ཁྱེད་དང་སྨན་ཁང་། ད་དུང་རི་ཆུའི་འཇིགས་སྣང་།

གློག་ཞགས།(ཨ་རི)

ཁྱེད་རང་སྨན་ཁང་དུ་ཕེབས་རྗེས།
ཡོད་ཚད་ཁུ་སིམ་མེར།
སེམས་པ་ཚང་མ་ཐང་ལ་ལྷུང་སོང་།
སྐར་ཚོགས་ལ་མཆི་མ་འཁོར་བཞིན།
ཁྲ་གོར་གོར། མིག་ཆུ་འཁེངས་སོང་།
ནམ་མཁའ་ལ་རེ་བལྟས་ཀྱིས་ཁེངས་བཞིན།
ལྷང་འཇགས་སེར། རླུང་བུ་འགགས་སོང་།

ཁྱེད་རང་སྨན་ཁང་དུ་ཕེབས་རྗེས།
རི་ཚོགས་ཀྱི་རྩེ་མོས་ཨ་རིར་བལྟས་ནས་ཧད་སོང་།
ཁྱེད་རང་སྨན་ཁང་དུ་ཕེབས་རྗེས།
ན་མེ་ཏོག་གི་མགོ་བོ་ས་རུ་བསྙེས་ནས་འཁུམས་སོང་།
ཁྱེད་རང་སྨན་ཁང་དུ་ཕེབས་རྗེས།
གངས་རི་ཧད་སོང་། རྩྭ་ཐང་འཁུམས་སོང་།
ཡོད་ཚད་ཧད་སོང་། ཡོད་ཚད་གུམ་སོང་།

ཁྱེད་རང་སྨན་ཁང་ནས་ཐོན་རྗེས།
ཞབས་ཟུང་། སྒྱུར་ཙམ་སྒྱུར་ཙམ།
གོ་ལ། འགུལ་ཙམ་འགུལ་ཙམ།
ཡབ་ཆེན་གྱི་གངས་རི་དགའ་ནས་ངུ་ལ་ཁད།

ཁྱེད་རང་སྨན་ཁང་ནས་ཐོན་རྗེས།
ཕྱག་ཟུང་། གཡུག་ཙམ་གཡུག་ཙམ།
ནམ་མཁའ། བསྐྱེད་ཙམ་བསྐྱེད་ཙམ།
ཡུམ་ཆེན་གྱི་ཙོང་ཆུ་དྲན་པས་བརྒྱལ་ལ་ཁད།

ཁྱེད་རང་སྨན་ཁང་ནས་ཐོན་རྗེས།
ཞལ་རས། འཛུམ་ཙམ་འཛུམ་ཙམ།
དགའ་བའི་མིག་ཆུ་ཐ་ར་ར།
གསུང་སྐད། ལྡིར་ཙམ་ལྡིར་ཙམ།
དགོད་པའི་ཐལ་སྒྲ་ལྡི་རི་རི།

སྐྱོ་དྲགས་པའི་སེམས་པ་ཁ་ཚིག་གིས་མི་རྡོབ།
རོང་གི་སྐོར་བྲོ་གོར་རོ་རོ། དད་པའི་ཨ་ལུང་ཞིག་ཡིན།
བརྟན་པོར་བཞུགས་རོགས། ལྷ་མོ་དོན་གྲུབ།

དགའ་དྲགས་པའི་ཚོར་བ་སྙན་ཚིག་གིས་མི་འདང་།
འབྲོག་གི་འགུག་གླུ་སང་སང་སང་། དུང་བའི་ཡང་ལུང་ཞིག་ཡིན།
སྐུ་ཚེ་བརྟན་རོགས། བསྟན་འཛིན་རྒྱ་མཚོ།

༢༠༢༤ལོའི་སྤྱི་ཟླ་༨པའི་ཚེས་༢༦ཉིན་ཨ་རིའི་རྒྱལ་ས་ནས་གུས་ཕུལ།

 

 

སྔོན་མ།
རྒྱལ་པོའི་བླ་ཡིག་འོད་འབར། གསུམ་པ།
རྗེས་མ།
༄༅། ། བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའི་རྣམ་བཤད་ཅེས་བྱ་བ་བཞུགས་སོ།།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up