༄༅། །བོད་འབངས་སྐྱོབ་པའི་མགོན་སྐྱབས་བླ་ན་མ་མཆིས་པ་གོང་ས་རྒྱལ་བའི་དབང་བོ་མཆོག་ལ་ཐུགས་གཞེན་བསྐུལ་བའི་ཚིགས་སུ་བཅད་པ་སེམས་ཀྱི་འཇིག་རྟེན་བཞུས་པའི་ཡོན་ཆབ་ཅེས་བྱ་བ།

ཧོར་གཙང་འཇིགས་མེད། (ཨ་རི།)

སྣང་བའི་གཏེར་ཆེན་སྤྲིན་གྱི་རྒྱ་ལས་གྲོལ། །

བྱིན་ཆགས་འོད་ཀྱིས་ས་ཆེན་འགེང་བྱེད་པ། །

ལེགས་བྱས་སྟོང་གིས་བསྐྲུན་པའི་མཆོད་སྡོང་ཆེའི། །

མཐོང་གྲོལ་ཞལ་རས་དེ་རིང་སླར་ཡང་མཇལ། །

 

འཇིགས་པའི་སེམས་ཀྱི་ས་ཡོམ་འཇགས་གྱུར་ཅིང་། །

སྙིང་གི་འཕར་རྩའི་གཅུ་མདུད་ལྷོད་གྱུར་ཏེ། །

རེ་དོགས་སྨུག་སྤྲིན་མཆེད་པ་སེམས་ཀྱི་ནགས། །

དགའ་སྐྱོ་སྨྲེང་བའི་བརླན་གྱིས་ནེམ་པར་གྱུར། །

 

གསེར་གྱི་རི་བོ་བརྡར་བའི་བྱེ་མ་དང་། །

བེེཌཱུརྱའི་རྒྱ་མཚོ་བསྲུབས་པའི་རླབས་ཤུགས་ཀྱིས། །

བདེན་པའི་དངོས་པོ་གཅིག་ཏུ་སྦྲུམས་པ་ཡི། །

གཞིག་བྲལ་རྡོ་རྗེའི་ཁམས་ལ་ཕྱག་འཚལ་ལོ། །

 

ས་ཡ་དྲུག་གི་རེ་སྨོན་གཟུགས་ཅན་བཞིན། །

བསོད་ནམས་ཁྱོན་ཡངས་ནམ་མཁའི་མཐོངས་ཕྱེས་ཏེ། །

བྱམས་བརྩེ་ཞུམ་མ་འཁྱིལ་བའི་སྒྱུ་འཕྲུལ་སྐུ། །

དྭངས་གསལ་འོད་ཀྱི་ངོ་བོར་སླར་ཡང་འཚེར། །

 

མ་བཅོས་ཁོང་ནས་དགའ་བ་འཕྱུར་བའི་རླབས། །

ཟོལ་མེད་གཤིས་ཀྱི་མུ་ཏིག་འཚེར་བའི་འོད། །

ས་ཆེན་བྲང་གི་སྐར་ཚོགས་འཛུམ་པའི་མིག །

ཤིན་ཏུ་དང་བ་འཕྱུར་བའི་མེ་ཏོག་ཡིན། །

 

ཅི་ཞིག་བསྒྲུབ་པའི་འབེན་ལ་དམིགས་པའི་མདའ། །

གང་ཞིག་གནོན་པའི་ལས་ལ་བསྐོས་པའི་ཁྲིམས། །

སུ་ཞིག་སྐྱོང་བའི་འགན་དབང་བསྐུར་བའི་ཁྲི། །

གངས་དཀར་ལྷ་མོའི་མེ་ཏོག་ཁྱོད་ལ་བབ། །

 

ཙོང་ཁའི་སྟག་མོའི་མཚེར་ནས་ཆས་གྱུར་ཏེ། །

ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་སྲིད་བར། །

དཀའ་སྡུག་བར་ཆད་ཀྱ་ཀྱུའི་འཕྲང་རིང་ལམ། །

མངོན་པར་བགྲོད་པའི་འོ་བརྒྱལ་དང་དུ་བླངས། །

 

བྱིས་པའི་འཆར་ཡན་སྲོལ་གྱིས་འཕྲོག་བྱས་ཤིང་། །

ཨ་མའི་རུམ་ཁ་སྲིད་ཀྱིས་འཕྲལ་གྱུར་ཏེ། །

གྲུ་འཛིན་རི་བོའི་གདོད་མའི་མུན་ཁང་དུ། །

སྐྱོ་གྲོགས་བྱི་བ་བསྟེན་པའི་རྒྱལ་སྲས་ཤིག །

 

ལྷ་ཡི་མཚན་བྱང་བརྩིགས་པའི་རྫོང་ནང་དུ། །

ཆོས་ཀྱི་དར་ཆ་གཡོབ་པའི་བསིལ་འོག་ཏུ། །

ཟང་ཟིང་ནང་མའི་གར་གྱིས་དུས་འདའ་བ། །

གསེར་གྱི་རི་བོ་འཕག་པའི་ཁོར་ཡུག་ཡིན། །

 

འདུན་པས་མ་བཙལ་ལུང་གི་ཤིང་ལོ་སྤུངས། །

རྩོལ་བས་མ་བསྐུལ་དབང་གི་སྣུམ་མཛོད་བྱོ། །

སྟོབས་དང་དབང་ཐང་སྒོམ་པའི་མི་རྒན་དག །

ལྷན་སྐྱེས་ལང་འཚོ་སྒྲིབ་པའི་གྲིབ་གཟུགས་འདྲ། །

 

