རྒྱ་ནག་གི་པེ་ཅིང་སློབ་ཆེན་གྱི་བུད་མེད་དགེ་རྒན་ཆེན་མོ་བ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲོམ་གཞི་སྤྱི་ལ་འགྱུར་བཅོས་གཏོང་དགོས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་འདུག

 

 

སྤྱི་ཟླ་༠༥བའི་ཚེས་༡༣ཉིན།རྒྱ་ནག་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཡུན་ཅེ་ཞེས་པས་གླེང་མོལ་ཚགས་པར་ཞེས་སྟེང་དུ་རྩོམ་ཡིག་ཅིག་སྤེལ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སྒྲིག་གཞི་ལ་སྐྱོན་བརྗོད་ཀྱིས་འགྱུར་བཅོས་གཏོང་དགོས་པའི་སྐོར་འགྲེལ་ཡོད་པ་སྟེ།ཁོང་གིས་དཀའ་བའི་གནས་ལ་འགྱུར་བཅོས་མ་བཏང་ན་སྒྲིག་གཞི་སྐྱོབ་པའི་ཐབས་ཀྱིས་དབེན་པར་འགྱུར་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་ཅིང་།རྩོམ་ཡིག་དེའི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱི་མིང་ཙམ་ཡང་མེད་པ་མ་ཟད།རྒྱ་ནག་གི་སྲིད་བློན་ཟུར་བ་ལིའུ་ཁུ་ཆང་དང་ཝིན་ཅ་པའོ་བཅས་མིང་འདོན་གྱིས་སྲིད་བློན་ཟུར་བ་ཝིན་ཅ་པའོ་ཡིས་ཆབ་སྲིད་ལ་འགྱུར་བཅོས་མ་བཏང་ན་དཔལ་འབྱོར་ལ་འགྱུར་བཅོས་གཏོང་ཐབས་མེད་པའི་གཏམ་བཤད་ལུང་འདྲེན་གྱིས་ཐད་ཀར་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞི་ལ་འགྱུར་བཅོས་གཏོང་དགོས་པའི་སྐོར་ལུང་རིགས་ཀྱིས་བསྒྲུབས་ཡོད་ལ།དེ་ལས་ཀྱང་ཁོང་གིས་ཨ་རིའི་གཞུང་གི་བློ་བདོན་པའི་གྲོས་སུ་གཏོགས་པའི་རྒྱ་རིགས་མཁས་པ་ཡུས་མའོ་ཁྲོང་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་མི་མང་ཁ་ཁར་ངོས་འཛིན་བྱེད་དགོས་པའི་དགོངས་ཚུལ་དེ་ནི་བདེན་པ་ཡིན་པའི་སྐོར་གསལ་བོར་བརྗོད་ཅིང་།རྩོམ་ཡིག་གི་མཇུག་ཏུ་ཆབ་སྲིད་ཀྱི་སྒྲོམ་གཞིར་འགྱུར་བཅོས་གཏོང་དགོས་ཞེས་ལན་གསུམ་ལ་བཟློས་བརྗོད་ཀྱིས་རྩོམ་ཡིག་གི་མཇུག་བསྡུས་ཡོད་པའི་བརྩམས་ཆོས་དེ་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་མོལ་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་འདུག

དགེ་རྒན་ཆེན་མོ་ཀྲང་ཡུན་ཅེ་ནི་རྒྱ་ནག་ཆིན་ཧྭ་སློབ་ཆེན་ནས་མཐར་ཕྱིན་ནས་ཨ་རིར་མི་ལོ་བཅུར་སློབ་གཉེར་གནང་རྗེས་སུ་པེ་ཅིང་སློབ་ཆེན་དུ་ད་ལྟའི་བར་ལོ་ངོ་བཞིའི་རིང་དགེ་རྒན་གྱི་ཕྱག་ལས་གནང་དང་གནང་བཞིན་ཡོད་པའི་སྐོར་བཀོད་ཡོད་འདུག

 

