ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་མཐོང་རྒྱ་ནས་བོད་ལ་ལྟ་བ།

སངས་རྒྱས་སྐྱབས། (སུ་པན།)

 

ནང་དོན་སྙིང་བསྡུས།

བོད་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཆ་ཤས་ཡིན་པ་དེ་མཁས་པ་རྣམས་ཀྱི་བཞེད་སྲོལ་གཅིག་མཐུན་ཡིན། དེ་བས་བོད་ཀྱི་ལོ་རྒྱུས་བྱུང་རིམ་ཡང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་གཞིར་བཞག་ཐོག་དེའི་ཐུན་མོང་གི་འབྲོག་པའི་དཔལ་ཡོན་དང་། ཤ་བའི་རིག་གནས། ཤིང་རྟའི་རིག་གནས། མོན་ཐོའི་རིག་གནས། བླ་བཙས་རིག་གནས། སྐྱིལ་ཀྲུང་རིག་གནས་སོགས་ལ་ཉམས་ཞིབ་བྱས་ན་བོད་ཀྱི་ལོ་རྒྱུས་སུ་ཡོད་པའི་བན་བོན་གྱི་ལྷ་སྒྲུང་དང་རྒྱ་དཀར་ནག་གི་གཏམ་རྒྱུད་ལ་ཁ་ལོ་སྒྱུར་བ་དང་། བོད་ཀྱི་ལོ་རྒྱུས་ཀྱི་མཐོང་རྒྱ་མི་འདྲ་བ་ཞིག་དང་། བོད་ཀྱི་ལོ་རྒྱུས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་ཆུ་རྒྱུན་དང་འདྲེས་ནས་མཐར་འཛམ་གླིང་ལོ་རྒྱུས་ཀྱི་གྲུབ་ཆར་འགྱུར་བ་མ་ཟད། རྒྱ་ནག་གི་ང་ལྟེ་བ་དང་ངའི་དཔལ་ཡོན་ཀུན་ཁྱབ་ཀྱི་ལྟ་བ་ཀྱང་ཞོར་དུ་ཁ་ལོ་བསྒྱུར་ནས་བོད་ཀྱི་ལོ་རྒྱུས་དངོས་ཀྱི་སྒྲོམ་གཞིའམ་གཞི་རྒྱ་་མཐོང་ཐུབ།

 

གནད་ཚིག

ཡོ་རོབ་ཨེ་ཤེ་ཡ་ས་ཆེན།        བོད་ཀྱི་ལོ་རྒྱུས།     འབྲོག་པའི་དཔལ་ཡོན།

 

 སྔོན་གླེང་།

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་ཞེས་པའི་ལྟ་བ་འདི་བྱུང་ནས་ལོ་མང་སོང་ཡོད། བོད་ཀྱི་ལོ་རྒྱུས་ཀྱང་དེབ་མང་པོའི་ནང་ཡང་དང་བསྐྱར་དུ་གླེང་བཞིན་ཡོད། ཡིན་ནའང་། མང་ཆེ་བ་ཕྱི་གླིང་བ་དང་ཉི་ཧོང་བ་སོགས་ཀྱིས་བྲིས་པ་ལས། བོད་རང་གི་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་མངའ་ཁོངས་གཞིར་བཟུང་ནས་དེ་ལས་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་འགྲིབ་ལ་ཉམས་ཞིབ་གཙོ་བོར་བྱེད་བཞིན་ཡོད། འོན་ཀྱང་། བོད་ཀྱི་ལོ་རྒྱུས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་དང་། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་དཔལ་ཡོན་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་སྦྲེལ་ཏེ་ཉམས་ཞིབ་བྱེད་མཁན་དཀོན། བོད་ནང་དུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལྟ་བ་ཞེས་པ་འདི་ལ་ཞིབ་འཇུག་བྱ་རྒྱུ་ཁག་པོ་ཡིན། རྒྱུ་མཚན་ནི། རྒྱ་ནག་པས་ལྟ་བ་འདིའི་རྨང་གཞི་ལྟ་བུའི་ཨེ་ཤེ་ཡའི་ནང་མ་(Inner Asia)དང་ཡོ་རོབ་ཨེ་ཤེ་ཡ་དབུས་མའི་(Central Eurasia)ལྟ་བ་ལ་ངོས་ལེན་མི་བྱེད་པ་(༡)དང་།ངོ་རྒོལ་དང་ཡང་ན་རང་གི་དགོས་མཁོ་བཞིན་འགྲེལ་བཤད་གསར་བ་བརྒྱག་རྒྱུར་འབད་ཀྱི་ཡོད། (༢) གལ་ཏེ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལྟ་བ་དང་འབྲོག་པ་གཙོ་བོ་ཡིན་པའི་འཛམ་གླིང་ལོ་རྒྱུས་ཡོངས་སུ་ཁྱབ་པ་ཡིན་ན་རྒྱ་ནག་པས་རྟོག་བཟོ་བྱས་པའི་ལོ་རྒྱུས་གནས་ཐབས་འབྲལ་བས་ཡིན།