ཉིང་རྡུལ་རླབས་ཀྱིས་ས་ཆེན་འདར་བྱས་ཤིང་། །

འཕྲུལ་འཕུར་རླུང་གིས་རྒྱ་མཚོ་སྐྱོམས་བྱས་ཏེ། །

མི་ལོ་སྟོང་ལ་བརྩིགས་པའི་རྒྱལ་སྲིད་དག །

བྱེ་མར་འཐག་པའི་དམག་ཆེན་མཁའ་ལ་འཕྱུར། །

 

འབར་མདེལ་སྒྱོགས་ཀྱིས་གངས་དཀར་རི་བོ་བསྒུལ། །

དྲག་པོའི་དཔུང་གིས་ཉིན་དང་མཚན་དུ་བསྡིགས། །

ལྷ་འདྲེ་མི་གསུམ་ཕམ་པའི་སྐྱོ་གདུང་མིག །

གང་ལ་གཏད་པའི་རེ་འབོད་བདག་གིར་བཞེས།

 

འཇིག་རྟེན་སྒྱུ་ཐབས་ཇུས་ཀྱིས་ཤེད་རྒྱས་ཤིང་། །

བཙན་སྟོབས་མེ་ཡིས་སྤང་ལྗོངས་སྲེག་བྱེད་པ། །

ཞང་བློན་གདུག་པ་གཟེངས་པའི་ཁ་སྒོ་ན། །

འགྲོ་དྲུག་མཉམ་པར་གཟིགས་པའི་གཞོན་ནུ་གང་། །

 

བྱང་སེམས་ཁ་བས་དཔའ་སྟོབས་མནན་གྱུར་ཅིང་། །

བདག་མེད་ལྟ་བས་གོ་མཚོན་གཞོམ་བྱས་ཏེ། །

སྣང་སྲིད་གཉེན་དུ་ལྟ་བའི་རྒྱལ་ཁམས་སུ། །

བསྟུན་མཁས་ཞི་མཐུན་ལམ་གྱི་བདེན་པ་འདྲ། །

 

ཐིག་ལེ་ཡལ་བའི་སྟག་གི་ཚང་མལ་དང་། །

ཁྲག་གི་མེ་དཔུང་མཆེད་པའི་དཔུང་ཚོགས་གཉིས། །

གཅིག་ཏུ་མོལ་ཏེ་གངས་རིའི་ཞིང་བཀོད་ཀྱི། །

ཁྲག་དང་ཚེ་སྲོག་སྲུང་བའི་ཐབས་ལ་འབད། །

 

འཇའ་ས་ཐོབ་ཀྱིས་མགོ་བོ་འཐོམ་བྱས་ཤིང་། །

བརྒྱ་སྟོང་དཔོན་སའི་རྙི་ཡིས་བྲིད་གྱུར་ཏེ། །

རྒྱལ་སྲིད་གོག་པོའི་རྩིག་གྱང་ལུགས་གྱུར་པ། །

སྡོམ་བྱེད་ཐབས་ཀྱི་ཐག་པ་ཁྱོད་ཀྱིས་བཙལ། །

 

དངུལ་དཀར་ཆར་གྱིས་གཞུང་སྲིད་ཟོས་གྱུར་ཅིང་། །

ཁེ་སྤོག་ཚོང་གིས་གཞིས་ཀ་མནན་གྱུར་པ། །

གསུང་རབ་བྲག་གི་རྫོང་ན་སྒྱུ་ཐབས་མདས། །

བདེན་པ་དམར་གསོད་བྱེད་པའི་ཆོ་འཕྲུལ་ཡོད། །

 

མེ་དབལ་སྒྱོགས་གྱིས་རི་བོའི་འཐོར་ལྕོག་བཅོམ། །

ཤ་ཆེན་འཚིག་དྲིས་ནམ་མཁའི་ལང་ཚོ་སྦགས། །

ཁྲག་དང་ངུ་འབོད་འཐབ་པའི་ཞིང་བཀོད་ནས། །

གླིང་བཞིའི་འོད་ཀྱི་སྣང་བ་མཐོངས་ལ་བསུས། །

 

ཐབས་རྩལ་ཇུས་ཀྱི་བཞུད་པའི་ལམ་བཤངས་ཏེ། །

རང་དབང་འཚོལ་བའི་ལམ་བུར་མངོན་ཕྱོགས་ཀྱང་། །

ཚང་མལ་ཁྲ་ཡིས་གཏོར་བའི་བྱེའུ་ཆུང་བཞིན། །

གང་དུ་སྙོག་པའི་དམིགས་གཏད་ཡོད་མ་ཡིན། །

 

རྟག་ཏུ་འགྲོགས་པ་ནམ་མཁའི་བཞིན་རས་དང་། །

ཤིན་ཏུ་འདྲིས་པ་ས་ཆེན་འགྲམ་པ་ལས། །

མཛའ་བའི་བཤེས་དང་འདྲིས་པའི་གཉེན་མེད་པ། །

མི་ཚོགས་བཞུར་བའི་བྱང་སྟོང་ངང་གིས་འགྲིམས། །

 

ཁེར་རྐྱང་གདུང་བ་བསམ་གཏན་ཟས་སུ་བསྒྱུར། །

དཀའ་སྡུག་ནམ་ཟླ་ངར་ལྕགས་རྣོ་ལ་བསྟིམས། །

འཚེ་བའི་རྒོལ་ངན་སྡུག་པའི་གཉེན་དུ་བསྒོམས། །

ཞི་བདེའི་དཔུང་གི་འཇུག་པ་དེ་ནས་བརྩམས། །

 

