིར་གང་ཐུབ་སྒྲུབས་ཤིག་དིང་རི་བ།།

སྔོན་དུས་བཙན་པོའི་ལོ་རྒྱུས་རྡོ་བརྐོས་མ། །
མ་བརྗེད་ཡིད་ལ་འཛིན་དགོས་དིང་རི་བ།།
རང་གི་སྐད་ཡིག་རང་རིགས་བླ་སྲོག་ཡིན། །
ངེས་པར་རྒྱུན་འཛིན་ཐུབ་དགོས་དིང་རི་བ།།

དེང་གི་ཞི་བདེའི་བླ་མའི་འཚེ་མེད་ལམ། །
མ་ནོར་མདུན་ལ་སྐྱོད་དགོས་དིང་རི་བ།།
བླ་མའི་གདམས་ངག་འདི་ཕྱིའི་ལམ་སྟོན་ཡིན། །
ནམ་ཡང་ཡིད་ལ་ཟུངས་ཤིག་དིང་རི་བ། །

རྒྱང་རིང་བླ་མས་ཁྱོད་ཅག་གཟིགས་ནས་གདའ། །
གསོལ་བ་རྩེ་གཅིག་ཐོབ་ཅིག་དིང་རི་བ། །
ཤི་གསོན་ཚང་མའི་དམ་ཚིག་གཙང་གྱུར་ན། །
བདེ་ཅན་ཞིང་ནས་མཇལ་ངེས་དིང་རི་བ།།

འགའ་རེས་སྐྱོ་གདུང་མཆི་མ་སེམས་ལ་སྐྱིལ། །
ལ་ལས་རོགས་སྐྱོར་ལག་ཟུང་རིང་དུ་རྐྱོང་།།
མང་མང་མ་ཎི་གསོལ་འདེབས་སྐྱེས་སུ་འབུལ། །
ཀུན་ཀྱང་སྙིང་ཉེའི་གྲོགས་ཡིན་དིང་རི་བ།།

བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །
རྐྱེན་ངན་བར་ཆད་མཐའ་དག་ཞི་བ་དང་།།
ཆོས་མཐུན་སྤྱོད་པས་ཐམས་ཅད་འཚོ་བར་ཤོག །
ཚེ་འདས་ཀུན་ཡང་དགེ་ལམ་ཟིན་པར་ཤོག།

ས་ཡོམ་འདིས་རྐྱེན་བྱས་དེ་རིང་སླར་ཡང་དིང་རི་བརྒྱ་རྩ་བ་ཚར་གཅིག་བཀླགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་གསལ་འདེབས་འདི་འདྲ་ཞིག་ཐལ་ལོ།། ཆབ་བྲག་ཕོ་ཉས། ༢༠༢༥ ༠༡ ༠༨
ཚེ་༩་ལ་སླར་ཡང་ལས་སྣོན་ཅུང་བྱས།

 

 

སྔོན་མ།
ནུས་མེད་ཀྱི་ཡིག་འབྲུ་དང་ཆགས་སྡང་ཐར་ཐོར།
རྗེས་མ།
བོད། ལྷ་ཡུལ་ཁུར་པའི་བྱེ་ཐང་གི་རྔ་ཁྱུ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up