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལྟ་བའི་འཕེལ་རིམ་ལ་དབྱེ་སྟངས་མི་འདྲ་བ་མང་པོ་ཡོད་པ་མ་ཟད། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཁྱབ་ཁོངས་ཀྱི་དབྱེ་སྟངས་ཀྱང་མི་འདྲ་བ་འགའ་ཡོད།་ཡིན་ཡང་མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པར་གནས་ཟེར་བ་ལྟར། དབྱེ་སྟངས་གང་ལ་སྦྱར་རུང་བོད་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་གྲུབ་ཆ་ཞིག་ཡིན་པ་ནི་རྩོད་མེད་རེད། ལྷག་པར་དུ་ལོ་རྒྱུས་དང་དཔལ་ཡོན་ལོ་རྒྱུས་གང་ནས་བལྟས་ཀྱང་བོད་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་དང་དཔལ་ཡོན་སྐྲུན་མཁན་ཡིན་པ་མ་ཟད །འཛམ་གླིང་ལོ་རྒྱུས་གསར་གཏོད་བྱེད་མཁན་གྱི་སྟོབས་ཤུགས་མེད་དུ་མི་རུང་བ་ཞིག་ཡིན་པའི་རྒྱུ་མཚན་ནི། མིའི་རིགས་རྒྱ་མཚོ་ཆེན་པོར་སྐྱོད་པའི་དུས་སྐབས་ཀྱི་སྔ་རོལ་དུ་འབྲོག་པའི་ལོ་རྒྱུས་ལྟེ་བར་བཞག་སྟེ། རྒྱ་ནག་ལྟེ་བ་དང་ཡོ་རོབ་ལྟེ་བར་འཛིན་པའི་འཆིང་རྒྱ་ལས་ཕྱིར་ཐོན་ན་ད་གཟོད་འཛམ་གླིང་ལོ་རྒྱུས་ཀྱི་ངོ་གདོང་ཆ་ཚང་མཐོང་བས་ཡིན།

༢༠༡༩་ལོར་རྒན་གྱའི་བྲག་དཀར་བ་སྟེ། རྒན་གྱའི་བྲག་དཀར་གནས་ཁང་དུ་བརྙེད་པའི་གནའ་བོའི་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོའི་ཉམས་ཞིབ་གྲུབ་འབྲས་བསྒྲགས་པ་ནས་བཟུང་(སྤྱིར་བཏང་འཛམ་གླིང་སྒང་དུ་ཏན་ཉི་སུའོ་ཝ་མི། DenisovaHominin་ཟེར་མོད། མིང་འདི་ནི་༢༠༠༨་ལོར་ཏན་ཉི་སུའོ་ཝ་མིའི་རུས་པ་བརྙེད་པའི་ས་ཆ་སྟེ་སེ་པེ་ལེ་ཡའི་བྲག་ཕུག་ཡོད་སའི་ས་ཆའི་མིང་ལས་བྱུང་། ཡིན་ན་ཡང་རྒན་གྱའི་བྲག་དཀར་གྱི་མགལ་རུས་ནི་༡༩༨༠་ནང་ལ་བརྙེད་ཡོད་པས་དོན་ངོ་མ་རྒན་གྱའི་བྲག་དཀར་བ་ཞེས་བའི་མིང་བཏགས་ན་དོན་དང་མཐུན་པར་འདོད།)རྒན་གྱའི་བྲག་དཀར་བ་ཟེར་བའི་གནའ་མིའི་རིགས་འདི་ལོ་ངོ་འབུམ་༡་དང་ཁྲི་༩་ཡི་ཡར་སྔོན་ནས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་བོད་སྒང་བ་ནས་སེ་པེ་ལེ་ཡའི་བར་འཚོ་གནས་བྱེད་བཞིན་ཡོད་པ་མ་ཟད།རྒན་གྱའི་བྲག་དཀར་གནས་ཁང་རང་དུ་ལོ་ངོ་འབུམ་༡་དང་ཁྲི་༡་སྟོང་༥་ལ་གནས་བཅོས་ནས་བསྡད་ཡོད་པ་དེ་ཚན་རིག་པས་བདེན་དཔང་བྱས་ཡོད་པ་མ་ཟད།རྒན་གྱའི་བྲག་དཀར་བ་ལ་ད་ལྟའི་བོད་པ་བརྒྱ་ཆའི་བརྒྱད་ཅུ་ལ་ཡོད་པའི་རྒྱུད་རྒྱུ་EPAS1་ཟེར་བ་དེ་ཡོད། EPAS1་ཟེར་བ་ནི་ས་མཐོ་སར་འཚོ་གནས་བྱེད་པར་མེད་དུ་མི་རུང་བའི་རྒྱུད་རྒྱུ་ཞིག་ཡིན་པ་དང་། ས་དམའ་སར་གནས་བའི་མིའི་རིགས་ལ་རྒྱུད་རྒྱུ་འདི་མེད། འོན་ཀྱང་ཏན་ཉི་སུའོ་ཝ་མི།Denisova   Hominin་རུས་པའི་འགྱུར་རྡོ་བརྙེད་སའི་བྲག་ཕུག་གི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨུ་༧༠༠་ཙམ་ཡིན། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨུ་༧༠༠་ཙམ་ལས་མེད་པའི་སར་འཚོ་གནས་བྱེད་པའི་མིའི་རིགས་ལ་རྒྱུད་རྒྱུ་EPAS1་འབྱུང་མི་སྲིད་པ་རེད། དེ་བས་རྒྱུད་རྒྱུ་EPAS1་མེད་ཐབས་མེད་པའི་བོད་སྒང་བའི་རྒན་རྒྱའི་བྲག་དཀར་བ་རྣམས་བོད་སྒང་བ་ནས་སེ་པེ་ལེ་ཡ་བར་གྱི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་འཚོ་གནས་བྱེད་ཀྱིན་ཡོད་པ་གསལ་བཤད་བྱས་ཡོད།།