གངས་དཀར་ཕ་ཁྱིམ་འོད་ཀྱི་ཞིང་དུ་བསྒྲགས། །

བླ་མཁར་སྨུག་པོ་རིགས་པའི་མཛོད་དུ་བསྒྲུབས། །

དཔུང་གི་རུ་ཚོགས་བྲལ་བའི་ཁེར་བཞུད་ཀྱིས། །

གླིང་བཞིའི་ཚོགས་དྲུག་སྣང་བ་ངང་གིས་བཀུག །

 

རྒྱལ་སྲིད་མངའ་ཐང་སྟོངས་པས་ངལ་གྱུར་ཀྱང་། །

བཙན་སྟོབས་དཔུང་ལ་བྱོལ་བའི་མི་ཡུལ་དུ། །

སླར་ཡང་དམངས་གཙོའི་གཞུང་སྲིད་བསྐྲུན་བྱས་ཏེ། །

གངས་རིའི་སྲོག་དབུགས་དཔག་ཚད་སྟོང་ལ་བསྲིངས། །

 

བ་ལང་སྤྱོད་དང་སྒྲ་མི་སྙན་པ་སོགས། །

སྟོབས་འབྱོར་མངོན་པར་མཐོ་བའི་རྒྱལ་ཁམས་སུ། །

སྐྱོ་ངལ་ཁོང་ལ་མིད་པའི་ཨམ་གཙིགས་ཀྱིས། །

ཞུ་འབོད་བདེན་པའི་རྔ་ཆེན་ཤུགས་ཀྱིས་བརྡུངས། །

 

འཛུམ་གྱི་ཟེར་མ་སྐར་ཚོགས་མིག་ལ་བསྲེས། །

ཧཱུྃ་ཡིག་དམར་འོད་འཁྱག་རོམ་ཀློང་ལ་སྲིང་། །

མཛད་པའི་རྗེས་ཤུལ་མེ་ཡི་རླབས་སུ་འཕྱུར། །

བྲི་གང་མེད་པར་གླིང་བཞི་འོད་ཀྱིས་བསྐྱིལ། །

 

འདྲེ་སྲིན་ལག་པས་ལྷ་ཚོགས་དཀྲུག་གྱུར་ཅིང་། །

འདོད་རྔམ་ཟོར་བས་ནང་རོལ་བྲེག་བྱས་པའི། །

སྤྲེལ་ཕྲུག་ཀླད་རྒྱ་འཁྲུག་པའི་ནམ་ཟླ་དེར། །

ཁྱེད་ཀྱི་ཞལ་རས་དུས་ཀྱི་མདུན་ལ་ཕྱོགས། །

 

གསེར་སྦྱངས་བཙོ་མ་འབར་བའི་རང་མདངས་ཀྱིས། །

ངམ་གནག་ས་ཤུན་གཉེར་མ་གཤགས་གྱུར་ཏེ། །

གོ་ལའི་གདགས་སྲིབ་སྒང་གཤོངས་བར་མེད་དུ། །

སྟོང་ལོ་གསར་བའི་གས་ཆག་མང་ཞིག་གཟིགས། །

 

པགས་པའི་མདོག་གིས་རིགས་ཀྱི་ཁྱད་ཕྱེས་ཤིང་། །

དད་པའི་ཆོས་ཀྱིས་མཆོག་དང་དམན་བཀར་ཏེ། །

བདག་གཞན་བར་ཁྱད་བསྐྲུན་པའི་འདུ་ཤེས་ཀྱིས། །

དགྲ་དང་གཉེན་གྱི་ཆགས་སྡང་འཕེལ་བ་གཟིགས། །

 

ལྷག་བསམ་དག་པའི་བླ་སྲོག་མ་མཆིས་ཤིང་། །

གཞན་ཕན་སྙིང་རྗེའི་ནེམ་གྱིས་མ་བཟུང་བ། །

རང་ཉིད་གཅེས་པར་འཛིན་པའི་རྣོ་དབལ་གྱིས། །

གཞན་གྱི་འཚོ་གནས་འབྲེག་པ་ཡ་རེ་ང་། །

 

འགོག་མེད་བརྩེ་བའི་ཐུགས་ཀྱིས་ཉེར་བཟུང་སྟེ། །

ལྷ་དང་མི་ཆོས་རིགས་པས་དཔྱད་བྱས་པས། །

འཇིགས་མེད་རྒྱལ་སྲས་དཔའ་བོའི་རང་གཤིས་ཀྱི། །

ཐུགས་འགན་རྣམ་བཞིའི་དམ་བཅའ་དེ་ནས་འཁྲུངས། །

 

འགྲོ་དྲུག་མཚོ་ལས་དགེ་རྩའི་ཉ་མོ་འཁྲུངས། །

མགྲོན་ཚོགས་ཤིང་ལས་ཁེ་སྤོག་སིལ་མགོ་སྨིན། །

ནུས་པའི་འབྱུང་གནས་འགྲོ་བ་མི་ཡི་རིགས། །

མཆོག་ཏུ་གཅེས་པའི་ཐུགས་འགན་དང་དུ་བླངས། །

 