ཕྲན་དཔྱད།

འདས་པའི་མི་ལོ་བཅུ་ལྷག་གི་རིང་ངམ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིང་ཕེན་གྱིས་སྲིད་དབང་བཟུང་བ་ནས་སྲིད་ཇུས་ཇེ་དམ་དུ་བཏང་དེ་བོད་དང་ཤར་དུར་ཅུ་སོགས་རྩ་སྟོངས་སུ་གཏོང་རྒྱུར་ཆེད་དུ་དམིགས་པའི་མི་རིགས་དག་ཕར་ཟད།རྒྱ་ནག་རང་གི་མི་རིགས་ཀྱི་སྨྲ་བརྗོད་རང་དབང་ལའང་བཀག་སྡོམ་ཆེན་པོ་བྱས་ཏེ་ཕལ་ཆེར་དབུགས་གཏོང་ལེན་ལའང་མཉམ་འཇོག་དགོས་པའི་གནས་སུ་གྱུར་པའི་སྐབས་འདིར།དགེ་རྒན་ཆེན་མོ་ཀྲང་ཡུན་ཅེ་ཡིས་རྒྱ་ནག་ཕྱི་ནང་གི་སྤྱི་ཚོགས་ལ་བླ་འབོད་ལྟ་བུའི་བརྩམས་ཆོས་ཤིག་ཡིན་ལ།གཞན་བཀཱང་ཀྲིག་ཧྭ་ནན་ལིས་ཀུང་སློབ་ཆེན་གྱི་སྐྱེས་ཁམས་བཟོ་བསྐྲུན་སློབ་གླིང་གི་གླིང་གཙོའི་ཕྱག་རོགས་ཧན་ཧྲང་ཡཱན་གྱིས་ཀྱང་སྤྱི་ཟླ་བཞི་བའི་ནང་དུ་ཁ་བྱང་ལ་མེ་རྟགས་ཆུང་ངུས་ཡུལ་ཁམས་འགེམས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས་ཐད་ཀར་ཆབ་སྲིད་ཀྱི་སྒྲོམ་གཞི་སྤྱི་ལ་འགྱུར་བ་གཏོང་དགོས་པའི་དགོངས་ཚུལ་གསལ་བོར་གསུངས་ཡོད་ལ།སྤྱིའི་ཆ་ནས་ཁོང་རྣམ་པ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་ཁུལ་དུ་འཚོ་བཞིན་ཡོད་པ་མ་ཟད།དམར་ཤོག་ཚོགས་པའི་སྒྲོམ་གཞིའི་བདེ་འཇགས་ལ་བསམ་བློའི་རྨང་གཞི་འདིང་མཁན་ལྟ་བུར་བསྐྱངས་པའི་མི་སྣ་དག་གིས་སྲོག་ལ་མ་འཛེམས་པར་འདི་ལྟ་བུའི་ཆབ་སྲིད་གྱི་སྒྲིག་གཞི་འགྱུར་བཅོས་གཏོང་དགོས་པའི་དགོངས་ཚུལ་གསུངས་པ་དེས།རྒྱ་ནག་རང་གི་རིག་གནས་པའི་སྡེ་ཡིས་སྒྲིག་གཞི་འདིར་རེ་ཐག་རྦད་དེ་ཆད་ནས་རྩོམ་ཡིག་འདི་ལྟ་བུ་སྤེལ་དགོས་བྱུང་བ་ཞིག་ཡིན་ལ།ཁོང་རྣམ་པའི་སྐྱོན་བརྗོད་དེ་ནི་ལྐོག་ཟ་ལ་སོགས་པའི་བྱེ་བྲག་གི་སྐྱོན་བརྗོད་ཅིག་མ་ཡིན་པར་སྒྲིག་གཞི་སྤྱིའི་ཆ་ནས་ངོས་ལེན་མེད་པ་དེ་མཚོན་གྱིན་ཡོད་ལ།གཞན་རྒྱ་ནག་གི་འབྲེལ་ཡོད་དཔྱད་བརྗོད་པས་རྩོམ་པ་པོའི་རྒྱབ་དཔུང་དུ་ཝིན་ཅ་པའོ་དང་ལེའུ་རའེ་ཧྭན་གྱིས་མཚོན་པའི་སྒྲིག་གཞིའི་ནང་ཁུལ་གྱི་གསར་བརྗེ་བ་དག་ཡོད་ལ།སྣང་ཚུལ་འདིས་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིང་ཕེན་གྱི་སྒེར་སྡེམ་སྲིད་དབང་ལ་གཡོ་འགུལ་ཐེབས་ཟིན་ཡོད་པའི་མཚོན་བྱེད་ཅིག་ཡིན་པར་འགྲེལ་མཁན་ཡང་ཡོད་འདུག

 

གསར་འགོད་པ། ལྡོང་ལྡེའུ།

 

གཤམ་དུ་ཁྱེད་ཀྱིས་གསར་འགྱུར་འདི་དང་འབྲེལ་བའི་དགོངས་ཚུལ་གསུངས་རོགས།

 

 

 

 

སྔོན་མ།
རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་སྟངས། རྒྱ་སྐད།
རྗེས་མ།
༄༅། །ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དཔའ་རིས་ལ་ཕེབས་ནས་འགྲོ་དོན་མཛད་ཚུལ།

Leave a Reply

keyboard_arrow_up