བོད་ལ་ནད་པ་མང་།

འབའ་སྲས། (ཧྥ་རན་སི)

དྲ་དཔོན་འཛོམས་ས་རྒྱལ་ས་བོའུ་ཡན་རེད།།

ཚོང་གི་རྒྱུ་རྫས་ལངས་སྨན་ཁེར་སྨན་རེད།།

སྒོར་མོ་བྱིན་ནས་ཉོ་མཁན་བོད་པ་རེད།།

བོད་པའི་ཕོ་མཚན་མོ་མཚན་ནད་པ་རེད།།

 

ཁེར་སྨན་བཏུང་ན་རྒྱག་ཐག་རིང་ང་ཟེར།།

ལངས་སྨན་ཉོས་དང་རོ་རྩ་ཕན་ན་ཟེར།།

སྨན་འདི་འཐུང་དང་མཁལ་མ་རྒྱས་ཡ་ཟེར།།

བོད་ཀྱི་ཕོ་མོའི་མཁལ་མ་ནད་པ་རེད།།

 

བུ་ཡིས་ཕ་ལ་ལེགས་སྐྱེས་ཁེར་སྨན་འབུལ།།

ཕ་ཡིས་བུ་ལ་བརྔན་པ་མཁན་གསོ་སྟེར།།

བུ་དང་བུ་མོའི་ཚོང་རྫས་ཆགས་རྫས་ཡིན།།

བོད་ཀྱི་གདོང་གི་ངོ་ཚ་ནད་པ་རེད།

 

ཤྭ་བོ་རྭ་ཁྲག་དཀར་པོ་ཆིག་ཐུབ་ཡིས།།

བསྡེབས་སྨན་རིན་གོང་ཉི་ཤུ་རྩ་གྲངས་ཤིག །

ལུག་ཤ་རྒྱ་མ་གང་གི་རིན་གོང་ཙམ།།

ཉོ་མཁན་བོད་ཀྱི་བློ་རིག་ནད་པ་རེད།།

 

འཁྲབ་སྟོན་ཁ་རྩོད་ཚིག་རྩོད་གློག་བརྙན་བཞིན།།

སྒྱུ་རྩལ་ལྟད་མོ་ཞིག་ཏུ་ཡ་མཚན་ནས།།

ཉིན་མོའི་གཉིད་ཆག་དགོང་མོའི་ཟས་ཆག་ནས།།

ལྟ་མཁན་བོད་ཀྱི་མིག་གཉིས་ནད་པ་རེད།།

 

ནུ་མ་ཆེ་ཆུང་འགྲན་བསྡུར་བྱ་རྒྱུ་ཟེར།།

ཨོང་ཤ་སུ་ཆེ་དངོས་སུ་སྟོན་ན་ཟེར།།

སྟུ་སྒོ་འབུར་བ་ལྟོས་དང་མཐོང་བ་ཟེར།།

བོད་ཀྱི་སྨན་ཤར་ངོ་ཚ་ནད་པ་རེད།།

 

དོན་ཆད་སྒོར་མོ་ད་ལྟ་མ་བསྐུར་ན།།

ཚོང་གི་མཛོད་ཁང་མེ་ལ་སྦར་བ་ཟེར།།

ཚོང་རྫས་ལྷག་མ་བཅོམ་ནས་འགྲོ་བ་ཟེར།།

དྲ་དཔོན་ཚོང་བའི་མཐུན་སྒྲིལ་ནད་པ་རེད།།

 

ཁ་ཆེས་བོད་གླུ་བླངས་ན་སྙིང་དམར་མང་།།

མཁས་པས་ལེགས་བཤད་ཐོས་ན་སུན་སྣང་ཆེ།།

ཉ་ཉོག་ཁ་འཛིང་གཏམ་ལ་འཚང་ཁ་ཆེ།།

དྲ་མྱུལ་བོད་ཀྱི་བསམ་བློ་ནད་པ་རེད།།

 

ཧེ་མོས་ལ་གཞས་བླངས་ན་ཞེན་མི་མང་།།

དེ་ལ་ཡ་མཚན་ཆེ་བའི་འབྲོག་པ་མང་།།

དེ་ལ་ལེགས་སྐྱེས་རྒྱག་མཁན་རོང་བ་མང་།།

རོང་འབྲོག་གཉིས་ཀྱི་ཆེ་བསྟོད་ནད་པ་རེད།

 

འགྲན་བསྡུར་རྣམ་པ་སྣ་ཚོགས་ཇེ་མང་རེད།།

བྱ་དགའ་རླངས་འཁོར་རྙིང་པ་རྫོགས་མེད་རེད།།

བྱ་ཐབས་སྣ་ཚོགས་རང་གི་ཚོང་དོན་རེད།།

སྤྱི་སེམས་ཁ་བཤད་ལག་ལེན་ནད་པ་རེད།།

དོ་འཁུར་སློང་བའི་སྤྲང་བོ་ཇེ་མང་རེད།།

 

ལེགས་སྐྱེས་རྒྱག་མཁན་ཕྱུག་པོ་ཇེ་ཉུང་རེད།།

ཆ་མཉམ་མ་རེད་འཛམ་གླིང་དྲ་རྒྱ་འདི།།

དོ་མཉམ་འོང་བའི་ལམ་ཁ་ནད་པ་རེད།།

 

མགྱོགས་འཕྲིན་མྱུལ་ན་རིག་རྒྱུ་ཇེ་མང་རེད།།

ཉན་ནས་བསྡད་ན་གོ་རྒྱུ་དེ་བས་མང་།།

མང་མང་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ།།

གོ་བདེ་ཚིག་ལ་སྒྲིག་མཁན་འབའ་སྲས་སོ།།

 

༢༠༢༤/༡༢/༢༢ ཞོགས་པར་ཁྱམས་ར་ནས།

 

 

 

སྔོན་མ།
ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་མཐོང་རྒྱ་ནས་བོད་ལ་ལྟ་བ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up