ལོ་ངོ་འབུམ་༡་དང་ཁྲི་༨་ནས་འབུམ་༢་སྐབས་སུ་བཞག་པའི་ལྷ་སའི་ཉེ་འཁོར་ཆུ་བཟང་སྡེ་བའི་གནའ་མིའི་རྐང་རྗེས་དང་ལོ་ངོ་ཁྲི་༥་ནས་འབུམ་༡་ཡར་སྔོན་ལ་བོད་ནུབ་རྒྱུད་སེང་གེ་ཁ་འབབ་ཀྱི་སྟོད་རྒྱུད་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་ཀྱི་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ།གསེར་གླིང་མཚོའི་ཉེ་འཁོར་ཉ་དེའུ་ཡི་ལོ་ངོ་ཁྲི་༤་ཡར་སྔོན་གྱི་གནའ་ཤུལ་སོགས་སྦྲེལ་ན་བོད་སྒང་བའི་མེས་བོ་རྣམས་འཚོ་གནས་ཀྱི་སྐྱ་ཐིག་གསལ་བོར་རྟོགས་ཐུབ།

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་ཉམས་ཞིབ་བྱེད་མཁན་གཙོ་བོ་ནི་ཉི་ཧོང་པའི་དཔུང་ཚོགས་ཡིན།ཁོ་ཚོས་བརྗོད་གཞི་འདིའི་ཐོག་ལ་ཉམས་ཞིབ་བྱེད་སྔ་ལ་རྒྱུན་མཐུད་ཡོད་པ་མ་ཟད། ཉམས་ཞིབ་གྲུབ་འབྲས་ཆེན་པོ་ཐོན་ཡོད། ཨེ་ཤེ་ཡ་ནང་མ་ནས་ཡོ་རོབ་ཨེ་ཤེ་ཡ་དབུས་མ།དེ་ནས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་བར་དུ་ཉམས་ཞིབ་ཆེད་ལས་པ་རབ་དང་རིམ་པ་བྱུང་ཡོད།བཤད་སྲོལ་ཞིག་ལ། འཛམ་གླིང་འདིའི་སྟེང་ན་ཉི་ཧོང་ལྟ་བུའི་རྒྱ་ནག་ལ་དགའ་མཁན་གྱི་རྒྱལ་ཁབ་གཞན་ཞིག་མེད་ལ། འཛམ་གླིང་འདིའི་སྒང་ན་ཉི་ཧོང་པ་ལྟ་བུའི་རྒྱ་ནག་གི་རིག་གནས་ལ་སྦྱོང་བ་དང་བྱང་ཆུབ་མཁན་ཡང་མེད་ཟེར། དེ་བས་ཉི་ཧོང་པས་ཡོ་རོབ་ཨེ་ཤེས་ཡ་ས་ཆེན་ལ་ཉམས་ཞིབ་བྱེད་པའི་དམིགས་ཡུལ་ནི་རྒྱ་ནག་པས་བཤད་པ་ལྟར་ཕྱིན་ཅི་ལོག་ཡིན་པའི་རྒྱུ་མཚན་ཅི་ཡང་མེད། དེ་ལས་ལྡོག་སྟེ་རྒྱ་ནག་གི་ལོ་རྒྱུས་ངོ་མ་གསལ་འདོན་བྱས་ཡོད། གང་ལྟར་ཉམས་ཞིབ་པས་བཞག་པའི་བསྡོམས་ནི། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྟེང་གི་འབྲོག་པ་ནི་འཛམ་གླིང་ལོ་རྒྱུས་གསར་སྐྲུན་བྱེད་མཁན་ཡིན།ཁོ་ཚོར་ཐུན་མོང་གི་འཚོ་གནས་དང་རིག་གཞུང། ལོ་རྒྱུས་དང་དཔལ་ཡོན་ཡོད་པ་མ་ཟད། འབྲོག་པ་ནི་འཛམ་གླིང་ལོ་རྒྱུས་ཀྱི་སྲོག་ཤིང་དང་འདེད་ཤུགས་གཙོ་བོར་གྱུར་ཡོད་པ་བཅས་ཡིན། དེ་བས་རྒྱ་ནག་གི་ང་ལྟེ་བའི་ལོ་རྒྱུས་དང་ཡོ་རོབ་ལྟེ་བའི་ལོ་རྒྱུས། དེ་བཞིན་རྒྱ་མཚོའི་མི་རིགས་ཀྱི་ལོ་རྒྱུས་སོགས་ནི་ས་ཁུལ་རང་བཞིན་གྱི་ལོ་རྒྱུས་དང་དཔལ་ཡོན་ཙམ་ཡིན་པ་ལས། འཛམ་གླིང་ལོ་རྒྱུས་གྲུབ་མེད།ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་འབྲོག་པས་རུ་བ་སྤོ་བའི་འབྲོག་ལས་དང་རྟ་སྒོ་ཕྱུགས་སུ་འདུལ་བ། ལྷག་པར་དུ་ཤིང་རྟ་གསར་གཏོད་བྱས་པ་དང་རྟར་ཞོན་པ་ནས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་དང་དཔོལ་ཡོན་གཞན་ལས་ལྷག་པའི་དར་རྒྱས་བྱུང་ལ།འཛམ་གླིང་ལོ་རྒྱུས་ཀྱི་ལེའུ་དང་པོ་ཡང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་འདི་ནས་འབྲི་འགོ་ཚུགས།

