སྤྱི་ཟླ་༠༧པའི་ཚེས་༡༩ཉིན། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་སུ་འབོད་པའི་ཉིང་ཁྲི་གྲོང་ཁྱེར་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་སམ་ཡར་ཀླུང་གཙང་བའི་ཆུ་རགས་ཞེས་པ་དེ་དངོས་སུ་ལས་མགོ་བཙུག་པའི་ཁྱབ་བསྒྲགས་སྤེལ་ཡོད་འདུག་ལ། ཚོགས་ཐོག་ཏུ་རྒྱ་ནག་གི་སྲིད་བློན་ལིའུ་ཆཱང་མཉམ་ཞུགས་ཀྱིས་ལས་གཞི་དེ་དངོས་སུ་མགོ་བརྩམས་པ་དང་ཆུ་རགས་འཛུགས་པའི་སྐབས་སུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་དང་རང་བྱུང་ཁོར་ཡུག་ལ་གཏོར་བརླག་མི་བྱ་བའི་ཁག་ཐེག་དགོས་པའི་སྐོར་བརྗོད་ནས་དུས་རབས་རང་བཞིན་གྱི་ལས་གཞིའི་རྣམ་གྲངས་སམ་བོད་ཁུལ་གྱི་ཡར་ཀླུང་གཙང་པོའི་ཆུ་རགས་ལས་རྒྱུའི་མགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག
ཡར་ཀླུང་གཙང་བོའི་ཆུ་རགས་དེའི་འགྲོ་སོང་ནི་རྒྱ་སྒོར་ཁྲག་ཁྲིག་ཆེན་མོ་༡དང་ཁྲག་ཁྲིག་༢ལྷག་གམ་རྒྱ་སྒོར་དུང་ཕྱུར་ཁྲི་ཚོ་༡དང་གྲངས་ཆུང་༢ལྷག་ཡིན་འདུག་ལ། དེ་ནི་འཛམ་གླིང་གི་ལོ་རྒྱུས་སྟེང་གི་ལས་གཞིའི་རྣམ་གྲངས་རྐྱང་བའི་ཁྲོད་དུ་འགྲོ་སོང་ཆེ་ཤོས་དེ་ཡིན་ཞིང་། གློག་གི་ཤོང་ཚད་དང་འགྲོ་གྲོན་ཡང་འཛམ་གླིང་གི་ཆུ་རགས་ཆེ་ཤོས་སུ་གྲགས་པའི་སུམ་འགག་རགས་ཆེན(三峡大坝)ཟེར་བའི་ལྡབ་གསུམ་གྱིས་ཆེ་བ་ཡིན་འདུག་ཅིང་། ལོ་བཅུ་ཙམ་གྱི་ནང་དུ་ལས་རིམ་ལྔར་བགོས་ནས་ཐེམ་སྐས་ཀྱི་དབྱིབས་བཞིན་རིམ་པ་ལྔ་ཅན་གྱི་ཆུ་རགས་ཆེན་པོ་ཞིག་གྲུབ་པ་བྱ་རྒྱུ་ཡིན་འདུག
ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་ལས་གཞི་དེས་མི་ཁྱིམ་ག་ཚོད་གཞིས་སྤོ་བྱ་དགོས་མིན་གྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད། ཡིན་ནའང་གནས་ཚུལ་དཔྱད་བརྗོད་པས་སུམ་འགག་རགས་ཆེན་ལ་ཟུར་ལྟ་བྱས་པ་ཡིན་ན། སུམ་འགག་ཆུ་རགས་ཀྱིས་མི་ལོ་ཉི་ཤུའི་རིང་ལ་རྒྱ་ནག་གི་མི་མང་ས་ཡ་གཅིག་ལྷག་ལ་ལས་ཀ་སྤྲད་ཡོད་པ་དང་མཉམ་དུ། རྒྱ་ནག་གི་མི་མང་ས་ཡ་གཅིག་ལྷག་གཞིེས་སྤོ་བྱ་དགོས་བྱུང་ཡོད་པར་གཞིགས་པ་ཡིན་ན། ཡར་ཀླུང་གཙང་པོའི་ཆུ་རགས་ཞེས་པ་དེ་ནི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་འཛུག་རྒྱུ་ཡིན་སྟབས། ཡར་ཀླུང་གཙང་བོའི་ཆུ་རྒྱུད་ཀྱི་བོད་མིར་གོད་ཆག་དང་འཇིགས་སྣང་ལྟ་བུའི་ཉེན་ཁ་འབྱུང་རྒྱུ་ཡིན་པ་དེ་ནི་སྨྲ་མི་དགོས་པ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
