ཆོས་མེད་སྨྲ་བ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་མི་རིང་བར་བོད་གཞིས་རྩེ་ཁུལ་ཏུ་དུས་འཁོར་དབང་ཆེན་ཞིག་གནང་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་ཤིག་ཁྱབ་བཞིན་ཡོད་པ་དང་། གནད་དོན་དེའི་ཐད་བོད་ནང་གི་བོད་མི་ཚོས་ད་རེས་གུང་ཁྲན་ཏང་ཡོན་༼དམར་ཤོག་ཚོགས་མི༽ཚོར་གོ་སྐབས་ཡག་པོ་རེད་ཅེས་ཟུར་ཟ་བྱ་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པ་ནས་༢༠༢༥ལོའི་ཟླ་༩བའི་ཚེས་༢༩ཉིན་འཁོད་པའི་དུས་འཁོར་དབང་ཆེན་གནང་རྒྱུའི་གསལ་བསྒྲགས་ཤིག་སྤེལ་བཞིན་ཡོད་པ་དང་། གསལ་བསྒྲགས་དེའི་ནང་བརྗོད་དོན། རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་དང་ཕྱོགས་བཞིའི་སློབ་བུ་ཡོངས་ལ། འཛམ་གླིང་ཞི་བདེ་དང་མེས་རྒྱལ་དར་ཞིང་རྒྱས་པ། མི་དམངས་བདེ་འཁོད། འགྲོ་བའི་ཚེ་བསོད་དགེ་སྦྱོར་འཕེལ་བ་སོགས་ལེགས་ཚོགས་དུ་མའི་ཆེད་དུ། ༧གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་སྤྱི་ལོ་༢༠༢༥ལོའི་ཟླ་༡༠ཚེས་༩ནས་༡༢བར་༼བོད་ཤིང་སྦྲུལ་ལོའི་ཟླ་༨ཚེས་༡༨ནས་༢༡བར༽བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་པའི་སྐྱིད་སྐྱིད་ན་ཁར་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ་གནང་རྒྱུ་ཡིན་པས། བཀའ་དབང་ལ་ཕེབས་མཁན་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་དགོན་པའི་སྒྲིག་སྲོལ་ཁག་ལ་སྲུང་བརྩི་ཞུ་དགོས་པ་དང་། ས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་བཀོད་སྒྲིག་ལ་ཉན་འཇོག་བྱེད་དགོས་ཤིང་། གྲི་རིགས་སོགས་མཚོན་ཆ་དང་འབར་སླ་བའི་ཉེན་ཁའི་དངོས་རྫས། ཆང་རག་སོགས་ཆོས་རྭར་འཁྱེར་མི་ཆོག་པ་མ་ཟད། ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་ལྟར་ཁ་ཁུ་སིམ་པོའི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཟབ་མོ་གསན་གནང་རྒྱུ་ཞེས་འཁོད་ཡོད་འདུག
གསལ་བསྒྲགས་དེའི་གཤམ་ཏུ་བོད་མདོ་སྨད་མཚོ་སྔོན། ཁམས་རྒྱལ་ཐང་། ཀན་སུའུ་དང་ཟི་ཁྲོན་སོགས་ཀྱི་བོད་མི་མང་པོས་མཆན་བྲིས་ཏེ་མི་འདོད་པའི་རྣམ་འགྱུར་དང་ཟུར་ཟ་བྱས་ཡོད་པ་ལས། ཁག་ཅིག་འདྲེན་བཀོད་བྱས་ན་གཤམ་ལྟར། ༼གཞི་རྒྱ་ཆེ་བའི་ཆོས་ལུགས་ཀྱི་བྱ་འགུལ་ཞིག་མི་འགྱངས་པར་སྤེལ་རྒྱུ་རེད་འདུག་པས། དད་ལྡན་ཚོས་དངུལ་སྒོར་གྲ་སྒྲིག་བྱོས།༽ ༼ཟ་འཐུང་དང་སྡོད་གནས་སོགས་རིན་མེད་ཡིན་ན་མ་གཏོགས། འགྲོ་ཁོམ་མེད།༽ ༼ད་རེས་ནི་གུང་ཁྲན་ཏང་ཡོན་རྣམས་ཀྱི་ཆོས་དད་ཀྱི་གོ་སྐབས་ཡག་ཤོས་རེད།༽ ༼ཡང་བཙན་བཀོལ་རྒྱུ་མིན་ན་ཡོང་ནི་ཞིག་མེད་ལ། ཧ་ཧ་ཧ།༽ ༼ཡང་ཨ་ཞང་ཚང་གིས་འཁྲབ་སྟོན་འགོ་བཙུགས་ཡོང་གི་ཡོད་པ་འདྲ།༽ ༼དབང་བསྐུར་བའི་ཚད་དུ་ལོང་མི་འདུག༽ དང་༼འགྲོ་འདོད་ཡེ་ནས་མེད་གོ༽ཅེས་སོགས་བྲིས་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༦ལོར་བོད་གཞིས་རྩེ་བཀྲ་ཤིས་ལྷུན་པོ་རུ་ཆེད་དུ་དུས་འཁོར་དབང་ཆེན་ཞིག་གོ་སྒྲིག་བྱས་ཏེ། ཁོ་རང་ཚོས་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་ལ་ཆོས་ཕྱོགས་ཀྱི་སྡིངས་ཆ་ཞིག་བསྐྲུན་ཡོད་ཀྱང་། སྐབས་དེར་རང་ངོས་ནས་ཆོས་ཞུ་ལ་འགྲོ་མཁན་མེད་པས། རྒྱ་ནག་གཞུང་གིས་གཞིས་རྩེ་གཙོ་བྱས་པའི་ས་གནས་ཁག་གི་དགོན་གྲོང་སོ་སོར་བཀོད་ཁྱབ་བཏང་ཏེ། སྐྱ་སེར་གཉིས་ཀ་ངེས་པར་ཏུ་དུས་དབང་ལ་ཡོང་དགོས་པའི་བཙན་བཀའ་ཡང་བཏང་ཡོད་པ་རེད། ཕྱོགས་གཞན་ནས་བོད་མི་ཡོངས་ནས་དད་མོས་དང་ཡིད་ཆེས་བྱ་སའི་༧གོང་ས་ཏཱ་ལའི་བླ་མས་ངོས་འཛིན་མཛད་པའི་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྤྱི་ལོ་༡༩༩༥ལོར་རྒྱ་གཞུང་གིས་བཙན་ཁྲིད་བཀག་ཉར་བྱས་པ་ནས་བཟུང་། ད་ལྟའི་ཆར་ཤི་གསོན་གྱི་གནས་སྟངས་སོགས་ཇི་ཡིན་ཆ་མ་མཚལ་བར་ལྷག་ཡོད་པ་རེད།
གསར་འགོད་པ། རྒྱ་སྡང་།