ཨ་རིའི་བོད་རྒྱའི་རྩོད་པ་འདུམ་པར་སྐུལ་བའི་ཁྲིམས་འཆར། (H. R. 533 AN ACT)

སྒྱུར་མཁན། ཀེ་ཐོ།

སྐབས་༡༡༨པའི་གྲོས་ཚོགས་འཚོག་ཐེངས་༢པ།

དོན་ཚན་དང་པོ། ཁ་བྱང་གནད་བསྡུས།

བོད་རྒྱའི་རྩོད་པ་ཐག་གཅོད་བྱ་བར་སྐུལ་པའི་ཁྲིམས་འཆར་ཞེས་སུ་འབོད་རུང་།

དོན་ཚན་གཉིས་པ། ཤེས་རྟོགས།

གྲོས་ཚོགས་ཀྱིས་གཤམ་གྱི་གནད་དོན་ཁག་ཤེས་རྟོགས་བྱུང་ཡོད་པ་སྟེ།

(༡) ཨ་རིས་ཡུན་རིང་ནས་བཟུང་བའི་སྲིད་ཇུས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་དང་ཏཱ་ལའི་བླ་མའི་འཐུས་ཚབ་ཕོ་མོ་གང་རུང་ངམ་བོད་ཀྱིས་དམངས་གཙོའི་ལམ་ནས་བདམས་པའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་བར་དུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་དོན་དང་ལྡན་པའི་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀའི་མི་མཐུན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་བྱ་རྒྱུ་དེ་ཡིན།

(༢) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་འཐུས་ཚབ་བར་ལ་སྤྱི་ལོ་༢༠༠༢ནས་༢༠༡༠ལོའི་བར་དུ་གྲོས་མོལ་ཐེངས་དགུ་བྱས་ཡོད་ནའང་གནད་དོན་ཐག་གཅོད་ཐུབ་པའི་གྲོས་གཞི་ཞིག་འཇོག་ཐུབ་མེད་ལ། སྤྱི་ལོ་༢༠༡༠ལོའི་ཟླ་བ་༠༡པོ་ནས་བཟུང་ཕྱོགས་གཉིས་བར་ལ་དོན་དངོས་ཀྱི་གྲོས་མོལ་གང་ཡང་བྱུང་ཐུབ་མེད།

(༣) མུ་མཐུད་དུ་གྲོས་མོལ་བྱ་རྒྱུའི་བཀག་རྒྱ་གཅིག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དང་ཏཱ་ལའི་བླ་མའི་བར་ལ་དོན་དང་ལྡན་པའི་གྲོས་མོལ་བྱ་རྒྱུར་སྔོན་འགྲོའི་ཆ་རྐྱེན་བཏོན་ནས་གནོན་ཤུགས་སྤྲོད་བཞིན་ཡོད་པ་སྟེ །བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་དགོས་པའི་རེ་འདུན་སོགས་འདོན་བཞིན་ཡོད་ལ། ཏཱ་ལའི་བླ་མས་དེ་ནི་བདེན་པ་མིན་པའི་རྐྱེན་གྱིས་ངོས་ལེན་བྱས་མེད།

(༤) རྒྱལ་སྤྱིའི་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཁེ་དབང་གི་སྤྱི་ཆིངས་ལས་ཚན་པ་དང་པོ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་སྤྱི་ཆིངས་ཀྱི་ཚན་པ་དང་པོའི་ཐག་གཅོད་བཅས་ལས། མི་མང་ཡོད་ཚད་ལ་རང་ཐག་རང་གཅོད་བྱ་རྒྱུའི་ཁེ་དབང་ཡོད་པ་གཞིར་བཞག་ནས། ཁོ་ཚོས་རང་དབང་གིས་རང་གི་ཆབ་སྲིད་ཀྱི་གོ་གནས་གཏན་འབེབ་བྱ་ཆོག་ལ། རང་དབང་གིས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་འཕེལ་རྒྱས་སུ་གཏོང་རྒྱུའི་འཚོལ་སྙེག་བྱ་ཆོག

(༥) ཨ་རིའི་སྲིད་གཞུང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་ནམ་ཡང་འཛིན་མྱོང་མེད།

