གློག་ཞགས།(ཨ་རི)
དང་པོ། བོད་ཀྱི་ཡིག་ཚང་གལ་ཆེན་དག་ཏུ་གསལ་བའི་ཙོང་ཁའི་མིང་གི་རྣམ་གྲངས།
ཙོང་ཁ་བདེ་ཁམས་སུ་གྲགས་པའི་ཙོང་ཁ་ཞེས་པའི་ཐ་སྙད་ལ་བརྡའི་གསར་རྙིང་གིས་འབྲི་སྟངས་མི་འདྲ་བ་དང་དུས་ཀྱི་དབང་གིས་སའི་ཁྱབ་ཁོངས་ཀྱི་ཆེ་ཆུང་ལ་ངོས་འཛིན་མི་འདྲ་བ་རེ་བྱུང་ཡོད་པ་སྟེ། ཏུང་ཧོང་ཡིག་རྙིང་དུ། S.T.750, 0076 ༄།:།ཁྱྀ་ལོ་ལ་བབ་སྟེ། བཙན་པོ:དབྱརད་བྱང་རོལདུ་གཤེགས། དགུན་བློན་ཆེན་ཕོ:ཁྲྀ་འབྲིང་གྱྀས། ཙོང་ཀ་ཆེ་ཆུང་དུ་དྲངསྟེ།[1] ཞེས་དང་། S.T.8212,0028 དང་བློན་མདོ:བཞེར:གཉིས་གྱྀས་གཙེ་ནམ:ཡོར:དུ:བསྡུསྟེ: བློན་ཆེན་པོ:སྣང་བཞེར:ལས:སྩོགས: པས:རྒྱའི་མཁར་ཙོང་ཀ S.T.8212,0029ཆེན་པོ:དང་པེག:ཤིང་ཀུན:གཉིས་ཕབ:པར་ལོ:ཅིག།[2] ཅེས་དང་།S.T.8212,0037 མདོ:སྨད་གྱི:དགུན་འདུན:རག:ཏགྀ་རྨ་རོང་དུ་བློན་ཁྲྀ:སྒྲས:བསྡུས་ཏེ:བློན་ཁྲྀ་བཟང་དང་ཞང་སྟོང་རྩན:དང་ཞང་S.T.8212,0038བཙན་བ:གསུམ:གྱིས:ཙོང་ཀ:ཆུ:ངུ་ཕབ:པར:ལོ:ཅིག།[3] ཅེས་དང་། སྤྱི་ལོ་763ལ་བཙུག་པའི་རྩེ་ཞོལ་གྱི་རྡོ་རིང་གི་ལྷོ་ངོས་ཀྱི་བརྐོས་ཡིག་ཞལ་བཤུས་ཐིག་ཕྲེང་34པ་དང་35པ་རུ། ×××××××ན:དང་། ཙོང་ཀ:ཕྱོགས:×××××དང:[4]སོགས་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་ཙོང་ཁའི་མིང་གི་ཆ་ནས་བརྡ་རྙིང་ངམ་ཏུང་ཧོང་ཡིག་ཆ་དང་རྡོ་རིང་དུ་མིང་གི་རྣམ་གྲངས་ལ་ཙོང་ཀ་དང་། ཙོང་ཀ་ཆེ་ཆུང་། རྒྱའི་མཁར་ཙོང་ཀ་ཆེན་པོ། ཙོང་ཀ་ཆུང་ངུ་བཅས་སུ་གསལ་ལ། གཞན་བཀའ་ཐང་སྡེ་ལྔར་རྒྱ་ནག་བཙོང་ཁ་རྒྱལ་པོ་ཞེས་དང་ལྡེའུ་ཆོས་འབྱུང་རྒྱས་པར་ཙོང་ཁམས་དང་མདོ་ཁམས། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་དང་ནེའུའི་ཆོས་འབྱུང་། བུ་སྟོན་ཆོས་འབྱུང་དང་རྒྱལ་རབས་གསལ་བའི་མེ་ལོང་བཅས་སུ་ཁམས་ཞེས་དང་། རླངས་ཀྱི་པོ་ཏི་བསེ་རུར་ཙོང་ཁ་བདེ་ཡངས་དང་དེབ་ཐེར་སྔོན་པོ་དང་སུམ་པ་ཆོས་འབྱུང་དུ་ཙོང་ཁ་བདེ་ཁམས། རྒྱ་བོད་ཡིག་ཚང་ཆེན་མོར་མདོ་ཁམས། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཙོང་ཁའི་རྒྱལ་ཁམས་དང་ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་དུ་འབོད་པ་དེ་བོན་གྱི་ཡིག་རྙིང་སྲིད་པ་རྒྱུད་ཀྱི་ཁ་བྱང་དུ་ཙོང་ཁའི་ཡོག་ཆེན་བཅོ་བརྒྱད་ཅེས་པ་དང་གཅིག་ཏུ་བབས་འདུག་ལ།[5] དུ་ཀཱུ་ལའི་གོས་བཟང་དང་དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོར་བཙོང་ཁ། ཨ་མདོའི་ཆོས་འབྱུང་གི་སྡོམ་ཚིག་ཏུ་ཙོང་ཁ། ཆོས་འབྱུང་ཡུལ་གྱི་མེ་ལོང་དུ་ཁམས་ཀྱི་གཙང་ཁ། མདོ་སྨད་ཆོས་་འབྱུང་དུ་ཤར་གྱི་ཆ་ཙོང་ཁ། དེབ་ཐེར་དཀར་པོར་བཙོང་ཁ་དང་བཙོང་ཁ་ཆེན་པོ། སྐུ་འབུམ་གདན་རབས་སུ་ཤར་ཙོང་ཁའི་ཡུལ་སོགས་བྲིས་ཡོད།
ཞར་དུ་ཞུ་འདོད་པ་ཞིག་ལ་འདིར་ཐོན་བཞིན་པའི་རྒྱའི་མཁར་ཙོང་ཁ་ཟེར་བ་དང་ཏུང་ཧོང་ཡིག་རྙིང་དུ་ཐོན་བཞིན་པའི་རྒྱའི་ཁམས་སུ་གཏོགས་པ་གཡེར་མོ་ཐང་ཟེར་བ་དང། བོན་གྱི་ཡིག་རྙིང་སོགས་སུ་ཐོན་བཞིན་པའི་ཞང་ཞུང་སྒོ་བའི་རྒྱ་སྡེ་བཅོ་བརྒྱད་ཟེར་བ་སོགས་ནི་བོད་ཀྱི་ཡིག་རྙིང་ཁག་ཏུ་གསལ་པའི་རྒོད་རྗེ་རྒྱ་ཡི་གདུང་རྒྱུད་ཅེས་བོད་རང་གི་གདུང་རྒྱུད་ཡིན་པ་ལས་ད་ལྟའི་རྒྱ་ནག་ཟེར་བ་དང་ཁ་ཁ་ཡིན་ལ། རྒྱ་དང་རྒྱ་ནག་གི་ཁྱད་པར་དང་། རྒྱ་ནག་དང་ཤར་རྒྱ་ཕག་ཚང་གི་ཁྱད་པར། ཙི་ན་དང་ཧན་གྱི་ཁྱད་པར། ཧན་དང་ཧཱན་གྱི་ཁྱད་པར་སོགས་ནི་ཕྲན་གྱིས་འབྲི་ཁུལ་བྱེད་བཞིན་པའི་དེབ་རྗེས་མ་ཞིག་ཏུ་ཀུན་གྱི་སྤྱན་ལམ་དུ་དབུལ་ཐུབ་པའི་རེ་བ་དང་བཅས་འདིར་བསྐྱུངས་པར་བྱའོ།།
གཉིས་པ། ཙོང་ཁའི་ཡུལ་གྱི་ཁྱབ་ཁོངས།
