ཀ་རྩོམ་རང་བརྗོད་མ།

འབའ་སྲས། (ཧྥ་རན་སི)

ཀ་རིང་རྡོ་བིས་ཕྱོགས་ནས་ཇག་མ་བྱས།།

ཁ་སྒང་སྡེ་བའི་ནང་ནས་བརྐུས་མ་བྱས།།

ག་ཆུ་ཧུའེ་མོ་ཚོ་ལ་འགྲོག་མ་བཟུངས།།

ང་ཡི་མིང་ལ་བསམ་གཏན་རྒྱ་མཚོ་ཟེར།།

 

ཀ་མདོ་ཨ་ལག་ཚང་གི་ཁྱིམ་མཚེས་ཡིན།།

ཁ་རྒྱ་སྤྲུལ་སྐུ་ཚང་གི་ཉེ་འགྲམ་ཡིན།།

ག་སློག་ངན་གོམས་མེད་པའི་ཁྱིམ་ཚང་ནས།།

ང་ཡི་སྟག་ཤར་ཕོ་ལུས་བཟང་བོ་བླངས།།

 

ཅ་དག་བོད་སྐད་བོད་ཡིག་ཆུང་ནས་སྦྱངས།།

ཆ་ག་ཆོ་ག་བཟང་བའི་ལས་སུ་འབད།།

ཇ་རྐྱང་ཆུ་རྐྱང་སྐྱ་ཟས་བསྟེན་ན་ཡང་།།

ཉ་མོ་གཤོག་དྲུག་འདྲ་བའི་ལུས་རྩལ་འཕེལ།།

 

ཅ་ཅོར་གཏམ་ལ་དགའ་བ་རྒས་ནས་ཆགས།།

ཆ་ལུགས་མི་མཛེས་ངན་གོམས་ད་ནི་ལོབས།།

ཇ་ལས་ཆང་ལ་དགའ་བའི་དུས་སུ་བསླེབས།།

ཉ་ཉོག་མང་བའི་སྒམ་ཆུང་ད་ནི་ཆགས།།

 

ཏ་ཐཱ་ག་ད་འདོན་རྒྱུ་མཚམས་བཞག་ནས།།

ཐ་མག་ཆང་ལ་སྤྱོད་པ་ཐལ་དྲགས་པས།།

ད་ཞག་ཡན་ལག་འཁྲི་ཤིང་རླུང་བུས་འདར།།

ན་གཞོན་སྟོབས་ཀྱི་རྩལ་ཡང་ཉམས་ལ་ཉེ།།

 

ཏ་ལེན་ཕྲག་ལ་འཁུར་ནས་མ་རྒས་ཀྱང་།།

ཐ་གྲུ་ལ་ལུང་ཉུལ་ནས་ངལ་མིན་པའི།།

ད་ལྟ་རང་གིས་མཐོང་བའི་གཟུགས་ཕུང་འདི།།

ན་ཀྲའི་མཇུག་མ་ལྟ་བུར་གྱུར་ལ་ལྟོས།།

 

པ་བཟང་ལྟར་དཀར་ཨ་ཅེ་མཛེས་མ་ཚོར།།

ཕ་སྐད་སྙན་ངག་མ་འབྲི་ཁ་རོགས་སྡོད།།

བ་གླང་བོང་བུ་རོ་རྩ་ལངས་པ་བཞིན།།

མ་མཁོ་མེད་པའི་ཕྱོགས་ལ་ཞིབ་འདང་རྒྱོབས།།

 

པ་མགོ་མ་ཡིན་ཕྱུག་པོའང་མ་ཡིན་པའི།།

ཕ་རྒན་ཞིག་ལ་ཁྱིམ་སྐྱོང་འགན་ཞིག་མཆིས།།

བ་གམ་ཅན་གྱི་ཁྱིམ་ཚང་ཆུང་ཆུང་འདི།།

མ་འཁྱག་མ་སྟོང་སྐྱོང་བར་ཁྱོད་ཀྱི་འགན།།

 

