ཨ་རིའི་མཚན་གཞུང་གི་ཐོ་བ་དེ་ནི་འཛམ་གླིང་ནག་ཕྱོགས་ཀྱི་སྒྲིག་འཛུགས་གཏོར་བའི་ཐོ་བ་ཞིག་ཏུ་གྱུར་ཡོད་པའི་སྐོར་འགྲེལ་ཡོད་འདུག

ཨ་རིའི་མཚན་གཞུང་གི་ཐོ་བ་དེ་ནི་འཛམ་གླིང་ནག་ཕྱོགས་ཀྱི་སྒྲིག་འཛུགས་གཏོར་བའི་ཐོ་བ་ཞིག་ཏུ་གྱུར་ཡོད་པའི་སྐོར་འགྲེལ་ཡོད་འདུག

སྤྱི་ཟླ་༠༦པའི་ཚེས་༢༡ཉིན། ཨ་རིའི་མཁའ་དམག་གིB2གཏོར་རྒོལ་གནམ་གྲུ་བདུན་གྱིས་ཨེ་རེང་གི་རྡུལ་ཕྲན་མཚོན་ཆའི་ལྟེ་བ་གསུམ་ལ་གཏོར་རྒོལ་མཐིལ་ཕྱིན་པ་བྱས་ཡོད་འདུག་ལ། མཚན་གཞུང་གི་ཐོ་བ་ཞེས་སུ་བཏགས་པའི་གཏོར་རྒོལ་དེ་ནི་ད་ལྟའི་བར་འཛམ་གླིང་གི་དམག་དོན་ལོ་རྒྱུས་སུ་སའི་གཏིང་རིམ་བཀད་པའི་ཟིན་ཐོ་ཐོག་མར་གྱུར་ཡོད་ཅིང་། ཨ་རིའི་དམག་སྟོབས་ངོམ་སྟངས་གསར་པ་ཞིག་ཏུའང་གྱུར་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་འདུག

གཞན་གསར་འགྱུར་བརྒྱུད་ལམ་ཁག་གཅིག་ཏུ་ཐེངས་འདིའི་གཏོར་རྒོལ་གྱིས་ཨེ་རེང་གི་རྡུལ་ཕྲན་མཚོན་ཆའི་སྒྲིག་གཞི་གཏོར་ཐུབ་མེད་པ་དང་རྫས་སྣུམ་དག་སྔོན་ཚུད་ནས་གནས་གཞན་དུ་སྤོར་ཡོད་ཚུལ་བཤད་ཡོད་ནའང་། ཨ་རིའི་གཞུང་གི་མགྲིན་ཚབ་པ་དང་ཨ་རིའི་ཟུར་ལྔའི་དམག་སྤྱི་བཅས་ཀྱིས་ཁུངས་ལུང་ལྡན་པའི་ངང་ནས་གནས་ཚུལ་དེ་རྫུན་མ་ཡིན་པའི་སྐོར་འགྲེལ་ཡོད་འདུག

རྒྱ་ནག་གི་དཔྱད་བརྗོད་པ་སུང་ཀའོ་ཙོའུ་ཟེར་བས་(BBC)པེ་པེ་ཟེ་གསར་འགྱུར་ལས་ཁང་གི་དྲི་བའི་སྐབས་སུ། ཁྲོམ་ཕུ་སྲིད་གཞུང་གི་ཐེངས་འདིའི་གཏོར་རྒོལ་དེས་ཨ་རིའི་དམག་ཤུགས་དེ་དཀྱིལ་ཤར་ཨེ་ཞི་ཡའི་ས་ཁུལ་དུ་རྩེ་ཕུད་ཀྱི་གོ་གནས་བཟུང་ཡོད་པ་མཚོན་པ་མ་ཟད། ཨ་རི་ནི་འཛམ་གླིང་གི་དམག་ཤུགས་བདག་གིར་འཛིན་མཁན་ཁོ་ན་དེ་ཡིན་པ་བསྟན་ཡོད་ཅེས་བརྗོད་འདུག

འབྲེལ་ཡོད་གནས་ཚུལ་དཔྱད་བརྗོད་པས། ཐེངས་འདིའི་ཨ་རིའི་གཏོར་རྒོལ་དེས་འཛམ་གླིང་གི་ནག་ཕྱོགས་ཀྱི་ལྟེ་བར་གྱུར་པའི་རྒྱ་ནག་དང་ར་ཞི་ཡ། ཨེ་རེང་དང་བྱང་ཀོ་རེ་ཡ་བཅས་ལས་འཇིགས་སྐུལ་རིང་ལུགས་པའི་རྒྱབ་རིའམ་ཨེ་རེང་གི་ནུས་ཤུགས་རྦད་དེ་གཏོར་ཟིན་པ་མ་ཟད། རྒྱ་ནག་དང་བྱང་ཀོ་རེ་ཡའི་ས་འོག་གི་མཚོན་ཆའི་སྒྲིག་གཞི་ལ་བློ་གཏད་མེད་པའི་འཇིགས་སྣང་བསྐུར་ཡོད་ལ། གཞན་ར་ཞི་ཡས་ཡུ་ཁུ་རེན་ལ་བཙན་འཛུལ་བྱས་པའི་དབང་གིས་ར་ཞི་ཡའི་སྲིད་འབྱོར་དམག་གསུམ་གྱི་སྟོབས་ཤུགས་ཀྱི་ཟུངས་ཟད་ལ་ཉེ་བ་བཅས་ཀྱིས། རྒྱ་ནག་གིས་ཐེ་ཝན་ལ་དྲག་རྒོལ་བྱ་རྒྱུའི་རྨི་ལམ་དེའང་ཁ་ཙམ་ལས་དོན་གྱིས་སྟོང་སྟེ་མཚན་གཞུང་གི་ཐོ་བ་དེ་ནི་འཛམ་གླིང་གི་ནག་ཕྱོགས་ཀྱི་ལྟེ་བའི་སྒྲིག་འཛུགས་གཏོར་བའི་ཐོ་བ་ཞིག་ཏུ་གྱུར་ཡོད་པའི་སྐོར་བརྗོད་ཡོད་འདུག

 

གསར་འགོད་པ། ལྡོང་ལྡེའུ།

 

 

སྔོན་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། སུམ་ཅུ་སོ་ལྔ་བ།
རྗེས་མ།
༸སྐུའི་གོ་སྟོན་དང་རྒྱ་གཞུང་གི་དམ་དྲག

Leave a Reply

keyboard_arrow_up