ཙོང་ཁའི་ཡུལ་གྱི་ཁྱབ་ཁོངས་ལ་བོད་ཀྱི་ཡིག་ཚང་ཁག་ཏུ་གསལ་བ་གཞིར་བཟུང་ན་རག་རིམ་གྱི་ཆ་ནས་གསུམ་དུ་བསྡུས་ཆོག་པར་སྣང་སྟེ། བོད་བཙན་པོའི་དུས་སྐབས་སུ་ཙོང་ཀ་དང་ཅོང་ཀ་ཆེ་ཆུང་། ཞེས་མདོ་སྨད་ཀྱི་ཡུལ་བྱེ་བྲག་པའམ་གནས་གལ་གནད་ཅན་ཞིག་ཏུ་ངོས་བཟུང་ཡོད་ལ། བོད་སིལ་བུའི་སྐབས་ནས་ས་སྐྱ་དང་ཕག་གྲུ་རིན་སྤུངས་དང་གཙང་བའི་སྐབས་སུ་ཁམས་སམ་ཙོང་ཁམས། ཙོང་ཁ་བདེ་ཁམས། ཙོང་ཁའི་རྒྱལ་ཁམས། ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་ཅེས་ཕལ་ཆེར་མདོ་སྨད་སྤྱི་ལ་གོ་བར་བཞེད་མཁན་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་སྐབས་སུ་ཙོང་ཆུའི་ཉིན་དང་སྲིབ་ཏུ་བགོས་པའི་ཡུལ་ལམ་མདོ་སྨད་ཤར་ཕྱོགས་ཀྱི་ཙོང་ཆུའི་ལྷོ་བྱང་གི་ཡུལ་གྲུ་དག་ལ་ཙོང་ཁ་ཞེས་འབོད།
སྤྱིར་བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་པ་དག་གིས་ཙོང་ཁའི་ཡུལ་ངོས་འཛིན་ཚུལ་ལས་མདོ་སྨད་སྤྱི་ལ་གོ་བ་དང་ཙོང་ཁ་དང་གཡེར་མོ་ཐང་གཅིག་ཏུ་གོ་བ་སོགས་འཇོལ་ཉོག་ཏུ་སྨྲ་མཁན་མང་ནའང་། བོད་བཙན་པོའི་སྐབས་ནས་ཙོང་ཀ་དེ་མདོ་སྨད་ཀྱི་གལ་གནད་ཆེ་བའི་ཡུལ་བྱེ་བྲག་པ་ཞིག་ལ་འཛིན་པ་དང་། ཙོང་ཁ་དང་གཡེར་མོ་ཐང་ཁ་ཁར་འཛིན་དགོས་པར་སྙམ་སྟེ། མདོ་སྨད་ཆོས་འབྱུང་སོགས་བོད་ཀྱི་ཡིག་ཚང་ཁག་ཏུ། བོད་ཀྱི་ཡུལ་ཁམས་སྤྱི་སྒང་གསུམ་དུ་བྱེད་ཚེ་མདོ་ཁམས་ལ་སྨར་ཁམས་བཏགས་པ་ཁམས་གཅིག མདོ་སྨད་ལ་གཡེར་མོ་ཐང་བཏགས་པ་ཁམས་གཅིག ཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་[6]ཅེས་དང་། བོན་གྱི་ཡིག་རྙིང་སྲིད་པ་རྒྱུད་ཀྱི་ཁ་བྱང་དུ། སྨད་དུ་ཁམས་ལ་མང་ནའང་། ས་ཁམས་ཆེན་པོ་གསུམ་གྱིས་བསྟོད། དབྱར་མོ་ཐང་ནི་བར་གྱི་ཁམས། ཡོག་ཆེན་བཅོ་བརྒྱད་སྨད་ཀྱི་ཁམས། ཤོད་ཆེན་བཅོ་བརྒྱད་སྟོད་ཀྱི་ཁམས།[7]ཞེས་དང་། ཙོང་ཁའི་ཡོག་ཆེན་བཅོ་བརྒྱད་ནི། ཁ་དྲུག་གྱེན་དུ་བལྟས་པ་འདྲ།[8]ཞེས་པ་ལས་གཡར་མོ་ཐང་ངམ་དབྱར་མོ་ཐང་དང་ཙོང་ཁ་ཡུལ་ཆེན་ནམ་ཡོག་ཆེན་བཅོ་བརྒྱད་ཁ་ཁར་ཕྱེས་ཡོད་པ་མ་ཟད། སྤྱིར་བོད་ལ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་དབྱེས་པའི་སྨད་ཀྱི་ཆ་ལའང་སྟོད་སྨད་བར་གསུམ་དུ་དབྱེས་པ་ལས་སྟོད་ཀྱི་ཆ་དེ་ནི་སྨར་ཁམས་སམ་སུམ་པ་གྱིམ་ཤོད་ཀྱིས་མཚོན་པའི་ཤོད་ཆེན་བཅོ་བརྒྱད་ཀྱི་ཡུལ་དང་། བར་གྱི་ཆ་དེ་ནི་དབྱར་མོ་ཐང་དུ་འབོད་བཞིན་ཡོད་ལ། གཡར་མོ་ཐང་དེའང་བཀའ་ཐང་སྡེ་ལྔ་རུ། བོད་ཀྱི་ཁྲི་ཤོད་རྒྱལ་མོའི་མཚོ་ཆེན་དེ། །བྱང་ཕྱོགས་ཁམས་ཀྱི་གཡེར་མོ་ཐང་ན་ཡོད། །[9]ཅེས་མཚོ་སྔོན་པའི་མཐའ་འཁོར་དེ་བར་གྱི་ཆ་ཡིན་པ་གསལ་བོར་བཀོད་ཅིང་། སྨད་ཀྱི་ཆ་དེ་ནི་གཞི་ནས་ཙོང་ཁའི་ཡོག་ཆེན་ནམ་ཡུལ་ཆེན་བཅོ་བརྒྱད་དུ་ངོས་བཟུང་ཡོད་པ་དེ་བན་བོན་གྱི་ཡིག་རྙིང་དག་གུང་བསྒྲིགས་ན་ཤིན་ཏུ་གསལ་བར་རྟོགས་ཐུབ་པའོ།།
གསུམ་པ། ཙོང་ཁ་པའམ་ཙོང་ཁའི་གཞིས་འཛིན་པ།
ཡུལ་ཆེན་པོ་ཙོང་ཁའི་ས་འཛིན་མཁན་ནི་བོད་ཀྱི་རུས་ཆེན་པོ་ལྡོང་གཙོ་བོ་ཡིན་པ་སྟེ། བོད་ཀྱི་ཡིག་ཚང་ཁག་གང་སར་འཁོད་པའི་བོད་ཀྱི་རུས་ཆེན་པོ་བཞི་ལས་ལྡོང་དང་ལྡོང་ལས་ཀྱང་གནམ་ལྡོང་དཀར་བོ་ས་སྐྱ། ཉི་ལྡོང་སེར་བོ་ཟི་ན། ས་ལྡོང་གྲོ་བོ་གོན་ལིང་དུ་གྲགས་ཤིང་། མི་ཕྱེད་ལྡོང་དང་། ལྡོང་ཕྱེད་ཟི་ན་ཞེས་པའི་ཟི་ནར་གྲགས་པའི་ལྡོང་ཟི་ན་དང་ལྡོང་གོན་ལིང་གཉིས་བསྡུས་པའི་ལྡོང་ཟི་ལིང་གིས་བཟུང་བའི་ཡུལ་ཆེན་པོ་ཞིག་ཡིན་ལ། ཟི་ལིང་ཞེས་པའི་ལྡོང་གི་རུས་དེ་བོད་བཙན་པོའི་སྐབས་སམ་སྲིབས་ཁྲི་བཙན་པོའི་དུས་ནས་ཡོད་པ་ཞིག་ཡིན་པ་དེ་བོད་ཀྱི་ཡིག་རྙིང་གྲགས་ཅན་མཁས་པ་ལྡེའུ་ལས། སྲིབས་ཁྲི་བཙན་པོ་དང་གནམ་གྱི་རྒྱལ་མོ་ཟི་ལིང་ཤོལ་མ་རྗེར་གྲུ་གུམ་བཙན་པོ་འཁྲུངས་[10]ཞེས་བཀོད་ཡོད་པ་ལས་ཀྱང་གསལ་བ་ཇི་བཞིན། ལྟག་མཚེར་རིན་པོ་ཆེའི་རྣམ་ཐར་མདོ་སྨད་པ་ཡོན་ཏན་རྒྱ་མཚོའི་གསུང་དུ། ཙོང་ཁའི་སྐུ་འབུམ་ཚོ་དྲུག་གི་སྟོད་ན་ཟི་ན་ཚོ་བ་དང་། སྨད་ན་ལིང་པ་ཚོ་བ་ཡོད་པས་ཚོ་བ་དེ་གཉིས་ཀྱི་བར་དུ་ཡོད་པའི་ས་དེའི་སྤྱི་མིང་ལ་ཟི་ལིང་ཞེས་འབོད། ཅེས་གསལ་བོར་འཁོད་པ་ལས་གནའ་བོའི་ཡུལ་གྱི་མིང་ལ་ཙོང་ཁ་དང་ཡུལ་འཛིན་པ་གཙོ་བོའི་མིང་ལ་ཟི་ལིང་ངམ་ལྡོང་ཟི་ལིང་གཙོ་བོར་གྱུར་ཡོད་པ་ཤེས་ཐུབ་ཅིང་། གཞན་གནམ་མཁར་ཟི་ལིང་དུ་གྲགས་པའི་མཁར་རྙིང་དེར་ཡང་དུས་ཀྱི་ཆ་ནས་ཁ་ཚོན་གཅོད་དཀའ་ནའང་ཡུལ་གྱི་བཞེད་རྒྱུན་དུ་དུས་ཡུན་གནའ་སྔ་མོ་ཞིག་ལ་བོད་ཀྱི་ཡུལ་དཔོན་གཞན་ལས་སྟོབས་འབྱོར་མངའ་ཐང་དང་དབང་ཤུགས་ཤིན་ཏུ་ཆེ་བའི་ཟི་ནའི་ནང་སོའམ་ཟི་ན་རྒྱལ་བོར་འབོད་པ་དེའི་མཁར་ཡིན་པ་དང་། རྒྱལ་པོ་དེའི་མངའ་རིས་ནི་ཟི་ལིང་སྟོད་ཕྱོགས་ཀྱི་ཟི་ནའི་ལུང་བ་དང་ཙོང་སྟོད་སྟོང་སྐོར་དང་སྐུ་འབུམ་ཚོ་དྲུག