(༦) རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༩༨ལོའི་སྤྱི་ཟླ་༡༠བའི་ཚེས་༠༥ཉིན་རྒྱལ་སྤྱིའི་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཁེ་དབང་གི་སྤྱི་ཆིངས་ལ་མིང་རྟགས་བཀོད་ཡོད་ལ།  སྤྱི་ལོ་༢༠༠༢ལོའི་སྤྱི་ཟླ༠༣པའི་ཚེས་༢༧ཉིན་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་སྤྱི་ཆིངས་ལའང་མོས་མཐུན་བྱས་ཡོད།

(༧) མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལས་གྲོས་ཆོེད་ཨང་༢༦༢༥བ་འདུས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་གིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་མི་རིགས་ཤིག་གིས་རང་ཉིད་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུའི་ཁེ་དབང་ཡིན་ལ། ཁེ་དབང་དེ་ལག་བསྟར་བྱེད་སྐབས་སུ་རང་བཙན་དང་མཉམ་འབྲེལ་སོགས་ཀྱི་མཇུག་འབྲས་སྣ་མང་ཞིག་ཡོང་ཆོག་ལ། རང་སྐྱོང་གི་རྣམ་པ་གང་རུང་ངམ་ཡང་ན་རྒྱལ་ཁབ་ཅིག་དང་ཡོངས་སུ་ཁ་བྲལ་བ་བཅས་ལ་སྲུང་སྐྱོབ་བྱ་དགོས།

(༨) སྤྱི་ལོ་༡༩༦༡ལོའི་སྤྱི་ཟླ༡༢བའི་ཚེས༢༠ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་དུ་མོས་མཐུན་བྱུང་བའི་གྲོས་ཆོད་ཨང་༡༧༢༣པ་ལས། རང་ཐག་རང་གཅོད་འདུས་པའི་བོད་མི་རིགས་ཀྱི་གཞི་རྩའི་མིའི་ཐོབ་ཐང་དང་རང་དབང་འཕྲོག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད།

(༩) ཕྱི་འབྲེལ་དྲུང་ཆེ་ཨན་ཐའོ་ནའེ་བྷུ་ལེན་ཁིན(Antony Blinken)གྱིས་སྤྱི་ལོ༢༠༢༢ལོའི་སྤྱི་ཟླ༠༥བའི་ཚེས་༢༦ཉིན། ཁ་བྱང་ལ་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བཟུང་བའི་རྣམ་འགྱུར་ཞེས་པའི་གཏམ་བཤད་སྐབས་སུ། རྒྱལ་སྤྱིའི་ལམ་སྲོལ་གཞིར་བཟུང་བའི་མཉམ་འབྲེལ་རྒྱ་ཚོགས་ཀྱི་རྩ་ཁྲིམས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་བཅས་སུ་གསལ་བའི་འགྲོ་བ་མིའི་ཐོབ་ཐང་ཐད། རང་ཐག་རང་གཅོད་དང་བདག་དབང་། ཞི་བའི་ལམ་ནས་རྩོད་པ་ཐག་གཅོད་བྱ་ཐབས་སོགས་ཀྱི་མཚན་ཉིད་འདུས་ཡོད་ལ། དེ་དག་ནི་ནུབ་ཕྱོགས་པས་བཟོས་པ་ཞིག་མིན་པར་འཛམ་གླིང་ཀུན་ཁྱབ་ཀྱི་འདོད་པ་མཚོན་ཡོད།

(༡༠) སྤྱི་ལོ་༢༠༠༢་ལོའི་བོད་ཀྱི་སྲིད་ཇུས་ཁྲིམས་གཞི་(མཆན་བུ། 22 U.S.C. 6901 )ཞེས་པ་དེ་སྤྱི་ལོ་༢༠༢༠ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཞེས་པར་བསྐྱར་བཅོས་བྱས་ཡོད་པ་ལས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གནས། སྐད་ཡིག་དང་ལོ་རྒྱུས་གོང་འཕེལ་ལ་མཐུན་འགྱུར་བྱ་དགོས་པའི་སྐོར་གསལ་བ་དེས། བོད་མི་མང་ལ་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གནས། སྐད་ཡིག་དང་ལོ་རྒྱུས་ཀྱི་གོ་བབས་ཡོད་པ་ངོས་ལེན་བྱས་ཡོད།

(༡༡) ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་གི་སྙན་ཐོ་ཚང་མའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་མང་ལ་མ་ལག་ལྡན་པའི་སྒོ་ནས་དྲག་གནོན་དང་བོད་མི་མང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་འཁོད་ཡོད།