དེ་བས། བོད་པས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་ལ་ཉམས་ཞིབ་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་ཏེ། ཕྱི་གླིང་བ་སོགས་ཀྱིས་དང་པོ་ཨེ་ཤེ་ཡ་ནང་མ།དེ་ནས་ཡོ་རོབ་ཨེ་ཤེ་ཡ་དབུས་མ། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ཉམས་ཞིབ་བར་དུ་རིམ་བཞིན་ཡར་རྒྱས་དང་འཐུས་ཚང་བྱུང་ཡོད་པ་མ་ཟད། འཛམ་གླིང་ལོ་རྒྱུས་ཀྱང་ས་ཆེན་འདི་ནས་བྱུང་བར་གཏན་ཁེལ་ཡོད།(༣)བོད་ནི་ས་ཆེན་འདིའི་གྲུབ་ཆ་ཞིག་ཡིན་པས་ངེས་པར་དུ་ཉམས་ཞིབ་བྱ་དགོས། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་ཉམས་ཞིབ་བྱས་པ་ལས་བོད་རང་གི་ལོ་རྒྱུས་ལ་ཁ་བསྐང་བྱེད་ཐུབ་པ་མ་ཟད། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་འཕེལ་འགྲིབ་ལས་བོད་མི་རིགས་དང་བོད་ཀྱི་རྒྱལ་ཁབ། བོད་ཀྱི་རིག་གཞུང་གི་ཁྱད་ཆོས་འབུར་དུ་ཐོན། ལོ་ངོ་སྟོང་ཕྲག་མང་པོའི་ནང་དུ་ས་ཆེན་འདི་རུ་སྟོབས་ཆེན་གྱི་བཙན་རྒྱལ་འདྲ་མིན་རྒྱུན་ཆད་མེད་པར་བྱུང་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་ན་ཡང་། བོད་གངས་ཅན་སྒང་བ་འདི་ལ་བཙན་རྒྱལ་དེ་ཚོས་དབང་དུ་སྒྱུར་བ། ཡང་ན་བཙན་རྒྱལ་དེ་ཚོའི་རིག་གནས་ཀྱིས་བཙན་འཛུལ་བྱས་རབས་སོགས་ཁོ་རང་ཚོ་ལ་ཡང་བརྗོད་རྒྱུ་མེད། དེ་བས་བོད་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ལོ་རྒྱུས་ནང་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཡིན་པས་ཉམས་ཞིབ་ཀྱི་རིན་ཐང་དེ་བས་ཆེའོ།

ཁོ་བོས་ཕྱི་གླིང་བ་དང་ལྷག་པར་དུ་ཉི་ཧོང་བ་ཚོས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ལ་ཉམས་ཞིབ་བྱས་པའི་གྲུབ་འབྲས་གསར་བ་དག་ལ་གཞི་བྱས་ནས། བོད་དང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཐུན་མོང་གི་རིག་གཞུང་། ལོ་རྒྱུས་དང་དཔལ་ཡོན་གྱིས་བོད་དང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་འབྲེལ་བ།ལྷག་པར་དུ་ལོ་རྒྱུས་ཐོག་བོད་དང་རྒྱ་ནག་གི་འབྲེལ་བའི་སྐོར་གླེང་བར་བྱའོ།

ཡོ་རོབ་ཨེ་ཤེ་ཡ་རིང་ལུགས་ཟེར་བ་ནི། སྤྱི་ལོ་༡༩༢༠་དུས་སྐབས་སུ་སོ་ཝེ་ཨར་ནས་བཙན་བྱོལ་ལ་སོང་བའི་ཨུ་རུ་སིའི་ཤེས་ཡོན་ཅན་N. S. Trubetskoi དང་ Petr N.Savitsky སོགས་ཀྱིས་བཏོན་པའི་དཔལ་ཡོན་ལྟ་གྲུབ་ཅིག་ཡིན། གཙིགས་སུ་ཆེ་བ་ནི། རྩྭ་ཐང་གི་འབྲོག་པའི་སྲོལ་རྒྱུན་རིག་གནས་དབར་ཀྱི་ཉེ་མཐུན་རང་བཞིན་ཡིན་པ་དང་། ལྟ་བའི་ཡང་སྙིང་ནི། སི་ལ་ཧྥོ། Slavs ཏུ་རུ་ཁ། སོག་པོ་སོགས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་འབྲོག་པའི་རིག་གནས་ཀྱི་མཉམ་འདུས་དཔལ་ཡོན་མ་ལག་ཡིན། ལྟ་གྲུབ་འདི་བཏོན་པ་ནས་བཟུང་རིམ་བཞིན་ཡར་རྒྱས་བྱུང་ནས་ད་ལྟའི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་དང་དཔལ་ཡོན་གྱི་ལྟ་བ་གྲུབ་ཡོད།