གཞན་གནས་ཚུལ་དཔྱད་བརྗོད་པས་བོད་ཁུལ་དུ་ད་ལྟའི་བར་དུ་ཆུ་རགས་ ༡༩༨ ལྷག་བཙུག་ཡོད་པའི་ཁར་ཡར་ཀླུང་སྨད་རྒྱུད་ཀྱི་ཆུ་རགས་འཛུག་རྒྱུའི་ལས་མགོ་བརྩམས་པ་དེས་བོད་མི་རིགས་ཀྱི་འཚོ་གནས་ལ་རྨེག་མེད་ལྟ་བུའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད། ཡར་ཀླུང་གཙང་བོ་ནི་རྒྱ་གར་གྱི་མངའ་སྡེ་བདུན་ལྷག་གི་མི་མང་དང་བྷང་ལ་དྷེ་ཞི་ལ་སོགས་པའི་མི་མང་གི་འཚོ་གནས་ལའང་ཐད་ཀར་འབྲེལ་བསྡད་པ་ཞིག་ཡིན་ལ། རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཀྱི་རྩོད་པ་དེ་ནི་འཕགས་བོད་ས་མཚམས་ཡིན་པ་ལས་རྒྱ་དཀར་ནག་གཉིས་ལ་ས་མཚམས་ཟེར་བ་ཞིག་མེད་པའི་དབང་གིས་ངེས་མེད་ཀྱི་རྩོད་པ་དེ་རྒྱ་ནག་དམར་ཤོག་གི་སྒེར་སྡེམ་ལམ་ལུགས་མ་རྫོགས་པར་དུ་རྒྱུན་ཆད་མི་སྲིད་པ་ཞིག་ཡིན་སྟབས། མ་འོང་བར་རྒྱལ་ཁབ་གཉིས་ཀྱི་བར་ལ་རྩོད་ཉོག་ཙམ་བྱུང་མ་ཐག་རྒྱ་ནག་གིས་རྒྱ་གར་ལ་ཆུ་དགོས་དུས་སུ་མགྲིན་པ་དགག་པ་དང་ཆུ་ལོག་གི་གནོད་སྐྱོན་བཟོ་སྤྱད་གང་རུང་ཞིག་ཏུ་གྱུར་ཡོད་པ་མ་ཟད། དམག་འཁྲུག་ཆེན་པོ་བྱུང་དུས་རྒྱ་གར་གྱི་མགོ་ཐོག་གི་རྡུལ་ཕྲན་མཆོན་ཆ་ལྟ་བུའི་ལག་ཆར་གྱུར་ཡོད་པའི་སྐོར་འགྲེལ་བཞིན་ཡོད་འདུག
ཡར་ཀླུང་གཙང་འགག་རིང་མོ་ནི་འཛམ་གླིང་རང་བྱུང་སྐྱེས་དངོས་ཀྱི་བང་མཛོད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། སྔོན་མ་རྒྱ་ནག་གིས་ཀྱང་ཡར་ཀླུང་གཙང་འགག་ཏུ་འཛམ་གླིང་དུ་མཐོང་མ་མྱོང་བའི་སྐྱེས་དངོས་ཀྱི་རིགས་གསར་རྙེད་བྱུང་བའི་གསར་འགྱུར་མང་བོ་འདོན་བཞིན་ཡོད་ནའང་། ལོ་ཤས་སྔོན་ནས་གསར་འགྱུར་དེའི་རིགས་མཚམས་འཇོག་བྱས་པ་ནས་བཟུང་། རྒྱ་ནག་གི་སྲིད་བློན་ལིའུ་ཆཱང་གིས་ཡར་ཀླུང་ཆུ་རགས་རྒྱག་སྐབས་སུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་དང་རང་བྱུང་ཁོར་ཡུག་ལ་གཏོར་བརླག་མི་བྱ་བའི་ཁག་ཐེག་དགོས་པའི་སྐོར་བརྗོད་པ་དེ་ནི་ཡར་ཀླུང་གཙང་འགག་གཉིས་ལ་སྲུང་སྐྱོབ་བྱ་དགོས་ལུགས་བརྗོད་པའི་རྒྱ་ནག་གི་ཁ་དབྱངས་མཐའ་མ་ལྟ་བུར་ཡང་གྱུར་ཡོད་འདུག
གསར་འགོད་པ། ལྡོང་ལྡེའུ།