(༡༢) ) སྤྱི་ལོ་༢༠༠༢་ལོའི་བོད་ཀྱི་སྲིད་ཇུས་ཁྲིམས་གཞི་(མཆན་བུ། 22 U.S.C. 6901 )ཞེས་པ་དེ་སྤྱི་ལོ་༢༠༢༠ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཞེས་པར་བསྐྱར་བཅོས་བྱས་ཡོད་པ་ལས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་དམིགས་ཡུལ་གཙོ་བོ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་འཐུས་ཚབ་དང་ཏཱ་ལའི་བླ་མའི་འཐུས་ཚབ་ཕོ་མོ་གང་རུང་ངམ་བོད་ཀྱིས་དམངས་གཙོའི་ལམ་ནས་བདམས་པའི་སྒྲིག་འཛུགས་་ཀྱི་མགོ་ཁྲིད་བར་དུ་དོན་དང་ལྡན་པའི་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀའི་མུ་མཐུན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་བྱ་རྒྱུ་དེ་ཡིན་པ་གསལ་བོར་འཁོད་ཡོད།

དོན་ཚན་གསུམ་པ། སྲིད་ཇུས་བསྒྲགས་གཏམ།

ཨ་རིའི་སྲིད་ཇུས་ནི་འདི་ལྟ་སྟེ།

(༡) བོད་མི་མང་ནི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གནས། སྐད་ཡིག་དང་ལོ་རྒྱུས་ཀྱི་ངོ་བོ་ལྡན་པའི་མི་མང་ཞིག་རེད།

(༢) བོད་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་རྩོད་པ་ནི་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་འདུས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་སྟེ། སྔོན་འགྲོའི་ཆ་རྐྱེན་མེད་པར་ཞི་མོལ་གྱི་ལམ་ནས་ཐག་གཅོད་བྱ་དགོས།

(༣) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཏཱ་ལའི་བླ་མའི་ལོ་རྒྱུས་འདུས་པའི་བོད་ཀྱི་ལོ་རྒྱུས་དང་། བོད་མི་མང་དང་བོད་ཀྱི་སྒྲིག་འཛུགས་བཅས་ལ་འཁྱོག་བརྗོད་བྱེད་པའི་གནས་ཚུལ་རྫུན་མ་ཁྱབ་བསྒྲགས་བྱ་རྒྱུ་མཚམས་འཇོག་བྱ་དགོས།

(༤) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཁེ་དབང་གི་སྤྱི་ཆིངས་དང་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་སྤྱི་ཆིངས་ཀྱི་འོས་འགན་ཡོད་ཚད་ལག་བསྟར་བྱ་རྒྱུར་སྐུལ་འདེད་བྱ་དགོས།

(༥) སྤྱི་ལོ་༢༠༢༠ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཞེས་པ་གཞིར་འཛིན་དགོས་པ་སྟེ།

(ཀ) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་དང་ཏཱ་ལའི་བླ་མའི་འཐུས་ཚབ་ཕོ་མོ་གང་རུང་ངམ་བོད་ཀྱིས་དམངས་གཙོའི་ལམ་ནས་བདམས་པའི་སྒྲིག་འཛུགས་་ཀྱི་མགོ་ཁྲིད་བར་དུ་དོན་དང་ལྡན་པའི་གྲོས་མོལ་ལ་སྐུལ་འདེད་དམ་གྲོས་མོལ་གྱི་སྔོན་འགྲོའི་ལས་དོན་ལ་གོ་བསྡུར་བྱ་རྒྱུ་དང་། འབྲེལ་ཡོད་བོད་དོན་གྲོས་ཆོད་ལ་སྐུལ་མ་བྱ་དགོས།

(ཁ) སྲིད་གཞུང་གཞན་དག་གིས་གྲོས་མོལ་གྱི་ལམ་ནས་བོད་དོན་གྱི་གྲོས་ཆོད་མངོན་འགྱུར་ཡོང་བར་ཧུར་ཐག་གིས་མཐུན་འགྱུར་བྱ་རྒྱུ།

(ག) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བོད་མི་མང་གིས་རང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་དང་སྐད་ཡིག་གི་ངོ་བོའི་མངོན་འདོད་བསྒྲུབ་རྒྱུར་སྐུལ་འདེད་བྱ་དགོས།