 

 

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཁྱབ་ཁོངས་ལ་དབྱེ་སྟངས་རིགས་མི་འདྲ་བ་འགའ་ཡོད་པ་སྟེ།

༡༽ སོག་པོ་དང་ཨུ་རུ་སི། རྒྱ་ནག་པ་བཅས་ཀྱི་དབྱེ་སྟངས་གཙོ་བོ་ནི་འཕྲེད་དུ་དབྱེ་བ་སྟེ། དཔེར་ན། ལྷོ་མཐའ་ནི་གནའ་བོའི་ཙི་ན་པས་དབྱེ་བའི་ཆབ་སྲིད་ཀྱི་ས་མཚམས་ཏེ་རྒྱ་ནག་གི་ལྕགས་རི་ཆེན་པོ། བྱང་མཐའ་ནི་བྱང་སྣེ་མུ་ཁྱུད། རྒྱ་ནག་ལྕགས་རི་ཆེན་པོ་ནས་ནུབ་ཕྱོགས་སུ་ཧི་མི་ལ་ཡའི་རི་རྒྱུད་ལ་ཐུག་པ།དེ་ནས་སྟག་གཟིག་མཐོ་སྒང་དང་མཚོ་ནག་གི་ལྷོའི་མཐའ་བར་ཡིན།

༢༽ མཁས་པ་ལ་ལས་ལྷོ་བྱང་གཉིས་སུ་དབྱེ་བ་སྟེ། དབྱེ་སྟངས་འདིའི་བྱང་དུ་གཏན་གནས་ས་འཁྱགས་དང་། རིམ་བཞིན་ལྷོ་རུ་ཤིང་ནགས།རྩྭ་ཐང་། སྐམ་ཤས་ཆེ་བའི་རྩྭ་ཐང་། ལྷོའི་མཐའ་ནི་བྱེ་ཐང་དང་རི་བོ་ཆེན་པོ།

༣༽ ཉི་ཧོང་གི་མཁས་པ་ཆེན་པོ་མེ་སྒྲོལ་ཀྲུང་ཧྤོ་ལགས་ནི་དཔལ་ཡོན་གྱི་སྐྱེས་ཁམས་ལོ་རྒྱུས་ལྟ་བ་ཟེར་བའི་རྩོམ་པ་པོ་ཡིན། ཁོང་གིས་འཇིག་རྟེན་རྙིང་བའི་ནང་བཀས་བཀོད་རྒྱུད་འཛིན་དཔལ་ཡོན་རྒྱུན་འཁྱོངས་བྱས་པའི་ཤར་ནུབ་ཀྱི་མཐའ་གཉིས་ཏེ་བརླན་བཤེར་ཅན་གྱི་ས་ཁུལ་ནུབ་ཡོ་རོབ་དང་ཉི་ཧོང་གཉིས་ས་ཁུལ་དང་པོ།ས་ཁུལ་དང་པོའི་བར་དུ་ཡོད་པའི་སྐམ་ཤས་ཆེ་བའི་རྩྭ་ཐང་། ད་ལྟའི་རྒྱ་ནག་གི་བྱང་ཕྱོགས། བོད། རྒྱ་གར་གྱི་ནུབ་བྱང་གི་ས་ཁུལ་ནས་ནུབ་ཡོ་རོབ་ལ་ཐུག་པ་ནི་ས་ཁུལ་གཉིས་པ། མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པར་གནས་པ་བཞིན་དབྱེ་སྟངས་གང་ཡིན་རུང་བོད་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཁོངས་སུ་གཏོགས་ཡོད།

 

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ནས་བོད་ལ་ལྟ་དགོས་དོན་དང་དེའི་རིན་ཐང་ལ་དྲུག་སྟེ།

༡༽ དབང་ཆ་ལ་བརྟེན་ནས་བསྐྱར་དུ་བྲིས་པའི་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བ།

༢༽ བོད་ཀྱི་འགྲོ་བ་མིའི་བྱུང་རིམ་གྱི་གདོད་མའི་ལོ་རྒྱུས་ཀྱི་སྐྱ་ཐིག་འཐེན་ཐུབ་པ།

༣༽ བོད་ཀྱི་གནའ་བོའི་རིག་གནས་དཔལ་ཡོན་ཙི་ནའི་ཡུལ་དུ་དར་ཡོད་པ་དང་ཙི་ནའི་གནའ་བོའི་རིག་གནས་ཀྱིས་བོད་ལ་ཤུགས་རྐྱེན་ཆེན་པོ་མེད་པའི་ཁུངས་སྐྱེལ་རྙེད་ཐུབ།

༤༽ ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་གཞིར་བཟུང་ནས་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱས་ན་བོད་ཀྱི་ཆབ་སྲིད་དང་བོད་ཀྱི་རིག་གཞུང་གི་གཅིག་གྱུར་ཁྱབ་ཁོངས་ཡོངས་ཀྱི་ལོ་རྒྱུས་དང། བོད་ཀྱི་དཔལ་ཡོན་ལོ་རྒྱུས་ཀྱི་སྒྲོམ་གཞི་ཆ་ཚང་བ་གསལ་བོར་འགྱུར།

