མུ་གེ་སྒང་ལ་ཟླ་ལྷག

  ཁ་བའི་ཚེར་མ།་(ཉི་ཧོང་།)

                          

དེ་རིང་ཉིན་གང་ལས་ཀའི་བྲེལ་འཚུབ་ཀྱི་བར་ནས་དྲ་ཉུལ་ཙམ་ཡང་བྱེད་ཁོམ་མ་བྱུང་། དགོང་མོ་ནང་ལ་ཐོན་དུས་རྒན་མོས་དེ་རིང་བོད་ལ་ས་ཡོམ་རྒྱུག་འདུག་ཟེར། སེམས་ལ་ཙག་ཤད་ཅིག་དང་མཉམ་དུ་མྱུར་དུ་དྲ་སྒོ་ཕྱེས་དུས། གཏམ་ངན་ཞིག་ལ་མི་བདེན་པ་ག་ལ་ཡོད། ངོ་དེབ་སོགས་ན་བདེན་རྫུན་གྱི་གནས་ཚུལ་དག་ལས་བོད་སྟོད་ཕྱོགས་ཀྱི་དིང་རི་སོགས་ས་མང་པོ་ཞིག་གི་ཡིད་སྐྱོ་བའི་བརྙན་དང་པར་དེ་དག་མཐོང་དུས། ཡུད་ཙམ་ལ་ཅི་ཡང་དྲན་རྒྱུ་མེད་པར་མིག་ལམ་ན་འགུལ་བའི་སྐྱོ་འབོད་དང་གཙབ་རལ་དུ་གྱུར་བའི་ལུང་གཞུང་དག་ལ་ཅེར་ནས་མིག་ཆུ་ཐིག་གཅིག་ཁ་པར་གྱི་འཆར་ངོས་སུ་ལྷུང་བའང་མ་ཤེས། 

                             

ཡུན་གྱིས་བསམ་བློ་རྣལ་བབས་དུས་མིག་གིས་ལྟ་མི་གཟོད་པ། རྣ་བའི་ཉན་མི་གཟོད་པའི་ན་ཟུག་དེ་དག་རེ་རེ་བཞིན་ཉུལ་དུས་རང་ཉིད་ནུས་མེད་ཅིག་སྟེ་སྤུན་ཟླ་ཚོ་དང་ལྷན་དུ་ངུ་ཡང་མ་ཐུབ་པ་འདི་སྐྱོ་བ་ལྷག་མ་ཞིག་དང་སྡུག་བསྔལ་བརྩེགས་མ་ཞིག་ཏུ་གྱུར། སྙིང་སྟོབས་དང་གཏོང་ཅན་རྣལ་མ་ཅན་ཚོར་ཡི་རངས་ཙམ་ལས་ཅི་ཡང་བྱེད་མ་ནུས་པ་འདི་སྐྱོ་བའི་སྒང་ལ་རྡོག་བརྫིས་ཞིག་ཀྱང་རེད། འདིར་ལྟར་རྣ་བ་གླན་དུས་དིང་རི་བ་ཚོའི་ཉེ་འགྲམ་ན་མྱུར་སྐྱོབ་བྱེད་སའི་སྨན་ཁང་ཚད་ལྡན་ཞིག་ཀྱང་མེད་རབས་ཟེར། འདི་མི་ལོ་དྲུག་བཅུ་ལ་བོད་པ་ཟས་ནས་འབྲད་བའི་སྐྱིན་ཚབ་ཙམ་ཡང་མེད་པར། དུ་རུང་བཅིངས་གྲོལ་དང་ཡར་རྒྱས་ཟེར་བའི་ཁ་གཡང་དག་ཚིག་སྐམ་ཞིག་ཡིན་པ་ལྷང་ལ་བུད་པ་མ་ཡིན་ནམ།

                            

ཆེས་སྡུག་རྩུབ་དང་ངན་སེམས་ཞིག་ལ་རོགས་སྐྱོར་སྣ་གཅིག་ཀྱང་མི་བྱེད་པའི་རྒྱ་མི་ཚོ་དིང་རི་ལ་ཁྱི་རྐུན་བཞིན་དུ་འདུར་ཆོག་ཀྱང་། ང་ཚོ་ཤ་རུས་གཅིག་པ་ཚོས་སེམས་ཀྱི་མཚོན་ཙམ་ཁྱེར་ནས་ཐག་ཉེ་ལའང་བཏུད་མི་ཆོག་པ་འདིས་ནམ་རྒྱུན་མི་རིགས་འདྲ་མཉམ་དང་ལྟ་བ་མཉམ་གནས་ཟེར་ནས། མ་ཎི་བཞིན་བགྲང་བའི་སྐད་ཆ་དེའི་རྫུན་རྐུབ་བཏོན་མ་ཡིན་ནམ། ད་དུང་གྲོང་གསེབ་དང་དགོན་པ་དག་ན་རོགས་སྐྱོར་མྱུར་སྐྱོབ་ཕར་ཞོག་གསལ་བསྒྲགས་ཡག་པོ་ཞིག་ཀྱང་བྱས་མེད་པ་འདི་བོད་པ་སྐྱོབ་པ་ཡིན་ནམ་རྒྱ་ནག་འགེབ་པ་ཡིན་ནམ། སྤུན་ཟླ་ཚོ། དིང་རི་བ་ཚོ། ས་ཡོམ་འདི་ང་ཚོ་ལ་མཚོན་ན་མུ་གེ་སྒང་ལ་ཟླ་ལྷག་ཅིག་ཡིན་མོད། ངོ་ཚོས་མིག་ཆུ་ལག་རྒྱབ་ཀྱིས་ཕྱི་བཞིན་སོ་མ་ཁར་བཅིངས་ནས་འགྲེང་ནས་གསོན་དགོས། 

སྐབས་འདིར་ང་ཚོས་མེས་པོ་གོང་མ་རྣམས་ཀྱི་བརླ་བཙོང་མི་ཉན། བོད་མི་རིགས་ཀྱི་མིག་རྫོད་མི་ཉན། ཁྱེད་ཚོའི་རྒྱབ་ན་ལྷ་གསོན་པོ་ཞིག་དང་མི་གྲངས་མེད་ཅིག་ཡོད། དིང་རི་བ་ཚོ། ཤུ་རེ་བྱོས། 

 

 ཁ་བའི་ཚེར་མས་ཉི་ཧོང་ནས།

 ༢༠༢༥ ༠༡ ༡༡་མཇུག་བསྡུས།

 

 

 

 

 

སྔོན་མ།
བོད་སྤྱི་ཚོགས་ཀྱི་སྒྲིག་གཞིའི་འབྱུང་རྒྱུན་ལས། སློབ་གསོ་དང་། སྤྱི་ཚོགས། དད་པའི་བར་གྱི་འབྲེལ་བ་བརྟག་པ།
རྗེས་མ།
རྒྱུན་ལྡན་ཡིག་འབྲིའི་ལག་ལེན་ཁྲོད་དུ་ད་དྲག་འབྲི་ཚུལ་ལ་དཔྱད་པ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up