ལྷ་མོའི་ཁོར་ཚོགས་སྒོམ་པའི་དཀའ་སྤྱད་དང་། །

ཐམས་ཅད་མཁྱེན་པ་འགྲུབ་པའི་རེ་བ་སོགས། །

བྱམས་བརྩེ་སྲོག་ཏུ་བཟུང་བའི་ཆོས་ལུགས་དག །

གཅིག་ཏུ་མཐུན་པའི་དཀའ་བ་ཕྲག་ཏུ་བཞེས། །

 

སྨིན་པའི་སྙིང་ནས་བྱམས་བརྩེའི་འོ་མ་ལུད། །

ཤེས་རབ་སོ་ཡིས་མུན་པའི་འདབ་ལོ་བཅོམ། །

འཁྱག་ལ་འབྱར་བའི་གྲིབ་གཟུགས་ཞི་བྱེད་པ། །

མཐུན་སྦྱོར་འཕྲུལ་གྱི་ཟམ་པ་ཁྱོད་ཀྱིས་བསྐྲུན། །

 

ལྷ་ཡི་བཀོད་པ་འབྱམས་སུ་ཀླས་པ་གང་། །

མི་ཡི་སེམས་ཉིད་འཕྲུལ་བའི་འཆར་སྣང་སྟེ། །

ཆོས་དང་ཆོས་མིན་ལྟ་དང་ལྟ་མིན་ཀུན། །

བློ་ལྡན་མི་ཡིས་བྱས་པ་ཡང་དག་གཟིགས། །

 

ཞི་བསིལ་བྱམས་བརྩེས་བརླན་པ་ཐུགས་ཀྱི་ནགས། །

སྐྱེ་འགྲོའི་ཁམས་དང་མོས་ངོར་ལྗང་གྱུར་པ། །

བདེན་པའི་བླ་སྲོག་ཞུན་དུ་འཁྱིལ་བའི་མདངས། །

ས་ཆེན་སྒལ་ཚིགས་སྟེང་ན་འོད་ཀྱིས་འགྱུ། །

 

འགྲོ་དྲུག་མཉམ་པར་གཟིགས་པའི་ཐུགས་བསྐྱེད་ཀྱང་། །

གདོང་དམར་འགྲོ་བའི་ལས་དང་སྨོན་པའི་སྟོབས། །

གཅིག་ཏུ་ཟླུམ་པས་གངས་རིའི་ཞིང་ཁམས་ལ། །

ལྷག་པར་བརྩེ་བའི་མཛད་བཟང་མངོན་པར་གསལ། །

 

གནམ་གྱི་གྲུ་གཟིངས་རླུང་གིས་དྲག་སྐྱོམས་ཏེ། །

རིན་ཆེན་སྐུ་ཡི་སྲོག་ལ་རྒོལ་བ་ན། །

ཉམ་ཐག་བོད་མིའི་ལས་དབང་ཉིད་དགོངས་པ། །

བསམ་པ་ཙམ་གྱིས་མགྲིན་པ་རྣོང་པར་བྱེད། །

 

སྐྱེ་མེད་ནམ་མཁའ་ལྟ་བུའི་སྡོད་ལུགས་ལ། །

ཀུན་ཏུ་འཁྲུལ་བས་ཉེས་བརྒྱ་སྐྱེད་པའི་གནད། །

ཧྲུལ་བོར་བྱེད་པ་རྟེན་ཅིང་འབྲེལ་བའི་གཏམ། །

གང་ནས་བརྡོལ་བའི་ཆུ་མགོ་ན་ལནྡྲ། །

 

རྨོངས་པའི་སྐྱེ་བོའི་སྨག་གི་སེམས་ཀྱི་ཁམས། །

དད་པ་ཉིད་དུ་བསྐུལ་བའི་སྨག་བསྲེས་བྱས་ཏེ། །

མུན་པའི་ཀློང་ན་མགོ་བོས་བྲག་རྡུང་བ། །

འགོག་བྱེད་ཤེས་རབ་སྣང་བ་དེ་ནས་སྦར། །

 

ཅི་ཙམ་དཔྱད་པས་རྒྱུ་མཚན་འཕེལ་འགྱུར་ཞིང་། །

ཅི་ཙམ་བསམས་པས་མྱོང་བ་ངོ་འཕྲོད་པ། །

ལོ་ངོ་སྟོང་ལ་བསྲུངས་པའི་ལེགས་སྦྱར་མཛོད། །

འཛམ་གླིང་མཁས་མང་འདུས་པའི་གྲལ་དུ་བཤམས། །

 

དམོད་ཟོར་གཏོར་མས་གླེན་པ་སྤ་བཀོང་ཞིང་། །

ཚ་གྲང་དམྱལ་བས་རྨོངས་པ་འཇིགས་བྱེད་པ། །

དད་པའི་ནོར་དང་ལྡན་རྣམས་སྒོ་ཟོག་བཞིན། །

རང་དབང་བསམ་བློ་འཕྲོག་པ་ཁྱོད་ཀྱིས་བཀག །

 

གློ་བུར་རྣམ་པར་དག་པ་ཆོས་ཀྱི་དབྱིངས། །

གང་གིས་བསྐྱེད་པ་ཕ་རོལ་ཕྱིན་པའི་ལམ། །

མ་བཅོས་གཞི་ཡི་ཆོས་ཉིད་བདེན་པའི་སྟོབས། །

འབྲས་བུའི་རྟགས་ཀྱིས་ཚད་མ་ཉིད་དུ་བསྒྲུབས། །

 