༥༽ ལོ་རྒྱུས་ཐོག་བོད་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཀྱི་འབྲེལ་བ་དང། ལྷག་པར་དུ་བོད་དང་རྒྱ་ནག་གི་འབྲེལ་བ་གསལ་བོར་འབྱེད་ཐུབ་པ།

༦༽ བཙན་རྒྱལ་རིང་ལུགས་(ཆབ་སྲིད་བཙན་རྒྱལ་རིང་ལུགས་དང་རིག་གནས་བཙན་རྒྱལ་རིང་ལུགས།)ཀྱིས་མ་འོངས་པར་དབང་ཤུགས་ལ་བརྟེན་ནས་ལོ་རྒྱུས་འགྱུར་བཅོས་བྱེད་པར་སྔོན་འགོག་བྱ་ཐུབ་པ་བཅས་སོ།

གཤམ་དུ་བོད་དང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཐུན་མོང་གི་དཔལ་ཡོན་ལས་འབྲོག་པའི་དཔལ་ཡོན། ཤ་བའི་རིག་གནས། ཤིང་རྟའི་རིག་གནས། བླ་བཙས་རིག་གནས། མོན་ཐོའི་རིག་གནས། སྐྱིལ་ཀྲུང་རིག་གནས་སོགས་སོ་སོར་གླེང་སྟེ་བོད་དང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན།རྒྱ་ནག་གསུམ་གྱི་འབྲེལ་བ་ལ་དཔྱད་པར་བྱའོ།།

 

དང་པོ། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཐུན་མོང་གི་རིག་གནས་སྟེ་འབྲོག་པའི་རིག་གནས།

རུ་བ་སྐྱས་སྤོ་བྱེད་པ་ནི་འབྲོག་པའི་ཐུན་མོང་གི་འཚོ་བའི་འགྲོ་ལུགས་ཡིན་པ་དང་། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་འབྲོག་པ་ཡོངས་ལ་ཁྱད་ཆོས་དེ་ཡོད། འབྲོག་པའི་སྐོར་ནུབ་ཕྱོགས་པས་ཡིག་ཐོག་ལ་བཀོད་པ་སྔ་ཤོས་ནི། རྒུ་རེ་སིའི་མཁས་པ་དང་ལོ་རྒྱུས་སྨྲ་བ་པོ་ΗΡΟΔΟΤΟΣཨེ་རོལ་རྡོ་ཏོལ་སི་(དབྱིན་ཡིག་ནང་དུ་HERODOTUSཟེར་བ།ཕྱི་ལོ་སྔོན་གྱི་༤༨༠ནས་༤༢༥།)ཡིས་མཛད་པའི་བརྩམས་ཆོས་གྲགས་ཅན་ལོ་རྒྱུས་ཟེར་དེ་ཡིན། ཨེ་རོལ་རྡོ་ཏོལ་སི་ཡིས་བྲིས་པའི་འབྲོག་པའི་མི་རིགས་དེ་བོད་ཀྱི་འབྲོག་པ་མིན་མོད། ཡི་གེར་བཀོད་པ་དེ་དག་ཀློག་སྐབས་བོད་ཀྱི་འབྲོག་པ་བྲིས་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་དབང་མེད་དུ་འབྱུང་། དཔེར་ན། དམག་འཁྲུག་བྱུང་དུས་སྐྱ་དམག་དང་རྐང་དམག་གི་དཔུང་དང་། མདའ་དང་མདུང་གི་རུ་དཔུང་། གསེར་གྱི་རྒྱན་ཆ།རྟ་ལ་དགའ་བ། རྟ་ཆས་གསེར་གྱིས་བརྒྱན་པ།ཕོ་གཅིག་ལ་ཆུང་མ་གཅིག་དང་ཆགས་སྤྱོད་རང་དབང་ལྡན་པ། བུད་མེད་ལ་རང་དབང་ཆེ་བ། དུས་དང་རྩྭ་ཆུ་བཟང་ངན་ལྟར་རུ་བ་སྐྱས་སྤོ་བྱེད་པ། ཟས་གོས་ཡོངས་རྫོགས་རྟ་ནོར་ལུག་སོགས་ཕྱུགས་ཟོག་ལ་བརྟེན་པ་སོགས་སོ།།

 

