གནད་དོན་གདན་བསྡུས།
འགོག་བདེན་སྟོང་པ་ཉིད་ཡིན་མིན་སྐོར་དགེ་ལུགས་པའི་མཁས་དབང་རྣམས་ཀྱི་བཞེད་ཚུལ་སྣ་ཚོགས་ཡོད་པས། དེའི་ནང་ནས་མཁས་དབང་པཎ་ཆེན་བསོད་ནམས་གྲགས་པས་ ( ༡༤༧༨-༡༥༥༤) འགོག་བདེན་སྟོང་ཉིད་མིན་པའི་སྐོར་རིགས་པས་དཔྱད་བསྡུར་རྒྱ་ཆེར་གནང་བས། དགེ་ལུགས་པའི་མཁས་པ་གཞན་དང་མི་འདྲ་བའི་ཁྱད་ཡོན་གྱི་རྣམ་པ་ཞིག་མངོན་གནང་ཡོད། འདིར་གུས་མོས་པཎ་ཆེན་རིན་པོ་ཆེས་འགོག་བདེན་སྟོང་ཉིད་མིན་པའི་སྐོར་རིགས་པས་དཔྱད་བསྡུར་མཛད་པའི་སྐོར་ལ་རོབ་ཙམ་ཉམས་ཞིབ་བྱེད་པ་དང། དེ་དང་མཉམ་དུ་ཁོང་གི་གསུང་དེ་མཁས་པ་གཞན་གྱི་གསུང་དང་མཐུན་མིན། ཡང་ཁོང་རང་ཉིད་ཀྱི་གཞུང་གཞན་དང་མཐུན་མིན་བཅས་ཉམས་ཞིབ་བྱས་ཡོད། པཎ་ཆེན་རིན་པོ་ཆེའི་བཞེད་ཚུལ་ཁྱད་པར་བ་དེ་དང་། ཁོང་གི་བཞེད་ཚུལ་དེའི་སྒྲུབ་བྱེད་རྣམས་གཙོ་བོར་བཟུང་སྟེ། ཞིབ་འཇུག་འདིས་པཎ་ཆེན་རིན་པོ་ཆེས་འགོག་བདེན་སྟོང་ཉིད་ཡིན་དང་མིན་གང་བཞེད་པ་ལ་གོ་རྟོགས་ཆ་ཚང་བ་ཞིག་རྙེད་ཐབས་བྱས་ཡོད།