གཟུང་འཛིན་གཉིས་སྟོང་སྣང་སྟོང་ཟུང་འཇུག་སོགས། །

དབུ་སེམས་ལྟ་བའི་གནད་བརྒྱ་གསེད་བཀྲོལ་ཏེ། །

དངོས་ཁམས་ཚན་རིག་མཁས་པའི་ཡང་རྩེ་དག །

ནང་རིག་དབྱིག་གི་མཛོད་དུ་ལྟད་མོར་བསུས། །

 

རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་གྲངས་མེད་ཀྱང་། །

མ་ཚིམས་བསོད་ནམས་ཟད་པ་འགོང་བོའི་སེམས། །

རང་གི་སྲོག་སྙིང་འདྲེ་ལ་གཏོད་བྱེད་པའི། །

རྒྱལ་འགོང་དམ་སྲི་སྐྱབས་སུ་བསྟེན་པ་བཀག །

 

མི་རབས་གསུམ་ལ་དཔྱད་པའི་སྒོམ་བསྒྲུབས་ཏེ། །

གཟུགས་མེད་སེམས་པ་དཀྱུ་བའི་སྨན་གྱི་མཆོག །

ཆོས་ཀྱི་རྒྱ་ལས་འདས་པའི་ཡ་རབས་སྲོལ། །

མཛད་པའི་ཕུལ་དེ་འཛམ་གླིང་ཁྱོན་ལ་ཕྱེས། །

 

ས་ཆེན་འོད་ཀྱིས་འགྲིམས་པས་ཉེར་གཟིགས་ཤིང་། །

རིག་བརྒྱའི་ཉིང་ཁུ་གཞིབས་པས་རྩལ་རྫོགས་ཏེ། །

ལྷ་ཆོས་སྤྲིན་གྱིས་བཀབ་པའི་ཡང་སྟེང་དུ། །

རང་བཞིན་གཤིས་ཀྱིས་དྭངས་པའི་ནམ་མཁའ་མཇལ། །

 

ཅི་ཙམ་སྦྱངས་པས་ཆགས་སྡང་འཕེལ་འགྱུར་ཞིང་། །

ཅི་ཙམ་གོམས་པས་གཞན་དོན་ཁྱད་གསོད་པ། །

དེང་རབས་ལེགས་བྱང་གསར་བའི་འོབས་དོང་དུ། །

འཐབ་རྩོད་འཁྲུག་སློང་ནགས་ལ་མེ་ལྕེ་བཞིན། །

 

གདོད་མའི་ཤེས་རིག་བཀྲེན་པས་ལུས་གྱོང་ཞིང་། །

ཡ་རབས་མི་ཆོས་བོར་བས་སེམས་སྟོངས་པ། །

གཟུགས་ཅན་དངོས་པོས་བསྐྱེད་པའི་བདེ་བ་ཡིས། །

མ་ཚིམས་ཆུ་གཏེར་ཀློང་དུ་སྐོམ་གདུང་བཞིན། །

 

དེས་ཕྱིར་གསུང་རབ་ལོ་འདབ་སྟུག་པོའི་ཀློང་། །

དད་པའི་སོ་འདྲད་ཙམ་ལས་འདས་གྱུར་ཏེ། །

ཕྲ་རགས་གསལ་རིག་སེམས་ཀྱི་འཕོ་འགྱུར་ཀུན། །

འཆོས་པའི་ཐབས་ཚུལ་འཕྲུལ་གྱི་སྒོ་མོ་ཕྱེས། །

 

གཞི་མེད་རྩ་བ་བྲལ་བའི་བྱང་སྟོང་དུ། །

བརྡ་དང་རྟོག་པའི་སྣེ་ན་བཏགས་ཙམ་སྟེ། །

རྒྱུ་དང་འབྲས་བུའི་རྟེན་ཅིང་འབྲེལ་བའི་ཚུལ།།

ཆགས་སྡང་མེ་དཔུང་བཅིལ་བའི་ཐབས་སུ་སྦྲན། །

 

གངས་དཀར་མེ་ཏོག་སྤུངས་པའི་རི་སུལ་དུ། །

བླ་སྤུལ་རྐང་བར་མཆོད་པའི་འདུ་འགོད་ཀྱིས། །

སྲིད་འབྱོར་རིག་པའི་གནས་ལ་རྒྱབ་ཕྱོགས་པས། །

འུ་ཅག་འཛམ་གླིང་མིག་གིས་མཐོང་མ་གྱུར། །

 

མདོ་དབུས་མཐོ་སྒང་དཔུང་གིས་མནན་གྱུར་ཅིང་། །

ཆོས་དང་རིག་པའི་བསྟི་གནས་སྟོངས་བྱས་ཏེ། །

བཙན་པོའི་གདུང་རྒྱུད་རྩད་ནས་གཞོམ་པའི་ཇུས། །

བདེན་པའི་གསུང་གིས་རྩབ་ཅིང་རལ་བྱས། །

 

འཛུམ་པའི་ཞལ་དང་ཡིད་འཕྲོག་མི་གཤིས་ཀྱིས། །

གླིང་བདུན་ཁམས་ལ་གཏོར་བའི་ས་བོན་ལས། །

གདོང་དམར་བོད་ཀྱི་ལས་དབང་ཟོམ་དཀར་ཤིང་། །

དུས་བཞིའི་འགྲོས་དང་ལྷན་ཅིག་ཀུན་ཏུ་ལྗང་། །

 