༡༽ འབྲོག་པའི་བྱུང་བ།

སྤྱིར་བཏང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་ཉམས་ཞིབ་བྱེད་མཁན་རྣམས་ཀྱིས་འབྲོག་པའི་སྐོར་བརྗོད་སྐབས། འབྲོག་པའི་བྱུང་རིམ་ལ་མཁས་པའི་བཞེད་ཚུལ་མི་འདྲ་བ་ཡོད་ཀྱང་། ཕྱི་ལོ་སྔོན་གྱི་ལོ་ངོ་ཆིག་ཁྲི་ནས་མིའི་རིགས་ཀྱིས་རི་དྭགས་རྔོན་པ་དང་མ་རྨོས་པའི་ལོ་ཏོག་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དེའི་རྗེས་སུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་མེལ་སོ་པོ་ཏ་མེ་ཨ་ཐང་ཆེན་Mesopotamia་ནས་སེ་རེ་ཡ་Syria་དང་པ་ལེ་སི་ཐན་བར་གྱི་ས་ཁུལ་དུ་གྲོ་དང་སྲན་མའི་རིགས་འདེབས་ཀྱིན་ཡོད་པ་མ་ཟད། སྒོ་ཕྱུགས་ལུག་དང་ར་མ།ཕག་དང་བ་གླང་སོགས་གསོ་སྐྱོང་གི་ཞིང་ལས་དང་ཕྱུགས་ལས་ཀྱི་འཚོ་བ་རོལ་གྱིན་ཡོད་པར་བརྗོད།(༤)སྐབས་འདིའི་ཞིང་ལས་ལ་བསྟུན་པའི་ཕྱུགས་ལས་བྱེད་མཁན་ཐོག་མར་རྔོན་པའི་རིགས་ཚོགས་ལས་བྱུང་བར་འདོད། དེ་མ་ཟད་མཁས་པ་དག་གིས་ཚོད་དཔོག་ལྟར་ན།ཞིང་པས་ཕྱུགས་ལས་བྱེད་པ་དང་རྔོན་པས་ཕྱུགས་ལས་བྱེད་མཁན་གཉིས་མཉམ་གནས་བྱེད་ཀྱི་ཡོད།

སྤྱི་ལོ་སྔོན་གྱི་ལོ་ངོ་༥༥༠༠་སྐབས་སུ་གནམ་གཤིས་ཇེ་དྲོ་རུ་སོང་ནས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལྷོ་ནུབ་ཀྱི་རྩྭ་ཐང་གི་སྐམ་ཤས་ཆེ་རུ་གྱུར།དེ་བས་རུ་བ་སྐྱས་སྤོ་དང་ཕྱུགས་ལས་བྱེད་པའི་མི་ཚོགས་བྱུང་། དེ་ནས་བཟུང་འབྲོག་པ་བྱུང་བར་འདོད།(༥)

ཕྱི་ལོ་སྔོན་གྱི་ལོ་ངོ་༦༠༠༠་ནས་༥༠༠༠་གི་སྐབས་སུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལྷོ་ནུབ་དུ་བྱུང་བའི་ཞིང་ལས་དང་ལུག་འཚོ་བའི་ཕྱུགས་ལས་བཅས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཡུལ་དབུས་སུ་དར་བ་དང་། སྐབས་དེར་སྤྱིར་བཏང་གི་ཆ་ནས་ཞིང་ཕྱུགས་ལས་གཉེེར་མཁན་རྣམས་གཞི་ཆགས་ནས་འཚོ་བ་རོལ་གྱིན་ཡོད།སྐབས་དེར་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཡུལ་དབུས་ཀྱི་གནམ་གཤིས་དྲོ་བ་དང་རླན་གཤེར་ཆེན་པོ་ཡིན་པར་བཞེད། ཡིན་ཡང་ཕྱི་ལོ་སྔོན་གྱི་ལོ་ངོ་༢༥༠༠་ཡི་ཡས་མས་སུ་གནམ་གཤིས་རིམ་བཞིན་སྐམ་ཤས་ཆེ་རུ་གྱུར་ནས་རྩྭ་ཐང་དང་ཕྱེད་བྱེ་ཐང་དུ་གྱུར། དེ་བས་ས་ཁུལ་དེར་ཡོད་པའི་མི་རྣམས་ལོ་གཅིག་གི་ནང་དུ་ས་ཐག་རིང་པོར་རུ་བ་སྐྱས་སྤོ་ཡི་འབྲོག་ལས་བྱེད་དགོས་བྱུང་ཡོད། འབྲོག་པ་གཞི་རྒྱ་ཆེན་པོར་ཁྱབ་པ་ནི་རྟར་ཞོན་པ་དང་འབྲེལ་བ་དམ་ཟབ་ཡོད་པར་འདོད།(༦)