དོན་ཚན་བཞི་བ། གྲོས་ཚོགས་ཀྱི་ངེས་ཤེས་འཛིན་སྟངས།

གྲོས་ཚོགས་ཀྱི་ངེས་ཤེས་འཛིན་སྟངས་འདི་ལྟ་སྟེ།

(༡) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཀྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་པའི་བཤད་སྟངས་དེ་ལོ་རྒྱུས་ཀྱི་སྟེང་ནས་བདེན་པ་མ་རེད།

(༢) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཀྱིས་མ་ལག་དང་ལྡན་པའི་སྒོ་ནས་བོད་མི་མང་གིས་རང་གི་ཆོས་ལུགས་དང་རིག་གནས། སྐད་ཡིག་དང་ལོ་རྒྱུས། འཚོ་བའི་གོམས་སྲོལ་དང་ཁོར་ཡུག་བཅས་ལ་སྲུང་སྐྱོབ་བྱེད་པའི་ནུས་པར་དྲག་གནོན་བྱེད་ཀྱིན་འདུག

(༣) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཨ་རིའི་ཕྱོགས་ནས་འཆང་བའི་ཏཱ་ལའི་བླ་མའམ་ཁོང་གི་འཐུས་ཚབ་དང་མཉམ་དུ་དོན་དང་ལྡན་པའི་གྲོས་མོལ་བརྒྱུད་ནས་བོད་མི་མང་གི་མངོན་འདོད་འགྲུབ་པའི་གྲོས་ཆོད་ཅིག་འཇོག་ཐུབ་རྒྱུའི་རེ་བ་དེ་བསྐང་ཐུབ་མེད།

(༤) ཨ་རིའི་ཕྱི་འབྲེལ་སྡེ་ཚན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་འབྲེལ་ཡོད་ཀྱི་གནས་ཚུལ་རྫུན་མའི་རིགས་ཏེ། བོད་ཀྱི་ལོ་རྒྱུས་དང་བོད་མི་མང་། ཏཱ་ལའི་བླ་མ་འདུས་པའི་བོད་ཀྱི་སྒྲིག་འཛུགས་བཅས་ཀྱི་སྐོར་ལ་འཁྱོག་བརྗོད་བྱེད་བཞིན་པའི་གནས་ཚུལ་རྫུན་མའི་རིགས་ལ་རྒོལ་ལན་བསློག་དགོས།

དོན་ཚན་ལྔ་བ། སྤྱི་ལོ་༢༠༠༢ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞིར་བསྐྱར་བཅོས།

(ཀ) བོད་ཀྱི་གྲོས་མོལ་ལས། ༢༠༠༢ལོའི་བོད་ཀྱི་སྲིད་ཇུས་ཁྲིམས་གཞི་(མཚན་བུ། 22 U.S.C. 6901 ) ཞེས་པའི་ཚན་པ་༦༡༣ (b) ལ་བསྐྱར་བཅོས་བྱས་ཟིན་ཡོད་པ་སྟེ།

(༡) ཚིག་དུམ་(2)པའི་ཚིག་མཇུག་གི་དང་སྒྲ་དོར་ཟིན་ཡོད། (and)

(༢) ཚན་པ་(3)པའི་མཇུག་གི་རྫོགས་ཚེག་(.)དོར་ནས་དང་སྒྲ་སྦྱར་ཡོད།(and)

(༣) མཐའ་མཇུག་ལ་གཤམ་གྱི་ནང་དོན་ཁ་སྣོན་བྱས་ཡོད་པ་སྟེ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་འབྲེལ་ཡོད་ཀྱི་གནས་ཚུལ་རྫུན་མའི་རིགས་ཏེ། བོད་ཀྱི་ལོ་རྒྱུས་དང་བོད་མི་མང་། ཏཱ་ལའི་བླ་མ་འདུས་པའི་བོད་ཀྱི་སྒྲིག་འཛུགས་བཅས་ཀྱི་སྐོར་ལ་འཁྱོག་བརྗོད་བྱེད་བཞིན་པའི་གནས་ཚུལ་རྫུན་མའི་རིགས་ལ་ཧུར་ཐག་གིས་རྒོལ་ལན་བསློག་དགོས།