ཙོང་བྱང་འཇུ་ལག་རྒྱུད་དང་དཔའ་རིས་ཕྱོགས། ཙོང་ལྷོ་ཁྲི་ཀ་སོགས་དང་ཙོང་སྨད་གྲོ་ཚང་ཕྱོགས་བཅས་རྨ་ཙོང་འདྲེས་མདོའི་བར་གྱི་ཡུལ་གྲུ་རྒྱ་ཆེ་བ་དེར་དབང་བསྒྱུར་པའི་བཤད་ཚུལ་ཡོད་ལ། རྒྱ་ཡིག་ཏུ་འགྲེལ་མ་སོང་བར་ལྷག་བསྡད་ཡོད་པའི་ཚི་ཆང་མཁར(刺羌城)ཟེར་བའམ་ལྡོང་མཁར་ཞེས་པའི་གནའ་མིང་དེས་ཟི་ལིང་མཁར་རམ་ལྡོང་ཟི་ལིང་གི་མཁར་ཞེས་ཐག་ཆོད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་ཡུལ་ཆེན་པོ་ཙོང་ཁ་ཞེས་པར་གནའ་བོའི་ལྡོང་ཟི་ལིང་གིས་གཞིས་བཟུང་བའི་ཡུལ་ཁམས་ཡིན་པ་དང་། ཡིག་རྙིང་དུ་གསལ་ལྷང་ངེར་ཡོད་པ་ལྟར་དུས་རབས་བདུན་པ་དང་བརྒྱད་པ་ཙམ་ནས་བོད་བཙན་པོའི་བློན་ཆེན་ཕོ:ཁྲྀ་འབྲིང་དང་བློན་ཁྲྀ་བཟང་དང་ཞང་སྟོང་རྩན:དང་ཞང་བཙན་བ་སོགས་ཀྱིས་དབང་བསྒྱུར་ཅིང་། བོད་བཙན་པའི་རྒྱལ་རབས་འཐོར་ཤུལ་དུའང་བོད་བཙན་པའི་རྒྱལ་རྒྱུད་ཙོང་ཁ་རྒྱལ་པོ་སོགས་བོད་རང་གི་རུས་རྒྱུད་རྨ་མེད་པ་དག་གིས་དབང་བསྒྱུར་པའི་ཡུལ་ཡིན་པ་དེ་ལོ་རྒྱུས་ཡིག་ཚང་གང་སར་གསལ་པས་ན་འདིར་རྒྱས་བཤད་ཀྱི་ཚིག་ཉོག་བསྐྱུང་རྒྱུ་ཡིན་ལ། རྗེས་སུའང་བོད་ཙོང་ཁའི་ཡུལ་ཆེན་པོ་དེར་མཁས་ཆེན་དང་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་དག་བགྲང་བ་ཡིན་ན། གནམ་གྱི་སྐར་ཚོགས་མཇུབ་རྩིས་བྱས་པའི་ངལ་བ་ལས་མ་འདས་པ་ཞིག་ཡིན་སྟབས། འདིར་ཨ་ཕ་དང་ཨ་མ་ཞེས་པའི་བརྡ་དོན་དེ་སྐྱེས་ཕོ་མོ་དང་ལོ་རྒན་གཞོན། མཁས་བླུན་ཀུན་གྱིས་ཐོས་མ་ཐག་ངལ་མེད་དུ་བག་ལ་འཐིམ་བསྡད་ཡོད་པ་ལྟ་བུའི་སྐྱེས་ཆེན་ཁ་ཤས་ཤིག་བགྲང་བ་ཡིན་ན། སྐུ་འབུམ་ཚོ་དྲུག་གི་ཡུལ་དུ་འཁྲུངས་པའི་ངེས་པ་དོན་གྱི་རྒྱལ་བ་གཉིས་པ་རྗེ་བདག་ཉིད་ཆེན་པོ་གངས་ཅན་མཁས་པའི་གཙུག་རྒྱན་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ། ཙོང་ཁ་བིས་མདོར་འཁྲུངས་པའི་པན་ཆེན་སྐུ་ཕྲང་བཅུ་བ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་དང་། ད་ལྟ་བོད་སྤྱི་བོ་གནམ་བསྟན་ཀུན་གྱི་ཕ་ཚབ་མ་ཚབ་ལྟ་བུར་བཞུགས་བསྡད་ཡོད་པའི་འཛམ་གླིང་མཁས་པའི་གཙུག་རྒྱན་རྒྱལ་དབང་སྐུའི་ཕྲེང་བ་བཅུ་བཞི་བ་ཆེན་པོ་བསྟན་འཛིན་རྒྱ་མཚོ་བཅས་ཀྱི་འཁྲུངས་ཡུལ་ཡིན་པ་བཅས་ཀྱིས་བོད་ཀྱི་ཡུལ་ཆེན་པོ་ཙོང་ཁ་ཞེས་པའི་གནའ་དེང་གི་གཞིས་འཛིན་པའི་བཅུད་ཀྱི་ཆ་དེར་སེམས་ཀྱི་སོག་ལེ་ཤིང་ལ་མི་འགྲོ་བ་དག་ལ་མ་གཏོགས་ནམ་ལངས་ལངས་ཉི་མ་ཤར་ཤར་དུ་གྱུར་ཡོད་དོ།།
བཞི་བ། ཙོང་ཁའི་གནས་ཆེན།
འདིར་ཤིན་ཏུ་ཉུང་ངུར་བསྡུས་ཏེ་རགས་བསྡུས་ཀྱིས་ངོ་སྤྲོད་བྱ་རྒྱུ་སྟེ། མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་ཕུ་ལ་ཡང་རྫོང་ངམ་པདྨོ་ཆོས་རྫོང་ནི་ཙོང་ཆུའི་ལྷོ་རྒྱུད་ཀྱི་གྲོ་ཚང་ས་ཆའི་ཡང་རྫོང་ལུང་བ་རུ་ཡོད་ཅིང་། མདོ་སྨད་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚགས་སོགས་སུ་བོད་ཀྱི་བཙན་པོ་ཨུ་དུམ་བཙན་པོས་ནང་པའི་བསྟན་པ་བསྣུབས་རྗེས། དབུས་གཙང་ནས་བྲོས་བྱོལ་དུ་སླེབས་པའི་གཙང་རབ་གསལ་དང་དམར་ཤཱཀྱ་མུ་ནེ་གཉིས་གནས་འདིར་ཡུན་རིང་བཞུགས་མྱོང་ཞིང་། སྤྱི་ལོ་༡༦༡༩ལོར་གྲོ་ཚང་དགོན་བཀྲ་ཤིས་ལྷུན་པོ་བཞེངས་རྗེས་ཕུ་ལ་ཡང་རྫོང་ནི་གྲོང་ཚང་རྡོ་རྗེ་འཆང་དང་གྲོ་ཚང་དགོན་བཀྲ་ཤིས་ལྷུན་པོའི་གྲྭ་པ་རྣམས་ཀྱིས་སྒྲུབ་པ་ཉམས་ལེན་བྱེད་པའི་གནས་གཙོ་བོར་གྱུར། གྲོ་ཚང་རྡོ་རྗེ་འཆང་གི་བྲག་ཚང་སྐུ་ཕྲེང་གསུམ་པ་བློ་བཟང་དབང་ཕྱུག་སྐལ་བཟང་རྒྱ་མཚོས་ཕུ་ལ་ཡང་རྫོང་དུ་མ་དྲོས་འདུ་ཁང་གྱན་དགུ་ཅན་ཞིག་བཞེངས་པ་བཅས་སྔ་རྗེས་སུ་སྐྱེས་ཆེན་དམ་པ་མང་པོའི་སྒྲུབ་པ་ཉམས་ལེན་མཛད་ཡུལ་དུ་གྱུར་ཡོད།
མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་ཤྭ་བ་རི་རྫོང་ནི་ཟི་ལིང་ཤར་ཕྱོགས་དམར་གཙང་རྫོང་གི་ནུབ་ཡུལ་ལྗོངས་ཕུན་སུམ་ཚོགས་པར་ཆགས་ཡོད་ལ། གནའ་སྔ་མོར་ཡུལ་ལྗོངས་ཕུན་སུམ་ཚོགས་པ་འདི་ནི་ཤྭ་བས་རྩེད་འཇོར་རོལ་བའི་གནས་དབེན་པ་ཞིག་ཡིན་པས་ཤྭ་རྫོང་ཞེས་པའི་མིང་དུ་བཏགས་སྐད། རྗེས་སུ་བྱ་ཁྱུང་དགོན་པ་འདེབས་པ་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་སོགས་གནས་འདིར་ཡུན་རིང་དུ་བཞུགས་ཤིང་སྒོམ་སྒྲུབ་མཛད་པ་དང་ཀརྨ་སྐུ་ཕྲེང་བཞི་པ་རོལ་བའི་རྡོ་རྗེ་ཆེན་པོ་ཧོར་གྱི་རྒྱལ་རབས་བཅུ་བ་ཐོ་ཀན་ཐེ་མུར་གྱིས་གདན་ཞུས་ཀྱིས་ཕེབས་དུས་ཤྭ་རྫོང་རི་ཁྲོད་དུ་བཞུགས་མྱོང་བ་སོགས་སྐྱེས་ཆེན་དམ་པ་མང་བོའི་བསྒྲུབ་གནས་རྙིང་གྲས་ཤིག་ཡིན། གཞན་མཁས་པ་མི་གསུམ་གྱི་སྒོམ་གནས་ཀྱི་ཡ་གྱལ་དན་ཏིག་དགོན་ནི་ད་ལྟ་བ་ཡན་རྫོང་གསེར་གཞུང་ཞང་གི་ཨ་མ་བྲག་མོ་ཆེ་ཡི་དབུས་སུ་དུས་རབས་དགུ་པའི་སྨད་དུ་ཕྱག་བཏབ་པའི་བོད་ཀྱི་དགོན་པ་རྙིང་ཤས་ཤིག་ཡིན་ལ། ད་ལྟའི་བར་དུ་མི་ལོ་ཆིག་སྟོང་བརྒྱ་ལྷག་གི་ལོ་རྒྱུས་ཡོད།
གཞན་བྱང་གི་དགོན་ཆེན་བཞི་སྟེ། དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ནི། མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་ས་འཛིན་ཙོང་ལ་རིང་མོར་ཉིན་སྲིབ་ཀྱིས་ཕྱེ་བའི་ཡུལ་ཁམས་ལ་ལྷོ་བྱང་གི་ཆ་གཉིས་ལས། ལྷོ་ཕྱོགས་ཀྱི་ཆར་རྨ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ། ད་ལྟ་ཧྭ་ལུང་རྫོང་ཁོངས་ཀྱི་བྲག་བྱ་ཁྱུང་ཞེས་པའི་སར། རྗེ་ཙོང་ཁ་པའི་ཡོངས་འཛིན་ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་སྤྱི་ལོ་༡༣༤༩ས་གླང་ལོར་ཕྱག་བཏབ་ཅིང་། ད་ལྟའི་བར་ལོ་དྲུག་བརྒྱ་བཞི་བཅུ་ལྷག་ཕྱིན་ཡོད་དེ་དང་།ཆོས་སྡེ་ཆེན་པོ་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་ནི། མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་སའི་ཆ། ཙོང་ཆུ་སྔོན་མོའི་བྱང་རྒྱུད། ད་ལྟ་ཏ་ཐུང་ངམ་རྟ་ཐང་རྫོང་ཁོངས་ཀྱི་གསེར་ལུང་ཞེས་པར་བཙན་པོ་དོན་གྲུབ་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་སྤྱི་ལོ་༡༦༥༠ ལ་ཕྱག་བཏབ་ཅིང་། ད་ལྟའི་བར་ལོ་སུམ་བརྒྱ་བཞི་བཅུ་ལྷག་ཕྱིན་པའི་དགོན་ཆེན་པོ་འདི་དང་། ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་ནི། མདོ་སྨད་ཀྱི་གངྒཱ་གཉིས་པ་ཙོང་ཆུ་སྔོན་མོ་འབབ་ཡུལ་ལ་གདགས་སྲིབ་ཀྱི་ཆ་གཉིས་སུ་བགོས་པ་ལ་ཙོང་ཁ་བདེ་ཁམས་ཞེས་གྲགས་པའི་བྱང་གི་ཆ།དམར་གཙང་བྲག་གི་གཡས་འགྲམ། ད་ལྟ་ཧུའུ་ཀྲུའུ་རྫོང་དུ་འབོད་པ་རུ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་རབ་བྱུང་བཅུ་བའི་ཆུ་ཡོས་༡༦༠༣ལོར་ཕྱག་འདེབས་མཛད་ཅིང་། ད་ལྟའི་བར་མི་ལོ་སུམ་བརྒྱ་དགུ་བཅུ་ལྷག་ཕྱིན་ཡོད། གཞན་ཆུ་བཟང་དགོན་པའམ་ཆུ་བཟང་ན་མི་འགྱུར་དགའ་ལྡན་གླིང་ཞེས་གསོལ་ཞིང་། ཕྱིས་སུ་ཐུབ་བསྟན་རབ་རྒྱས་གླིང་ཞེས་པར་བསྒྱུར། དགོན་འདིའི་གནས་ཡུལ་ནི་ཅོང་ཁ་བདེ་ཁམས་ཀྱི་ཧུའུ་ཀྲུའུ་རྫོང་ནན་མོན་ཞཱ་ཞང་གི་ཁོངས་སུ་གཏོགས་པའི་རྭ་ལོ་ཐང་གི་འབུམ་ལུང་བཀྲ་ཤིས་ཐང་ཞེས་པར་གྲགས་པའི་ས་ཆ་དེར་ཆུ་བཟང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་རྣམ་རྒྱལ་དཔལ་འབྱོར་མཆོག་གིས་སྤྱི་ལོ་༡༦༤༩ལོར་འབུམ་ལུང་བཀྲ་ཤིས་ཐང་དུ་ཕྱག་བཏབ། ཆོས་སྡེ་ཆེན་པོ་འདིར་ད་ལྟའི་བར་དུ་མི་ལོ་སུམ་བརྒྱ་བདུན་ཅུ་ལྷག་སོང་ཡོད་པའི་བྱང་གི་དགོན་ཆེན་བཞི་དང་། དགེ་ལུགས་བསྟན་པའི་སྲོལ་འབྱེད་ཆོས་རྗེ་ཙོང་བ་པ་ཆེན་པོ་བློ་བཟང་གྲགས་པའི་འཁྲུངས་ཡུལ་དུ། སྤྱི་ལོ་༡༥༦༠ལོར་སྒོམ་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་སྐུ་འབུམ་བྱམས་པ་གླིང་ལ་ད་ལྟའི་བར་དུ་མི་ལོ་བཞི་བརྒྱ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཡོད་པ་གཙོས་པའི་རིག་གནས་ཀྱི་གནས་འགང་ཆེན་བགྲང་གིས་མི་ལངས་སོ།།