དྷོ་ལ་རི་བོ་འགྱིང་བའི་མཐོངས་ཞོལ་དུ། །

རིགས་ཀྱི་བདག་པོར་བཞེངས་པའི་བློས་བསླངས་ནས། །

བོད་མིའི་མཚན་མཐོང་དགུང་ལ་བསྟོད་པའི་ཕྲིན། །

འཛམ་གླིང་ས་ཆེན་སྟེང་ན་འཕུར་ཞིང་ལྡིང་། །

 

སྟོབས་ཀྱི་མེས་པོ་སྲོང་བཙན་སྒམ་པོ་ནས། །

རིག་པའི་སྒོ་འབྱེད་ཁྲི་སྲོང་ལྡེའུ་བཙན་གྱིས། །

མ་སྙོབས་གླིང་བདུན་མཚོ་ལྔའི་ཁོར་ཡུག་དག །

བོད་ཀྱི་ཤེས་རིག་སྣང་བས་ཁྱབ་པར་བྱས། །

 

འབྲེལ་མེད་འུད་ཀྱི་བྲག་ཅ་མ་བསྐུལ་ཅིང་། །

ཆོས་བརྫུའི་དོབ་ཀྱི་མངོན་ཤེས་མ་བསྲེས་པར། །

ཆུ་བུར་མིག་གི་སྤྱོད་ཡུལ་ཉིད་གྱུར་པའི། །

མཛད་བཟང་འོད་ཀྱི་དཔང་བོ་བདག་གིས་བགྱིད། །

 

གསེར་དངུལ་གཟི་དང་རྡོ་རྗེ་ཕ་ལམ་སོགས། །

རྡོ་དང་ལྕགས་ཀྱི་འབུལ་བ་མ་མཆིས་ཀྱི། །

བོད་ལ་ཤིན་ཏུ་བརྩེ་བའི་སྙིང་རྗེའི་ཆབ། །

ཅི་ཙམ་མྱངས་པས་དད་གུས་ལྷག་པར་འཕེལ། །

 

གཞོན་པའི་ལང་ཚོ་དར་བ་ཉེར་ལྔའི་སྐུ། །

ཕྱག་གཉིས་བསྣམས་པ་ཙམ་གྱིས་བྱོལ་གྱུར་ཏེ། །

གཞུང་སྲིད་གཞིས་ཆགས་ཆོས་ཀྱི་སྡེ་ལ་སོགས། །

སྒྱུ་འཕྲུལ་ལྟ་བུའི་དཀྱིལ་འཁོར་ཡུད་ཀྱིས་བསྐྲུན། །

 

སྣུམ་མཛོད་ཉིང་རྡུལ་ཞ་ཉེའི་གློག་རྫས་སམ། །

རྡུལ་ཕྲན་འཕུར་མདེལ་ནུས་ལྡན་འགད་རྫས་སོགས། །

ཁེ་སྤོག་ཚོང་གི་རྒྱུ་ཚོགས་བྲལ་བཞིན་དུ། །

གླིང་བཞི་སྐྱོམས་པའི་ཐབས་རྩལ་དེ་ནས་སྤྲུགས། །

 

སྐུ་ཡི་འདབ་མ་བསྙུན་གྱིས་ཉེན་བྱས་ཀྱང་། །

མ་ཅིག་རེ་མ་ཏི་ཡིས་ལུང་བསྟན་བཞིན། །

བོད་འབངས་སྐྱོབ་པའི་མགོན་དུ་བཞུགས་དགོས་པས། །

གཟུགས་སྐུའི་མེ་ཏོག་སྔར་བས་མཛེས་པར་ཤོག །

 

སྐྱོ་དུས་གདུང་འབོད་ཞུ་ས་ཁྱོད་ཉིད་ཡིན། །

ལྟོགས་དུས་ཕོ་བ་བཅོལ་སའང་ཁྱོད་ཉིད་སྟེ། །

བདེ་བའི་དགའ་བ་དུངས་པའི་སྙིང་གི་གཏམ། །

ཁྱོད་ལས་གཞན་པའི་ཞུ་ཡུལ་སུ་ཞིག་མཆིས། །

 

ཅི་ཙམ་དྲིན་གྱིས་བསྐྱངས་པ་མི་ཚོར་ཞིང་། །

ཅི་ཙམ་སྐུ་ངལ་བསྐྱོན་ཀྱང་མི་མཐོང་བའི། །

བསོད་ཟད་འགོང་བོའི་རིགས་ཅན་དེ་དག་གིས། །

དྲིན་ལན་ལོག་པར་འཇལ་བ་ཐོལ་ལོ་བཤགས། །

 

ཡང་དག་མཛད་པས་ཡིད་དབང་འཕྲོག་གྱུར་ནས། །

མཁས་པའི་ཕུལ་དང་སྲིད་ཀྱི་རྒྱལ་བློན་སོགས། །

ས་ཡ་དྲུག་ལས་རིིང་དུ་འདས་གྱུར་པའི། །

མི་ཚོགས་བྱེ་བས་དགའ་གུས་དང་དུ་ལེན། །

 

དད་རྫས་དཀོར་གྱིས་ཁྱིམ་རྒྱུད་མ་གསོས་ཤིང་། །

རིན་ཆེན་དངོས་ཟོག་ཕུག་ཏུ་མ་ཉར་བར། །

བསྟན་སྲིད་མི་རིགས་འདི་ཡི་བདེ་ཐབས་སུ། །

ཅི་ཡང་གཏོང་བའི་རྒྱལ་སྲས་དཔའ་བོ་ཆེ། །

 