(ཁ) ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལས། ༢༠༠༢ལོའི་བོད་ཀྱི་སྲིད་ཇུས་ཁྲིམས་གཞི་(མཚན་བུ། 22 U.S.C. 6901 ) ཞེས་པའི་ཚན་པ་༦༢༡ (d) ལ་བསྐྱར་བཅོས་བྱས་ཟིན་ཡོད་པ་སྟེ།

(༡) ཚིག་དུམ་(6)དང་(7)པ། (8)པ་བཅས་ལ་སོ་སོར་བསྐྱར་དུ་(7)པ་དང་(8)པ། (9)བ་ལྟར་གོ་རིམ་བཞིན་གཏན་འབེབ་བྱས་ཡོད།

(༢) ཚན་པ་(5)བའི་ཚིག་མཇུག་ཏུ་གཤམ་གྱི་ནང་དོན་ཁ་སྣོན་བྱས་ཡོད་པ་སྟེ།

‘(6)ཨ་རིའི་གཞུང་གི་འབྲེལ་ཡོད་ཚན་པ་དང་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལས་དོན་ཚན་པ་མཉམ་འབྲེལ་གྱིས་ཨ་རིའི་གཞུང་གི་བསྒྲགས་གཏམ་དང་ཡིག་ཆ་ཁག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་འཁྱོག་བརྗོད་བྱེད་པའི་གནས་ཚུལ་རྫུན་མའི་རིགས་ལ་རྒོལ་ལན་བསློག་པར་ཁག་ཐེག་བྱ་དགོས། དེའི་ནང་དུ་བོད་མི་མང་དང་བོད་ཀྱི་ལུགས་སྲོལ་གོམས་གཤིས། ཏཱ་ལའི་བླ་མ་དང་བོད་ཀྱི་སྒྲིག་འཛུགས་ལ་འཁྱོག་བརྗོད་བྱེད་པའི་གནས་ཚུལ་རིགས་འདུས་ཡོད།’

(ག) མཚན་ཉིད་ལས། ༢༠༠༢ལོའི་བོད་ཀྱི་སྲིད་ཇུས་ཁྲིམས་གཞི་(མཚན་བུ། 22 U.S.C. 6901 ) ཞེས་པར་བསྐྱར་བཅོས་ཀྱིས་མཇུག་ཏུ་གཤམ་གྱི་ནང་དོན་ཁག་བསྣན་ཡོད་པ་སྟེ།

‘དོན་ཚན། ༦༢༢ མཚན་ཉིད།

‘ཁྲིམས་གཞི་འདིའི་ནང་གི་བོད་ཅེས་པ་དེ་ནི་གཤམ་གྱི་ས་ཁུལ་ཁག་ལ་གོ་དགོས་པ་སྟེ།

‘(༡) བོད་རང་སྐྱོང་ལྗོངས།

‘(༢) སྤྱི་ལོའི་༢༠༡༨ལོའི་བར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་གཏན་འབེབ་བྱས་པའི་བོད་རིགས་རང་སྐྱོང་གི་ས་ཁུལ་ཁག་སྟེ།

(ཀ) ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་དཔའ་རུས་བོད་རིགས་རང་སྐྱོང་རྫོང་།

(ཁ) མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།

(ག) ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་སྤྱང་རིགས་རང་སྐྱོང་ཁུལ། སྨི་ལི་བོད་རིགས་རང་སྐྱོང་རྫོང་།

(ང) ཡོན་ནན་ཞིང་ཆེན་དུ་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།

དོན་ཚན་དྲུག་པ། མ་དངུལ་བཏང་ནས་བོད་ཀྱི་གནས་ཚུལ་རྫུན་མའི་རིགས་ལ་རྒོལ་བ།

སྤྱི་ཁྲིམས་ཨང་116-260 (སྤྱི་ལོ༢༠༢༠ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི།)FFཚན་པའི་ཨང་IIIཡི་ཟུར་མཆན་ཁ་བྱང་Eཡི་དོན་ཚན་346པར་འཁོད་པའི་ཐད་ཀར་མ་དངུལ་འདོན་པའམ་བྱ་ཐབས་གཞན་བརྒྱུད་ནས་མ་དངུལ་མཁོ་སྤྲོད་བྱས་ཆོག་པའི་དབང་ཚད་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་འཁྱོག་བརྗོད་བྱེད་པའི་གནས་ཚུལ་རྫུན་མའི་རིགས་ལ་རྒོལ་ལན་བསློག་པར་ཁག་ཐེག་བྱ་དགོས། དེའི་ནང་དུ་བོད་མི་མང་དང་བོད་ཀྱི་ལུགས་སྲོལ་གོམས་གཤིས། ཏྭ་ལའི་བླ་མ་དང་བོད་ཀྱི་སྒྲིག་འཛུགས་ལ་འཁྱོག་བརྗོད་བྱེད་པའི་གནས་ཚུལ་རིགས་འདུས་ཡོད།

སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་༠༢པའི་ཚེས༡༥ཉིན་གྲོས་ཚོགས་འོག་མར་བཀའ་ཁྲོལ་ཐོབ་ཟིན།

སྔོན་མ།
སྲིད་པའི་ཁ་བརྡ་ནང་གི་མཛད་རྣམ་སྲིད་པ་མགུ་བའི་མཆོད་ཕྲེང་།
རྗེས་མ།
དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གསུང་བཤད།

མཆན།. Leave new

  • འདིའི་ནང་དུ་མཚོ་ཤར་ས་ཁུལ་དེ་འདུས་མི་འདུག། དེ་ནང་བཞིན་ས་ཁུལ་མང་པོ་ཡོད་ཀྱི་རེད། དེ་ཚོ་ལ་ཡང་བསམ་གཞིག་བྱེད་དགོས།

    Reply
  • ཀ་ཉག་ཚེ་རིང་།
    ༢༠༢༤-༠༣-༠༡ ༩:༢༧ am

    ཡིག་ནོར་ཁ་ཤས་འདུག་པ་གང་མགྱོགས་བཅོས་རྒྱུའི་རེ་བ་ཡོད། བཀའ་དྲིན་ཆེ།

    Reply
  • བློ་བཟང་།
    ༢༠༢༤-༠༣-༠༡ ༡༡:༣༢ am

    ༼ཏཱ་ལེ་བླ་མ་འདུས་པའི་བོད་ཀྱི་སྒྲིག་འཛུགས་བཅས་ཀྱི་སྐོར་ལ་འཁྱོག་བརྗོད་བྱེད་བཞིན་པའི་གནས་ཚུལ་རྫུན་མའི་རིགས་ལ་རྒོལ་ལན་བསློག་དགོས༽ ཏཱ་ལེ་ཞེས་བྲིས་འདུག འདི་ནི་རྒྱ་མི་སོགས་༧གོང་ས་མཆོག་ལ་ལོག་བཤད་བྱེད་མཁན་དག་གི་འབྲི་ཚུལ་ཡིན་པས་དག་བཅོས་གནང་རོགས།

    Reply
  • གློག་ཞགས།
    ༢༠༢༤-༠༣-༠༡ ༦:༡༦ pm

    ངོ་མ་རེད། འདི་བོད་རང་གི་འཐུས་ཤོར་རེད། འདིའི་ནང་དུ་འདུས་མེད་པའི་བོད་ཁུལ་དག་བོད་གཞུང་དང་འབྲེལ་ཡོད་བོད་དོན་ཞུ་འབུལ་མཁན་དག་ལ་མཁོ་སྤྲོད་བྱ་རྒྱུ་དེ་གལ་ཆེན་པོ་རེད། སྔོན་མ་བོད་རང་སྐྱོང་ལྗོངས་གཅིག་པུར་གོ་བཞིན་ཡོད་སྟབས་འདི་ལྟ་བུ་ཞིག་འཇོག་ཐུབ་པ་དེའང་དགའ་འོས་པ་ཞིག་་རེད་སྙམ། གཞན་ང་ཚོས་མ་མཐོང་བའི་ཡིག་ནོར་དག་འདིར་འབྲི་ཐུབ་ན་རོགས་རམ་ཆེན་པོ་ཞིག་རེད། ཐུགས་རྗེ་ཆེ།

    Reply
  • ཤར་ཙོང་སྐལ་བཟང་།
    ༢༠༢༤-༠༣-༠༢ ༢:༣༢ am

    མཚོ་ཤར་རྫོང་བརྒྱད་བྲིས་མེད་པ་རེད།

    Reply
  • གློག་ཞགས།
    ༢༠༢༤-༠༣-༠༢ ༡༠:༢༣ am

    བློ་བཟང་ལགས། དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ཡིན་ནའང་འདི་ཁྲིམས་ཡིག་ཡིན་སྟབས་ཐ་སྙད་གང་དེའི་ཚིག་རིས་ཇི་བཞིན་བསྒྱུར་དགོས་པ་དགོངས་འཇག་འཚལ།