ལྔ་བ། ད་ལྟའི་ཙོང་ཁའི་བོད་སྡེ།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་མདོ་སྨད་ཀྱི་ཡུལ་ཆེན་པོ་ཙོང་ཁའི་བོད་སྡེ་མང་བོ་ཞིག་མཚོ་ཤར་རྫོང་བརྒྱད་དམ་དགུའི་ནང་དུ་བཅད་བགོས་བྱས་ཡོད་པ་སྟེ།
དང་པོ། ཏ་ཐུང་ངམ་རྟ་ཐང་རྫོང་གི་ལིང་ཇོ་ཞང་དུ་ས་འབུར་སྡེ་བ་དང་ཁྲིམ་ཀོན་ཞང་ཞེས་པར་ལུང་ཆུ་སྡེ་བ་དང་བཐའ་བ་སྡེ་བ། ཞོན་རེངས་ཞང་དུ་མར་ཚང་སྡེ་བ། རྡོ་ལེན་ཞང་དུ། མ་ཧ་སྡེ་བ། ས་དཀར་ཉག་ག་སྡེ་བ། རྡོ་ལུང་སྡེ་བ། གླང་རྒྱ་གོང་མ་སྡེ་བ། གླང་རྒྱ་ཞོལ་མ་སྡེ་བ། གཙང་ལུང་སྡེ་བ། འོ་མ་སྡེ་བ། ཕག་ཕྲུག་སྡེ་བ། ཆིན་ཧྲན་ཞང་ཞེས་པར་རྟ་ར་སྡེ་བ། ས་ཀ་ཏག་སྡེ་བ། པའོ་ཁུའུ་ཞང་ཞེས་པར་རྡོ་ལམ་སྡེ་བ། དགོན་པ་སྡེ་བ། ཨོ་པོ་ཐུའུ་སྡེ་བ།(སོག་སྐད) བ་ཡན་སྡེ་བ། སྐྱིད་ཚང་སྡེ་བ། རྟ་ར་སྡེ་བ། ཧྲོ་པེ་བོད་རིགས་ཞང་དུ། རྟ་ར་སྡེ་བ། སྤྱི་བ་ཞོལ་མ་སྡེ་བ། བླ་བླང་རྩེ་སྡེ་བ། སྤེན་མ་ལུང་སྡེ་བ། དཔའ་ལེན་ཞང་ཞེས་པར་ཕུར་བ་སྡེ་བ། དགོན་པ་སྡེ་བ། ཏུང་ཞ་ཞང་ཞེས་པར་རྡོ་ལུང་སྡེ་བ་དང་རི་མ་སྡེ་བ། སེམས་ཉིད་སྡེ་བ། ཁེས་དམར་སྡེ་བ། རྨ་ཆུ་སྡེ་བ། ཞང་དཔའ་བོད་རིགས་ཞང་དུ་སྟག་ལུང་སྡེ་བ། གཞི་ཁ་སྡེ་བ། ཅིན་ཡང་ཞང་ཞེས་པར་དགོན་ཆེན་སྡེ་བ། དགོན་ཆུང་སྡེ་བ། དགོན་ལུང་སྡེ་བ།
གཉིས་པ། ཧོང་ཀྲུང་རྫོང་ངམ་སྐུ་འབུམ་རྫོང་དུ། ཁྱུང་རྒྱ་བོད་རིགས་ཞང་། ཅོན་ཞོལ་མ་སྡེ་བ་དང་ཐོག་ཁང་སྡེ་བ། ཅོན་གོང་མ་སྡེ་བ། ཐང་གཞུང་སྡེ་བ་དང་ལྷས་རུས་སྡེ་བ།
གསུམ་པ། ཧོང་ཡོན་རྫོང་ངམ་སྟོང་སྐོར་རྫོང་དུ། ཉི་ཟླ་བོད་རིགས་ཞང་། ཐུར་རྒན་སྡེ་བ།སན་ཀུན་སྡེ་བ་དང་ཡོ་ཧྲུས་སམ་སྨན་ཆུ་སྡེ་བ། ཏ་ཧྲི་ཐུག་གམ་རྡོ་རྒན་སྡེ་བ། ཁེས་སེར་སྡེ་བ། ཀ་གྲོང་སྡེ་བ། རྩྭ་སྐྱ་ལུང་ཆེ་བ་སྡེ་བ། རྩྭ་སྐྱ་ལུང་ཆུང་བ་སྡེ་བ། དགོན་པ་སྡེ་བ། ཡེ་ཤེས་སྡེ་བ། དུང་དཀར་སྡེ་བ། ཨོ་ཡོ་གོང་མ་སྡེ་བ། ཨོ་ཡོ་ཞོལ་མ་སྡེ་བ། མོ་རྡོ་སྐྱེ་སྡེ་བ། ཧ་ཁྲིན་སྡེ་བ། འབུམ་ཁང་སྡེ་བ། ཉི་ཟླ་ཉག་ག་སྡེ་བ། ཐུའུ་ཨེར་ཐའེ་སྡེ་བ། ཤུག་ལུང་སྡེ་བ། ཚི་ཧན་སི་སྡེ་བ། ཨོ་ཡོ་ཐང་སྡེ་བ། ཆན་ཐན་སྡེ་བ། རྐ་ཁྲ་མོ་མདོ་སྡེ་བ།
བཞི་བ། ཧུའུ་ཀྲུའུ་རྫོང་ངམ་དགོན་ལུང་རྫོང་དུ། སུམ་མདོ་བོད་རིགས་ཞང་། སུམ་མདོ་སྡེ་བ། དཔལ་ཡོན་སྡེ་བ། རྟ་ར་སྡེ་བ། འབུམ་ཁང་ཁུག་སྡེ་བ། མ་དོང་སྡེ་བ། རྒྱ་ཏིག་གྲོང་རྡལ་དུ། རྒྱ་ཐང་སྡེ་བ། བྲག་ལུང་སྡེ་བ། གླང་ཐུབ་སྡེ་བ། བ་བཟའ་བོད་རིགས་ཞང་དུ། བྱ་ཐང་སྡེ་བ། ཤུག་ལུང་འགག་སྡེ་བ། ཏུང་སན་ཞང་དུ། ཧོར་སྡེ་བ། ཤར་འདན་མ་སྡེ་བ། འདན་མ་སྡེ་བ། བར་མ་སྡེ་བ། ཚར་གུག་མོན་སྡེ་བ། དཔའ་ལེན་སྡེ་བ། ཏུང་གུག་ཞང་དུ། ཐང་ལྷ་སྡེ་བ། ཙན་ཏྲ་སྡེ་བ། ཏུང་ཧོ་ཞང་དུ། ཁེས་དམར་སྡེ་བ། ལེན་ཁྲོན་ཞང་དུ། ཧོར་སྡེ་བ། ཐའེ་ཙི་ཞང་དུ། ཆ་ཁ་སྡེ་བ། བྲག་ལུང་སྡེ་བ། མདོར་སྡེ་སྡེ་བ། ལུག་རྫི་ཐང་སྡེ་བ། སྐེ་ལུང་སྡེ་བ། ཐང་པ་སྡེ་བ། བར་མ་སྡེ་བ། པེན་ཐན་ཞང་དུ། ཉི་མ་སྡེ་བ། པ་ཙ་སྡེ་བ། ནན་མོན་ཞ་གྲོང་རྡལ་དུ། ཆུ་བཟང་དགོན་སྡེ་བ། མོར་གུག་སྡེ་བ། སྟག་ལུང་སྡེ་བ། ཆུ་སྐྱ་གྲོང་སྡེ་བ། རྨ་ཆུ་སྡེ་བ། ཆོས་ཐར་སྡེ་བ། ཧུང་ཡ་ཙི་གོ་ཞང་དུ་དམར་གཙང་སྡེ་བ།
ལྔ་བ། དཔའ་ལུང་ངམ་བ་ཡན་རྫོང་དུ། བ་ཡན་ཞང་། སྐྱིད་ལྷེ་སྡེ་བ། རྡོ་ཆུ་ན་སྡེ་བ། ཁ་གཡང་སྡེ་བ། ཡོ་ལུང་སྡེ་བ། ར་རྫ་སྡེ་བ། དགུན་རྫ་སྡེ་བ། ཧོ་ཆེན་སྡེ་བ། ཆུ་དམར་ཞང་། བཀྲ་ཤིས་གྲོང་སྡེ་བ། ཨ་མགོན་སྡེ་བ། ཆུ་དམར་སྡེ་བ། ཤར་གདོང་སྡེ་བ། མཐའ་མགོ་སྡེ་བ། མཐའ་མགོ་ལ་ཁ་སྡེ་བ། ར་དཀར་རོ་སྡེ་བ། ཁྲ་ཚང་སྡེ་བ། ར་ཤུལ་སྡེ་བ། དམེ་རྒྱ་སྡེ་བ། མཐའ་དམར་སྡེ་བ། གོང་ང་སྡེ་བ། གསེར་གཞུང་བོད་རིགས་ཞང་དུ། གཤོང་བ་སྡེ་བ། ཁྱ་རྒྱ་སྡེ་བ། བྲག་དཀར་རྒྱལ་སྡེ་བ། མཐུ་བ་ཚང་སྡེ་བ། འདན་མ་སྡེ་བ། མདོ་བཞི་སྡེ་བ། རི་གུའུ་སྡེ་བ། ཨ་བོ་བུ་རྒྱུད་སྡེ་བ། རྒྱ་མཁར་སྡེ་བ། རྫོང་སྐྱ་བུ་རྒྱུད་སྡེ་བ། ས་ལེན་པུའུ་ཞང་དུ། དགོན་པ་བན་སྡེ་བ། རྒྱ་ཚང་སྡེ་བ། ཨེར་ཏོང