རྒ་བའི་ཆོས་ཉིད་ལྡོག་ཏུ་མེད་པ་ཡིས། །

སྐུ་ཡི་གཞོན་མདངས་སོ་ན་མི་སྡོད་ཀྱང་། །

སྐུ་དཀྱེལ་ཟིལ་བ་ཁྲོམ་མེར་བཞུགས་པ་ཡིས། །

ས་ཡ་དྲུག་གི་སེམས་སྟོབས་དེ་ནས་འཕེལ། །

 

འཇིགས་སྐྲག་སྣང་བས་བརྩིགས་པ་སྐྱབས་ཀྱི་རི། །

རེ་བའི་སེམས་ཀྱིས་བྲིས་པ་ལྷ་སྐུའི་གཟུགས། །

གདུང་འབོད་ངག་གིས་སྐྱེད་པ་བྲག་ཆའི་རླབས། །

འདོད་འདུན་རེ་སྨོན་སྤུངས་པའི་རྒྱབ་རི་ཆེ། །

 

གནམ་གྱི་ཞལ་རས་འཐོར་ནས་བརྡབ་གྱུར་ཀྱང་། །

ས་ཆེན་ཁ་སྤུའི་རི་ཚོགས་གཞོམས་ཀྱང་རུང་། །

གང་ཞིག་ཚབ་ཀྱིས་མཚོན་པར་མི་ནུས་པའི། །

ཁ་བ་ཅན་གྱི་བླ་སྲོག་ཁྱོད་ཉིད་ཡིན། །

 

ཟབ་དང་བརླིང་བའི་སེམས་གཤིས་མི་ལྡན་རུང་། །

རྩེ་གཅིག་ཡིད་ཀྱིས་དང་བ་གསེར་བཟང་བཞིན། །

གཡོ་དང་ལྷད་ཀྱིས་གཞར་ཡང་མ་སྦགས་པས། །

རེ་ཞིང་སྨོན་པའི་དོན་འབྲས་སྨིན་པར་ཤོག །

 

གཞོན་པའི་དུས་ནས་དེ་རིང་ཉི་མའི་བར། །

སེམས་ཀྱི་ཐག་གཅོད་མང་ཞིོག་ནོར་གྱུར་ཀྱང་། །

རང་ཡུལ་སྤངས་ཏེ་ཁྱོད་ཀྱི་རྗེས་སྙེག་པ། །

ཡང་དག་ལམ་འདི་ལྷ་ཡིས་བསྐུལ་བ་འདྲ། །

 

འཁོར་བའི་འཁོར་ལོ་འདི་ཡི་ཆོ་འཕྲུལ་གྱིས། །

ཉམས་སད་སེམས་ཀྱི་འདབ་མ་རྒྱས་གྱུར་པས། །

ཁྱོད་ཀྱི་བདེན་པའི་རང་ཞལ་ལྷག་པར་གསལ། །

སྙིང་རྗེའི་གཏེར་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །

 

རིན་ཆེན་ཕྱག་གིས་ཡང་ཡང་རེག་གྱུར་པའི། །

བྱིན་རླབས་གཏེར་དུ་གྲུབ་པ་བདག་གི་མགོས། །

སླར་ཡང་ཁྱོད་ལ་གུས་པས་བཏུད་བྱས་ན། །

མྱུར་དུ་བར་ཆད་མཚན་མ་ཞི་བར་ཤོག །

 

གཉིས་མེད་རྒྱུད་དང་རྣལ་འབྱོར་བླ་མེད་སོགས། །

དབང་སྐུར་དབུ་ཆང་བཞིན་དུ་འཐུང་བྱས་ཀྱང་། །

དམ་ཚིག་གཉན་པོར་ལྷོད་གཡེངས་ཤོར་གྱུར་པས། །

ཆོས་ཀྱིས་ངན་སོང་བསྒྲུབས་པ་ཐོལ་ལོ་བཤགས། །

 

ཚིག་དང་དོན་ལ་གོ་རིག་བཟང་བ་ཡིས། །

ལྷག་མཐོང་ཆེན་མོར་འདྲིས་ཤིང་སྤྱོད་འཇུག་གི །

བཟོད་དང་བསམ་གཏན་ལེའུར་གོམས་དགོས་པའི། །

ནང་མའི་ཞལ་གདམས་དེའང་འགྲུབ་མ་གྱུར། །

 

དེ་ལྟར་བསམས་ན་བདག་དང་བདག་འདྲ་བའི། །

འཁོར་དང་རྗེས་འཇུག་དག་གིས་ཐུགས་བྱུང་སྟེ། །

སྐུ་ཡི་ལྟེམས་པ་བདག་གིར་བཞེས་གྱུར་ན། །

རྣམ་དག་ཐུགས་ཀྱི་དབྱིངས་སུ་ཐོལ་ལོ་བཤགས། །

 

ཚོགས་སྦྱོར་ལམ་ནས་ཀུན་ཏུ་ལྡང་གྱུར་ཏེ། །

རབ་ཏུ་དགའ་བའི་ས་ལ་མངོན་ཕྱོགས་པ། །

བྱང་ཆེན་འཕགས་པའི་རླབས་ཆེན་ཐུགས་སྐྱེད་ཀྱིས། །

ཉམ་ཐག་བོད་འབངས་ད་དུང་བསྐྱང་བར་མཛོད། །

 