    Reply
  • ཡེ་ཤིས་རྡོར་རྗེས།
    ༢༠༢༤-༠༣-༠༢ ༧:༥༠ pm

    ཨ་མི་རི་ཁའི་གཞུང་འབྲེལ་ཡིག་ཆ་བསྒྱུར་དུས་ཆབ་སྲིད་ཀྱི་མིང་ཚིག་ཐད་གཟབ་གཟབ་བྱེད་དགོས་འདུག་དྲན། ཨ་རིའི་རྒྱ་ནག་མི་དམངས་སྤྱི་མ྄ཐུན་རྒྱལ་ཁབ་ཅེས་འབོད་པ་ལས་ཀྲུང་ཧ་ཟེར་གྱི་ཡོད་མ་རེད། བོད་གཞུང་གིས་ག་རེ་འབོད་དྲན་ན་རང་དབང་རེད་དེ་ཨ་རིའི་གཞུང་འབྲེལ་ཡིག་ཆ་བསྒྱུར་དུས་ཨ་རིའི་ཆབ་སྲིད་ཀྱི་ཚིག་ལ་འགྱུར་བ་གཏོང་ཆོག་གི་ཡོད་མ་རེད་དྲན།

    Reply
  • གློག་ཞགས།
    ༢༠༢༤-༠༣-༠༥ ༥:༣༥ pm

    བོད་ཀྱི་མཁས་པ་སྔོན་མ་དག་གིས་རྒྱ་ནག་རང་གི་་འབོད་སྟངས་དེ་སོར་འཇོག་བྱས་ཡོད་པ་དེ་ནི་གནད་དོན་གལ་ཆེན་ཞིག་ཡིན་པ་སྟེ། ང་ཚོ་བོད་ཀྱིས་འབོད་བཞིན་པའི་རྒྱ་ནག་ཟེར་བ་དེར་ལོ་རྒྱུས་སུ་་ཅིང་རྒྱལ་རབས་སྐབས་སུ་རིགས་མཐོ་བ་ལ་ཧྭ་རིགས་དང་དམའ་བ་ལ་ཧྲུའུ་རིགས་(庶族)སམ་ཧན་རིགས་(寒族)གཉིས་སུ་བཀར་ཡོད་པ་ལས་ཟུང་ཀྲུང་ཧྲན་སོགས་ཀྱིས་ད་ལྟ་འབོད་བཞིན་པའི་གྲངས་ཉུང་མི་རིགས་སམ་ཕྱིའི་རྒྱལ་ཁབ་ཁག་མཐར་སྤྲད་ནས་ཧྭ་རིགས་ཀྱི་རྒྱལ་ཁབ་གཟུག་དགོས་་པའི་དམིགས་ཡུལ་གཞིར་བཟུང་ནས་བཏགས་པ་ཞིག་ཡིན་སྟབས། ཁོ་རང་ཚོས་བཏགས་ཤིང་རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་བཀོད་ཟིན་ཡོད་པའི་ཐ་སྙད་དེ་སོར་འཇོག་བྱ་དགོས་པ་ལས་རྒྱའམ་རྒྱ་ནག་དང་དབྱིན་ཡིག་ཏུ་བཀོལ་བཞིན་པའི་ཙི་ནའམ་ཚིན་སོགས་ཐ་སྙད་རྩོད་པ་ཅན་དག་་ཏུ་བསྒྱུར་པ་ཡིན་ན་ཏག་ཏག་བསྡད་མེད་པར་སྙམ། གང་ལྟར་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།

    Reply
  • འཇམ་དབྱངས།
    ༢༠༢༤-༠༣-༠༦ ༦:༣༩ am

    བསྒྱུར་ལ་བཀའ་དྲན་ཆེ་ཞུ།
    ཡིན་ཡང་ཀྲུང་ཧཱ་མི་དམངས་ཟེར་བ་དེང་རྒྱ་ནག་མིང་འདོག་སྟངས་རྐྱང་འབོད་གི་འདུག་དེ་བདེ་བོ་རང་བྱུང་མ་སོང་།

    Reply

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up