་མོན་སྡེ་བ། ཆགས་ནང་སྡེ་བ། ཐ་རྒྱ་གོང་མ་སྡེ་བ། ཐ་རྒྱ་ཞོལ་མ་སྡེ་བ། ཁོ་ཚེ་ནང་སྡེ་བ། གཞི་སྐྱོང་སྡེ་བ། དགུ་རོང་སྡེ་བ། ཟ་རྒྱ་སྡེ་བ། ཨ་སྔོན་ཞིང་དུ། ཨ་སྔོན་སྡེ་བ། རི་མང་སྡེ་བ། ཕ་ཚང་བུ་རྒྱུད་སྡེ་བ། གླེ་རིང་སྡེ་བ། ཆགས་ལུང་སྡེ་བ། ག་རྒྱ་སྡེ་བ། ཚོམ་ཆུ་སྡེ་བ། པེ་རྒྱ་སྡེ་བ། ལེ་སྟེང་སྡེ་བ། གསེར་ཁོག་སྡེ་བ། རྡོ་རྗེ་ལ་ཁ་སྡེ་བ། སང་སྡེ་སྡེ་བ། ཧོར་རྒྱ་སྡེ་བ། ཚལ་ཕུགས་བོད་རིགས་ཞང་། ཚལ་ཕུགས་སྡེ་བ། ཆུ་ཁོལ་ཐང་སྡེ་བ། སོག་པོ་ར་སྡེ་བ། ཆུ་རྒྱ་གོང་མ་སྡེ་བ། ཆུ་རྒྱ་བར་མ་སྡེ་བ། ཞ་རྒྱ་སྡེ་བ། ཀྲ་ཙྭ་སྡེ་བ། ལུང་བཟུང་ལ་ཀ་སྡེ་བ། ལུང་བཟང་མ་ཀ་སྡེ་བ། ཁྱེད་ཚང་ལ་ཀ་སྡེ་བ། ཆུ་རྒྱ་ཞོལ་མ་སྡེ་བ། གླེ་ཐུང་སྡེ་བ། འཚམས་རིང་སྡེ་བ། རྒྱ་སྐོར་སྡེ་བ། ཐ་རྒྱ་བོད་རིགས་ཞང་། ཐ་རྒྱ་སྡེ་བ། ཀ་ཐུང་སྡེ་བ། འདན་མ་སྡེ་བ། བིས་གྱ་ཅེས་སྡེ་བ། བིས་གྱ་ལ་ཁ་སྡེ་བ། སྡེ་ཚ་སྡེ་བ། དབྱར་ས་སྡེ་བ། གོང་སྐྱ་སྡེ་བ། མཚོ་འདན་མ་སྡེ་བ། སྟག་ལུང་ཞང་དུ། སྟག་ལུང་སྡེ་བ། ན་རྒྱ་སྡེ་བ། བྲག་ཆུ་སྡེ་བ། ཚོད་རྭ་སྡེ་བ། དཔུང་བུ་རྒྱུད་སྡེ་བ། ལ་ཚང་སྡེ་བ། གླེ་སྡེ་སྡེ་བ། སྟོང་རྒྱ་སྡེ་བ། འོ་སོ་སྡེ་བ། བ་ཤི་སྡེ་བ། བ་རྒྱ་སྡེ་བ། གྱ་རྒྱ་སྡེ་བ། ཤཀྱཱ་བུ་རྒྱུད་སྡེ་བ། སྤྲེ་ནག་སྡེ་བ། གཡའ་ཆུ་ཐང་སྡེ་བ། མཁར་ལྟག་སྡེ་བ། གནམ་མཚོ་སྡེ་བ། བ་རྒྱ་ཐང་སྡེ་བ། གཤོང་ཤན་བོད་རིགས་ཞང་དུ། གཤོང་ཤན་སྡེ་བ། པདྨ་སྟེང་སྡེ་བ། དཔའ་ཁོ་སྡེ་བ། གཞི་མ་ནང་སྡེ་བ། གདོང་གཞུག་སྡེ་བ། བདེ་འགངས་སྡེ་བ། བོན་རྒྱ་སྡེ་བ། ཇོ་རྒྱ་སྡེ་བ། ལ་སེར་སྡེ་བ། ཆུ་ཤར་སྡེ་བ། ས་སོ་མ་སྡེ་བ། ཆུ་དལ་བུ་རྒྱུད་སྡེ་བ། རྨ་རྒྱ་སྡེ་བ། བ་འགྲོ་སྡེ་བ། བྲང་ཁ་སྡེ་བ། ལྕང་རྩ་སྡེ་བ། མི་ཉག་སྡེ་བ། ལ་ཁའི་ཐང་སྡེ་བ། ཉན་འབེན་སྡེ་བ། རྡོ་ཕུང་སྡེ་བ། ཁ་ཡངས་སྡེ་བ། སྟག་ཚང་ཞང་དུ། བྲག་དཀར་ཐང་སྡེ་བ། སྟག་ཚང་སྡེ་བ། དགོན་བཟང་སྡེ་བ། དབང་རྒྱལ་བུ་རྒྱུད་སྡེ་བ། སྒོ་ཡོག་སྡེ་བ། ལ་ཁ་སྡེ་བ། ཤར་མདའ་སྡེ་བ། དཀྱིལ་རྒྱལ་སྡེ་བ། འགན་རྩ་སྡེ་བ། རྩི་ཆགས་སྡེ་བ། མཐའ་སྒ་སྡེ་བ། ཏ་ལེན་སྡེ་བ། ཨེར་ཐང་ཞང་དུ། དགེ་ཕྱུག་སྡེ་བ། སྐྱོ་ཙ་སྡེ་བ། ཉེ་ནང་སྡེ་བ། ཤ་ཏ་ཧུ་སྡེ་བ། ལུང་ཆེན་སྡེ་བ། གོང་བ་ཐང་སྡེ་བ། ག་རྒྱ་སྡེ་བ། དཀར་བོ་རྫ་སྡེ་བ། ཁོ་ཚེ་སྡེ་བ། རྩ་བ་ཞང་དུ། རྩ་རིང་མོ་སྡེ་བ། འབུམ་ཁང་ཁུག་སྡེ་བ། ཚོམ་ཚང་སྡེ་བ། སྲིང་མདའ་སྡེ་བ། དགོན་མཚེར་སྡེ་བ། རྩ་བ་ཞོལ་མ་སྡེ་བ། གླིང་ལུང་སྡེ་བ། གླིང་རྩ་སྡེ་བ། སྐྱེ་ར་སྡེ་བ། བྲག་དམར་སྡེ་བ། ལུང་བཟང་སྡེ་བ། སྡོང་བོ་ལ་ཁ་སྡེ་བ། ཨ་སྡེ་སྡེ་བ། དཀྱིལ་ཞང་ནང་སྡེ་བ། ཀ་མདོ་ཞང་དུ། ལ་ལོག་སྡེ་བ། ལེབ་རྒྱ་སྡེ་བ། ལ་མོ་སྡེ་བ། འབྲོག་ལུང་སྡེ་བ། སོག་གསུམ་སྡེ་བ། སོག་རྒྱ་སྡེ་བ། ཨ་ཝ་ཐང་སྡེ་བ། ཀ་མདོ་ཐང་སྡེ་བ། ཐང་སྒང་སྡེ་བ། ཉ་མོ་སྡེ་བ། ཨ་དཔའ་སྡེ་བ། རྒྱ་རི་ཆགས་ཞང་དུ། ས་དཀར་ཉིན་སྡེ་བ། གཞི་གསར་སྡེ་བ། སྐྱེ་གཡས་སྡེ་བ། ཞིང་གཞིས་མ་སྡེ་བ། རྩ་རིང་མ་སྡེ་བ། བ་ལུང་སྡེ་བ། གླག་ཚང་སྡེ་བ། བླ་བྲང་ཐང་སྡེ་བ། སེང་དཀར་ཐང་སྡེ་བ། ས་ལ་བཀུག་སྡེ་བ། ར་གོང་མ་སྡེ་བ། བན་རྒན་ཐང་སྡེ་བ། མཚེ་མགུར་ཞང་དུ། མཚེ་མགུ་སྡེ་བ། བར་ཞིང་སྡེ་བ། ཡར་ག་སྡེ་བ། མདོ་བ་ཡར་ནང་སྡེ་བ། གཟེ་ཐང་སྡེ་བ། བོན་པོ་རྒྱུད་སྡེ་བ། ཞོར་ཚང་སྡེ་བ། བོད་རྒྱ་སྡེ་བ། མ་ག་སྡེ་བ། ཁུག་མོ་ཆེ་སྡེ་བ། གཞི་གསར་སྡེ་བ། ཞེ་བཞིན་སྡེ་བ། སྐེ་བར་མ་སྡེ་བ། ཨ་འདར་ཆ་ག་སྡེ་བ། སྡེ་གསར་སྡེ་བ། གོང་གཡས་སྡེ་བ། རྒྱབ་ལོག་སྡེ་བ། ཞན་ཁུག་སྡེ་བ། རྒྱ་ཧོར་ཞང་དུ། ར་རྒན་གོང་མ་སྡེ་བ། ར་རྒན་ཞོལ་མ་སྡེ་བ། རྒྱ་ཧོར་གོང་མ་སྡེ་བ། རྒྱ་ཧོར་ཞོལ་མ་སྡེ་བ། བུ་རྒྱུད་གོང་མ་སྡེ་བ། བུ་རྒྱུད་ཞོལ་མ་སྡེ་བ། ཨ་ཙ་བུ་ཙ་སྡེ་བ། རྩ་རིང་ཐང་སྡེ་བ། འགག་སྡེ་བ། སྦྲུལ་ལོང་སྡེ་བ། ནང་སྟོད་ཞང་དུ། རི་རྒན་ནང་སྡེ་བ། ག་རྒྱ་སྡེ་བ། སྐུ་འབུམ་ནང་སྡེ་བ། གྲམ་པ་ནང་སྡེ་བ། དམེ་རྒྱ་སྡེ་བ། དཀར་བོ་ཐང་སྡེ་བ། ར་ནང་སྡེ་བ། གཤོང་སྡེ་སྡེ་བ། བྱ་ཁྱུང་སྡེ་བ། དབུ་རྩེ་ཐང་སྡེ་བ། དགོན་མཚེར་སྡེ་བ། དགོན་ཞིང་ཁུག་སྡེ་བ། འོ་མ་ལེན་སྡེ་བ། དགོན་པའི་གླིང་སྡེ་བ། ཤིང་རྒྱ་གླིང་སྡེ་བ། གྲམ་སྡེ་སྡེ་བ། གད་དམར་ཕུག་སྡེ་བ། ཏིག་རྒྱ་སྡེ་བ། སན་ཁ་ལ་སྡེ་བ། གོ་རི་ཉག་མ་སྡེ་བ། རྩ་རིང་ཐང་སྡེ་བ། གཡའ་རྩ་སྡེ་བ། གྲོག་རྩ་སྡེ་བ། ཟ་ཧོར་ནང་སྡེ་བ། གླག་མང་སྡེ་བ།