ཙ་རི་རི་བོའི་རྒྱབ་ལོག་ཕྱི་རྒྱལ་དང་།།

ཚ་བ་རོང་གི་མན་ཆད་བོད་ཡུལ་ཀུན།།

ཛ་རེ་ཛོ་རེ་འཛོམས་ས་མགྱོགས་འཕྲིན་ནང་།།

ཝ་ལེར་ཁ་རོག་བསྡད་ན་མི་ལེགས་སམ།།

 

ཙ་ཡ་བྱས་ནས་སྙན་ངག་གྱེར་བ་དང་།།

ཚ་ཚ་འུར་འུར་ཉ་ཉོག་མང་བཤད་ན།།

ཛ་ལང་སྤྱོད་པ་ངན་ལངས་ཆས་སོ་ཞེས།།

ཝ་མོའི་རྔ་མ་རང་ལ་འདོགས་ན་ཐང་།།

 

ཞ་ཡེ་ཆུང་མ་བཟང་བོའི་གཞིས་ཁྱིམ་ནས།།

ཟ་མ་ཞིམ་པོ་བཟས་ནས་མི་སྡོད་པར།།

འ་འུར་རྣ་ལ་གཟན་པའི་མགྱོགས་འཕྲིན་ནང་།།

ཡ་མཚན་དེ་འདྲ་ཉན་རྒྱུ་ཅི་ཞིག་ཡོད།།

 

ཞྭ་མོ་ནས་བཟུང་རྐང་བའི་ལྷམ་ཀོ་བར།།

ཟ་མ་ནས་བཟུང་རྐུབ་ཤོག་གཙང་ཤོག་བར།།

འ་འུར་ངང་ནས་ཚོང་པས་ཚོང་རྒྱག་སར།།

ཡ་མ་ཟུང་ལས་ལྟད་མོ་ཅི་ཞིག་འདུག །

 

ར་མགོ་བསྟན་ནས་ཁྱི་ཡི་ཤ་འཚོང་མཁན།།

ལ་རྒྱ་ངོ་ཚ་གཡུགས་ནས་ལུས་སྟོན་མཁན།།

ཤ་ཡི་གདོང་ན་ངོ་ཚའི་ཞག་མེད་མཁན།།

ས་ཡ་དྲུག་གི་ནང་ན་ཅི་ཙམ་མང་།།

 

ར་མ་ལུག་ཁྱུ་མཉམ་དུ་འབའ་བ་བཞིན།།

ལ་བཤད་ལུང་བཤད་དག་ལ་ཉན་རན་ཅི།

ཤ་ཞིག་བཙོས་ནས་ཆང་ཞིག་འཐུང་བཞིན་དུ།།

ས་མཚམས་ཆུ་མཚམས་བཟུང་ན་མི་ལེགས་སམ།།

 

ཧ་ལོ་མེ་ཏོག་ཅི་ཙམ་མཛེས་ན་ཡང་།།

ལྷ་ཡི་དྲུང་ལ་མཆོད་པའི་ལྷ་རྫས་མིན།།

ཧ་ཧ་ཧེ་ཧེ་རང་སྣང་བསོ་བྱེད་ལས།།

རང་ལ་དགོས་པའི་ཡོན་ཏན་ཏིལ་འབྲུ་ཙམ།།

 

ཨ་ཡེ་ལོ་ལོན་ཚོ་ཡང་དེ་རུ་འདུ།།

ཨ་ཕ་རྒད་པོ་ཚོ་ཡང་དེ་རུ་འཛོམས།།

ཨ་རྒྱ་ཨ་ཅེ་དེ་རུ་ཐུག་ན་ཡང་།།

ཨ་བོ་དགའ་བོ་རང་ག་མ་འགྲོ་ཨ།།

 

༢༠༢༤/༠༩/༢༡ སྔ་དྲོར་རང་ཁྱིམ་ནས།

 

 

སྔོན་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། ཚན་པ་བཅུ་བ།
རྗེས་མ།
གྲོང་གི་འཇིགས་པ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up