དཔག་པར་དཀའ་བའི་དུས་ཀྱི་གོང་རོལ་ཏུ། །

ཕྱུགས་རྫི་ལྟ་བུའི་ཐུགས་མཆོག་བསྐྱེད་གྱུར་ན། །

གནག་ཕྱུགས་ལྟ་བུའི་གདུལ་བྱ་བདག་འདྲ་བ། །

སྐྱོང་བའི་འདུན་པ་མ་ལྷོད་གངས་རིའི་མགོན། །

 

འདི་ནི་སྔ་མོ་ཞིག་ནས་བདག་ཅག་བོད་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་མགོན་སྐྱབས་གོང་ན་མ་མཆིས་པ། བདག་ཅག་བོད་འབངས་ཡོངས་ཀྱིས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། མཐོ་སྒང་གི་མི་རིགས་འདི་དང་འདིའི་བླ་སྲོག་ཏུ་གྱུར་པའི་རིག་གནས་རྣམས་འཆི་ལམ་ནས་སྐྱོབ་པའི་ལས་གང་ལའང་བག་ཚ་བ་མེད་པར་འཇུག་པའི་སྙིང་སྟོབས་དང་བྱམས་བརྩེའི་བདག་ཉིད་ཆེན་པོ། འཛམ་གླིང་གི་ས་ཆེན་པོར་རི་སྒུལ་མཚོ་སྐྱོམས་ཀྱི་རྡབ་གསིག་གཏོང་མཁན་དཔུང་ཚོགས་ཀྱི་མདུན་ན་བདེན་པ་དང་ཞི་བདེའི་རེ་འབོད་ཕམ་པར་མི་འགྱུར་བའི་མི་ཡུལ་ཡུལ་གྱི་ལྷ་ཆེན་པོ། ཞལ་རས་ཀྱི་འཛུམ་དང་ཕྱག་ཟུང་གི་ཐལ་མོ་ལ་འགྲོགས་ཏེ་ལོ་རྒན་དགུ་ཅུའི་བཤུལ་ལམ་རིང་མོ་འོད་ཀྱིས་དཀྱུས་པའི་མཛད་པ་ལས་དྲངས་ཏེ་གང་ལ་ཐུགས་གཞེན་བསྐུལ་འདོད་ཀྱི་ལྷག་བསམ་གྱི་འདུན་པ་སེམས་ཁོང་དུ་ཡང་ཡང་འཕྱུར་ཀྱང་། ལག་པ་གཉིས་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་གནས་བསྒྲུབ་དགོས་པའི་འབངས་མི་བདག་མེད་ཅིག་ལ་མཚོན་ན། མ་ཤི་བར་དུ་མི་སྒྲུབ་མཐུ་མེད་ཀྱི་རྩོལ་སྒྲུབ་མང་ཞིག་མཆིས་པ་དག་སྐྱུར་འཇོག་བྱ་བའི་གནས་མེད་པའི་སྟེང་ལ། རྣམ་གཡེངས་དང་ལེ་ལོ་བག་མེད་ཀྱིས་དུས་འདས་དང་འདའ་བཞིན་པའི་རྐྱེན་གྱིས་ད་ལྟའི་བར་ནར་ལུས་སུ་གྱུར་པ་དེ་ལྟའང་། ད་རེས་མགོན་པོ་མཆོག་གང་ཉིད་ཀྱི་ཞབས་པུས་ལ་བསྙུན་འཆོས་བྱ་བའི་ཕྱིར་དུ་བགྲོད་ལམ་ཤིན་ཏུ་རིང་བའི་གོ་ལའི་བྱང་རྒྱབ་འདིར་ལན་ཅིག་བྱོན་པ་ལ་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་སྣང་གང་ཞིག་འཕྱུར་བ་སེམས་ཀྱི་དབྱངས་དང་བསྡོངས་ཏེ་ཚིགས་སུ་བཅད་པའི་ལམ་དུ་འགོད་པོ་ནི། རིང་མོ་ཞིག་ནས་མགོན་པོ་མཆོག་ཉིད་ཀྱིས་ཕྱི་རོལ་འཚོ་ཐབས་ནས་སེམས་ཀྱི་ཚོར་འདུའི་བར་གྱི་དགའ་སྐྱོ་ཅི་བྱུང་ལ་སྐྱོབ་ཐབས་སྙོམས་ཐབས་གནངས་པ་སོགས་མཆན་གྱི་བུ་ནང་བཞིན་བསྐྱངས་པར་མཛད་པའི་སློབ་འབངས་ཀྱི་གྲལ་མཐར་གཏོགས་པ་ཧོར་གཙང་འཇིགས་མེད་ཀྱིས་སྤྱི་ལོ་༢༠༢༤ ལོའི་ཟླ་༦ ཚེས་༢༩ ཉིན་གང་ལ་ཐུགས་གཞེན་བསྐུལ་ཅིང་བཀའ་དྲིན་གཏང་རགས་མཚོན་བྱེད་དུ་ཕུལ་བ་ལགས་སོ།།

 

༄༅། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

བེེཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

 

ཏདྱཐཱ།ཨོཾ་བྷཻཥཛྱེ་བྷཻཥཛྱེ།མཧཱ་བྷཻཥཛྱེ་བྷཻཥཛྱེ། རཱཛཱ་སམུངྒ་ཏེ་སྭཱཧཱ།

 

སྔོན་མ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་ལ་སྩལ་བའི་གསུང་འཕྲིན།
རྗེས་མ།
༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཕུལ་བའི་ཤིས་ཚིག

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up