དྲུག་པ། ཞུན་ཧྭ་རྫོང་ངམ་ཡ་རྫི་རྫོང་དུ། རྒྱ་ཞུ་སྡེ་བ་དང་རཀྴི་མདོ་ཞང་དུ། ཨ་མ་ཅར་སྡེ་བ། འབྲོན་ཐང་སྡེ་བ། དཔོང་ཆིས་ཞང་དུ། མགུར་སྐྱོང་སྡེ་བ། རྡོ་སྦིས་ཞང་དུ། དགུ་རུས་སྡེ་བ། ལྕང་ཤར་སྡེ་བ། རྒྱ་མཁར་སྡེ་བ། ཧོར་གྲོལ་པ་སྡེ་བ། ཧོར་རོན་པོ་སྡེ་བ། སེར་སྲུང་སྡེ་བ། ཉིན་པ་སྡེ་བ། མདོ་བ་སྡེ་བ། མདོ་རྩེ་སྡེ་བ། ངོ་རྒྱལ་སྡེ་བ། ལུ་ལུང་སྡེ་བ། འདན་མ་སྡེ་བ། ཁི་དམར་སྡེ་བ། རྒྱལ་ཚང་སྡེ་བ། ཉ་མོ་སྡེ་བ། འོབས་དམར་སྡེ་བ། གཏེར་ཁ་ལུང་སྡེ་བ། འོབས་དམར་མདོ་སྡེ་བ། འོང་རྒྱལ་སྡེ་བ། བླ་མའི་ལུང་བ་སྡེ་བ། པེ་གྲོང་སྡེ་བ། རྒྱ་མོ་སྡེ་བ། ཁྱུང་ཉིན་སྡེ་བ། འོ་སྐོར་སྡེ་བ། ཡ་རུ་སྡེ་བ། མ་རུ་སྡེ་བ། ཀག་ཟླ་སྡེ་བ། བིས་མདོ་བོད་རིགས་ཞང་དུ། ར་གཤོང་སྡེ་བ། མང་ཡུལ་སྡེ་བ། ཧོར་བ་སྡེ་བ། བོན་ཚང་མ་སྡེ་བ། ཁྲིག་ཙི་སྡེ་བ། ལྷ་སྡེ་སྡེ་བ། གཤོང་ཡུལ་སྡེ་བ། འབེར་གཙང་མོ་སྡེ་བ། ར་ལུང་བ་སྡེ་བ། ཤུག་ཚང་སྡེ་བ། གོང་མ་སྡེ་བ། ཅོང་འཇའ་སྡེ་བ། རུ་མང་སྡེ་བ། བར་སྐོར་སྡེ་བ། སྟེང་ཀ་སྡེ་བ། གྲ་སར་ཁུག་སྡེ་བ། འདམ་མ་སྡེ་བ། ཨ་སྡེ་སྡེ་བ། ཉ་གཤོང་སྡེ་བ། འགབ་མ་སྡེ་བ། ལ་མོ་སྡེ་བ། རི་མ་གཤོང་སྡེ་བ། ཡར་རུ་སྡེ་བ། ཉི་སེར་སྡེ་བ། ཇོང་འཇའ་ལ་ཁ་སྡེ་བ། གཤོང་བ་སྡེ་བ། ཉིང་ཚང་སྡེ་བ། ས་བོན་ལ་ཁ་སྡེ་བ། ཁྲ་མྱིག་སྡེ་བ། མར་རུ་སྡེ་བའམ་ད་ལྟ་དཔོན་ཚང་ཞེས་འབོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཁྲུངས་ཡུལ་གྱི་སྡེ་བ། ཀ་རིང་བོད་རིགས་ཞང་དུ། ཡ་ག་སྡེ་བ། མ་ག་སྡེ་བ། ལོ་བ་སྡེ་བ། གཤོང་ས་སྡེ་བ། བར་ལུང་སྡེ་བ། བེའུ་ཐང་སྡེ་བ། གྲོས་ཐང་སྡེ་བ། ཆུ་བཟང་སྡེ་བ། ཤུག་རི་སྡེ་བ། རོང་བོ་སྡེ་བ། རྫོང་གྲམ་སྡེ་བ། རྐང་ཚ་བོད་རིགས་ཞང་དུ། རྐང་ཚ་སྡེ་བ། སོག་པ་སྡེ་བ། ཁ་སོ་སྡེ་བ།
བདུན་པ། ལོའོ་ཏུའུ་ཞན་ནམ་གྲོ་ཚང་ཁུལ་དུ། ཀའོ་མེའོ་གྲོང་རྡལ་གྱི་གླང་རྒྱ་སྡེ་བ། མཱ་ཡན་ཞང་དུ་ལྕང་སྡོང་སྡེ་བ། ལུང་ཁྲུང་སྡེ་བ། ལིས་ཅ་ཞང་དུ་འདམ་འཁོར་སྡེ་བ། ཟླ་བ་སྡེ་བ། ཀྲུང་ལེན་ཞང་དུ་མེ་རྒྱ་བ་སྡེ་བ། བོའུ་རྒྱ་བ་སྡེ་བ། ཧྲིག་ལི་ཞང་དུ་ནང་མ་སྡེ་བ། ཕྱུགས་རྭ་སྡེ་བ། གུང་ཧོ་ཞང་དུ་ལྷ་རི་སྡེ་བ། ས་ལུང་སྡེ་བ། ཁེར་རྒྱ་སྡེ་བ། དཔའ་ལེན་སྡེ་བ། རྟ་ར་སྡེ་བ། ར་ཁོ་སྡེ་བ། རྟ་ར་ཞང་དུ་རྟ་ར་སྡེ་བ། མ་སྡོང་སྡེ་བ། ལ་ཁ་སྡེ་བ། བཀྲ་ཤིས་རྒྱལ་སྡེ་བ། ཧྥུན་དའེ་ཞང་དུ་གཡར་རྩ་གོང་མ་སྡེ་བ། གཡར་རྩ་འགབ་མ་སྡེ་བ། གྲོ་ཚང་གྲོང་རྡལ་དུ་དགོན་ལུང་བན་སྡེ་བ། མདོ་བ་ཡན་སྡེ་བ། གླང་ར་སྡེ་བ། ལུའུ་དཔའ་ཞང་དུ་འབུམ་ཁང་སྒང་སྡེ་བ། ཆིན་རིན་ཞང་དུ་ལུང་མགོ་སྡེ་བ། གྲོང་པ་བོད་རིགས་ཞང་དུ། ཐེ་ཙི་སྡེ་བ། མ་ནི་ལ་ཁ་སྡེ་བ། ས་ཁུག་སྡེ་བ། ཡ་ནང་སྡེ་བ། ཙོང་ཐར་བོད་རིགས་ཞང་དུ། ཙོང་ཐར་ནང་གོང་མ་སྡེ་བ། ཙོང་ཐར་ནང་འགབ་མ་སྡེ་བ། མཐའ་སྐྱོང་ནང་སྡེ་བ། ཚྭ་ལུང་ནང་སྡེ་བ། ཁྲིན་ཐའེ་ཞང་དུ། ར་རྒན་ནང་སྡེ་བ། ཐེམ་ཀླད་ཁ་སྡེ་བ། གཞི་གསར་མ་སྡེ་བ། ཧོར་ར་ནང་སྡེ་བ།
བརྒྱད་པ། མིན་ཧོ་རྫོང་ངམ་དམར་གཙང་རྫོང་དུ། ཁྲོན་ཁུག་གྲོང་རྡལ་གྱི་བྱང་ཐང་སྡེ་བ། ཞིན་མེན་ཞང་གི་དགོན་ཐང་སྡེ་བ། ཆན་ཧོ་ཞང་གི་མང་ར་སྡེ་བ། ཞིན་ཨར་བོད་རིགས་ཞང་དུ། རུ་མང་སྡེ་བ། གཅོད་ཚང་མ་སྡེ་བ། སྒ་མར་ཁ་སྡེ་བ། བཙུན་པ་ལ་སྡེ་བ། ཚ་ལྭ་ལེ་སྡེ་བ། ཐང་ཆེ་སྡེ་བ། སྒ་ཚང་མ་སྡེ་བ། གཤོང་རྒྱ་སྡེ་བ། ས་གཞུག་སྡེ་བ། ཐང་དཀར་སྡེ་བ། སྣང་ར་སྡེ་བ། རི་རྩ་སྡེ་བ། སྒ་ནག་གླས་སྡེ་བ། ནོར་ར་སྡེ་བ། ནོར་རའམ་ནོར་བ་སྡེ་བ། མཁར་ས་སྡེ་བ། སེ་ར་སྡེ་བ། ཏ་གྲོང་ཞང་དུ་ཐང་ཁ་སྡེ་བ་དང་ཐ་བོ་སྡེ་བ།
དགུ་བ། ཕེན་ཨན་རྫོང་ངམ་གཤོང་ཐང་རྫོང་དུ། སོ་རྒྱ་སྡེ་བ། ཞིན་ཅ་གོང་མའམ་སྐར་མ་ཐང་གོང་མ་སྡེ་བ། ཞིན་ཅ་ཞོལ་མའམ་སྐར་མ་ཐང་ཞོལ་མ་སྡེ་བ། པ་རྒྱ་སྡེ་བ། མ་ཅ་ཞོལ་མ་སྡེ་བ། ཨ་མགོན་སྡེ་བ། ལི་ཅ་སྡེ་བ། ཧོ་ཏུང་སྡེ་བ། ཆིན་ཆོན་ནམ་ཆུ་མིག་སྡེ་བ། མ་ཅ་གོང་མ་སྡེ་བ། མགུར་ཞོལ་མ་སྡེ་བ། ཐང་གསར་སྡེ་བ། མགུར་གོང་མ་སྡེ་བ། ཧྲི་ཧོས་ཡའོ་ཞང་དུ་ལྟག་མཚེར་སྡེ་བ་སྟེ་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཁྲུངས་ཡུལ་དང་བཅས་མདོ་སྨད་ཀྱི་ཡུལ་ཆེན་པོ་ཙོང་ཁ་བདེ་ཁམས་ཀྱི་ཡུལ་སྡེ་ཁག་ཅིག་ད་ལྟའི་རྟ་ཐང་རྫོང་དུ་ཧྲོ་པེ་བོད་རིགས་ཞང་དང་ཞང་དཔའ་བོད་རིགས་ཞང་། ཧོང་ཀྲུང་རྫོང་ངམ་སྐུ་འབུམ་རྫོང་དུ་ཁྱུང་རྒྱ་བོད་རིགས་ཞང་། ཧོང་ཡོན་རྫོང་ངམ་སྟོང་སྐོར་རྫོང་དུ་ཉི་ཟླ་བོད་རིགས་ཞང་། ཧུའུ་ཀྲུའུ་རྫོང་ངམ་དགོན་ལུང་རྫོང་དུ་སུམ་མདོ་བོད་རིགས་ཞང་དང་བ་བཟའ་བོད་རིགས་ཞང་། དཔའ་ལུང་ངམ་བ་ཡན་རྫོང་དུ་གསེར་གཞུང་བོད་རིགས་ཞང་དང་ཚལ་ཕུགས་བོད་རིགས་ཞང་། ཐ་རྒྱ་བོད་རིགས་ཞང་དང་གཤོང་ཤན་བོད་རིགས་ཞང་། ཞུན་ཧྭ་རྫོང་ངམ་ཡ་རྫི་རྗོང་དུ་བིས་མདོ་བོད་རིགས་ཞང་དང་ཀ་རིང་བོད་རིགས་ཞང་། རྐང་ཚ་བོད་རིགས་ཞང་། ལོའོ་ཏུའུ་ཞན་ནམ་གྲོ་ཚང་རྫོང་དུ་གྲོང་པ་བོད་རིགས་ཞང་དང་ཙོང་ཐར་བོད་རིགས་ཞང་། མིན་ཧོ་རྫོང་ངམ་དམར་གཙང་རྫོང་དུ་ཞིན་ཨར་བོད་རིགས་ཞང་བཅས་བོད་རིགས་རང་སྐྱོང་གི་ཞང་ཆེན་པོ་བཅུ་དྲུག་དང་བོད་སྡེ་བགྲང་དཀའ་བ་ཞིག་ཡོད་པ་དག་མདོར་བསྡུས་སུ་མཚམས་སྦྱར་བ་དགེའོ།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
འཛམ་གླིང་ཞི་བདེའི་གཙུག་རྒྱན་ཙོང་ཁ་པ།།
བསྟན་འཛིན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་སེམས་དཔའི་ཁྱུ་མཆོག་ཙོང་ཁ་པ།།
ཆོས་ཀྱི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།
ཞེས་བོད་ཀྱི་ཡུལ་ཆེན་པོ་ཙོང་ཁ་བདེ་ཁམས་དང་ཙོང་ཁ་པ་དག་དུས་གསུམ་རྣམ་ཀུན་ཏུ་བོད་ཀྱི་ཆོས་སྲིད་ཀྱི་མཛད་པ་བླ་ན་མེད་པའི་དྲིན་དྲན་པར་བྱས་ཏེ་རགས་ཟིན་དུ་བཀོད་པ་ཡིན་ལ། ལྷག་པར་དུ་ཉེ་སྔོན་བོད་ཀྱི་ལོ་རྒྱུས་དང་འབྱུང་འགྱུར་ལ་གལ་གནད་ཤིན་ཏུ་ཆེ་བའི་ཨ་རིའི་བོད་དོན་གྱི་ཁྲིམས་གཞི་གཏན་འབེབ་གནང་བའི་ནང་དུ་བོད་སྨད་ཕྱོགས་ཀྱི་ཡུལ་ཆེན་པོ་ཙོང་ཁ་ཟིན་མེད་པ་ལགས་ན། གཞུང་དམངས་གཉིས་ཀྱིས་ཐུགས་སྣང་མཛད་རྒྱུ་དང་ལྷག་པར་དུ་བོད་ཙོང་ཁའི་བྱེས་པ་རྣམས་དང་ཤེས་ནས་སྨྲ་བ་དག་གིས་ཕྲན་གྱིས་འདིར་བཀོད་པའི་སྡེ་མིང་ནོར་བ་དང་གོང་འོག་དང་སྔ་རྗེས་འཇོལ་བ། ཆད་ལྷག་དང་ནོར་འཛོལ་གྱི་ཆ་ལ་འཆོས་སྐྱོབ་ཀྱི་ལམ་སྟོན་གནང་རྒྱུ་མཁྱེན་ནོ།། །།
[1] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་83པ།
[2] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་120པ།
[3] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་121པ།
[4] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་139པ།
[5] གཏེར་བཏོན་པ་ཁོད་པོ་བློ་གྲོས་ཐོག་མེད།སྲིད་པ་རྒྱུད་ཀྱི་ཁ་བྱང་།ཟི་ལིང་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།2011ལོ།ཤོག་ངོས་33པ།
[6] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་21
[7] གཏེར་བཏོན་པ་ཁོད་པོ་བློ་གྲོས་ཐོག་མེད།སྲིད་པ་རྒྱུད་ཀྱི་ཁ་བྱང་།ཟི་ལིང་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།2011ལོ།ཤོག་ངོས་34པ།
[8] གཏེར་བཏོན་པ་ཁོད་པོ་བློ་གྲོས་ཐོག་མེད།སྲིད་པ་རྒྱུད་ཀྱི་ཁ་བྱང་།ཟི་ལིང་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།2011ལོ།ཤོག་ངོས་33པ།
[9] གུ་རུ་ཨུ་རྒྱན་གླིང་པ། 《བཀའ་ཐང་སྡེ་ལྔ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་66
[10] མཁས་པ་ལྡེའུ།ཤོག་ངོས་༢༣༡པ།