གོང་དུ་བཀོད་པ་ནི་མཁས་པ་རྣམས་ཀྱི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ལ་ཉམས་ཞིབ་བྱས་པའི་གནས་སྟངས་ཡིན །བོད་ཀྱི་འབྲོག་པ་ལ་མཚོན་ན་ཡང་འགྲོ་བ་མིའི་རིགས་ཀྱི་འཕེལ་རིམ་དང་དུས་མཉམ་ཡིན་དགོས་པ་དང་།ལྷག་པར་དུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་འགྲོ་བ་མིའི་རིགས་ཀྱི་འཕེལ་རིམ་དང་གཅིག་པ་ཡིན་དགོས།དེ་སྔོན་ཉམས་ཞིབ་མཁན་མང་པོས་བོད་སྒང་བ་རུ་མིའི་རིགས་གནས་སྡོད་བྱེད་པའི་དུས་ཡུན་ནི་ས་ཁུལ་གཞན་ལས་འཕྱི་བར་འདོད།རྒྱུ་མཚན་ནི་བོད་སྒང་བ་ཧ་ཅང་མཐོ་བ་དང་གྲང་ངར་ཆེ་བས་མིའི་རིགས་གནས་སྡོད་བྱེད་མི་ཐུབ་པར་འདོད།ཡིན་ཡང་རྒན་གྱའི་བྲག་དཀར་བ་དང་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ།ཉ་དེའུ་གནའ་ཤུལ་ཉམས་ཞིབ་གྲུབ་འབྲས་བཅས་ཀྱིས་ལྟ་བ་དེར་ལན་གསལ་བོ་གནང་།དེ་མ་ཟད་རྒན་གྱའི་བྲག་དཀར་བ་ལོ་ངོ་འབུམ་༡་དང་ཁྲི་༩་ཡི་ཡར་སྔོན་དུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་འཚོ་གནས་བྱེད་ཀྱི་ཡོད་པ་དང་། ཤེས་གསལ་ལ་རྒན་གྱའི་བྲག་དཀར་བ་བོད་སྒང་བ་རུ་ལོ་ངོ་འབུམ་༡་དང་ཁྲི་༦་གི་ཡར་སྔོན་ལ་འཚོ་གནས་བྱེད་བཞིན་ཡོད་པ་མ་ཟད།རྒན་གྱའི་བྲག་དཀར་གནས་ཁང་རང་དུ་ལོ་ངོ་འབུམ་༡་དང་ཁྲི་༡་སྟོང་༥་ཙམ་ལ་གནས་བཅོས་ནས་བསྡད་ཡོད་པ་ཚན་རིག་པས་བདེན་དཔང་བྱས་ཡོད།(༧)དེ་བས་རྒན་གྱའི་བྲག་དཀར་བ་མ་མཐའ་ཡང་ལོ་ངོ་ཁྲི་༤་ཡི་ཡར་སྔོན་ལ་རྒན་གྱའི་བྲག་དཀར་གནས་ཁང་ནས་ཕྱིར་ཐོན་ཡོད།ལོ་ངོ་ཁྲི་༥་ནས་འབུམ་༡་གི་ཡར་སྔོན་ལ་བོད་ནུབ་རྒྱུད་སེང་གེ་ཁ་འབབ་ཀྱི་སྟོད་རྒྱུད་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་ཀྱི་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་དུ་མིའི་རིགས་འཚོ་གནས་བྱེད་ཀྱིན་ཡོད་པ་མ་ཟད། དུས་ཡུན་ལོ་ངོ་ཁྲི་༨་ནས་སྟོང་ཕྲག་གི་བར་གྱི་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པོ་ཡོད།ལྷག་པར་དུ་ནས་དང་སྲན་མ་སོགས་ཞིང་ལས་ཀྱི་སྐྱེ་དངོས་ཐོན་ཡོད།ས་གནས་དེར་མེ་ལོང་ལྟག་ཕུག་བྲག་ཕུག་གཙོའི་བྲག་ཕུག་དང་འབྲོག་སྟོང་རིག་གནས་གནའ་ཤུལ་སུམ་ཅུ་ལྷག་ཡོད།གནའ་ཤུལ་དེ་ནི་བོད་དུ་རྙེད་པའི་གནའ་ཤུལ་ས་བབ་ཆེས་མཐོ་ཤོས་དེ་ཡིན།རྒྱ་མཚོའི་ངོས་ནས་སྨུ་༤༧༠༠་ཡིན།ལོ་ངོ་ཁྲི་༣་ནས་ཁྲི་༤་ཡི་ཡར་སྔོན་དུ་བོད་བྱང་ཐང་ཤན་རྩ་རྫོང་གི་ཉ་དེའུ་རུ་མིའི་རིགས་འཚོ་གནས་བྱེད་ཀྱིན་ཡོད།གཞན་ཡང་བོད་ཤར་རྒྱུད་ཀྱི་ལོ་ངོ་ཁྲི་༡་དང་སྟོང་༥་ནས་ཁྲི་༡་དང་སྟོང་༣་གྱི་ཡར་སྔོན་ནས་བྱུང་བའི་ཅང་ཤེས་གནའ་ཤུལ་ཨང་གྲངས་༡། ཅང་ཤེས་གནའ་ཤུལ་ཨང་༩༣-༡༣།རྟ་ནག་མའི་གནའ་ཤུལ་ཨང་གྲངས་༡།རྨོག་རུ་འབྲོག་སྡེའམ་༡༥༡་གནའ་ཤུལ་དང་།ལོ་ངོ་༤༣༠༠་ཡས་མས་ཀྱི་བཀའ་མ་ལོག་ལ་ཀྱཱ་གནའ་ཤུལ།བོད་ནུབ་རྒྱུད་ཀྱི་ལོ་ངོ་ཁྲི་༡་དང་སྟོང་༡་ནས་༨་སྟོང་བར་དུ་བྱུང་བའི་མངའ་རིས་རུ་ཐོག་རྫོང་གི་ཤར་གཏད་མཚོ་གནའ་ཤུལ་སོགས།ལོ་ངོ་༤༥༠༠ནས་༥༠༠༠་སྔོན་གྱི་ཆབ་མདོ་ཁ་རུབ་གནའ་ཤུལ།ལོ་ངོ་སྟོང་༣་བརྒྱ་ཕྲག་༤་སྔོན་གྱི་ཆུ་གོང་དང་ལོ་ངོ་༣༠༠༠་སྔོན་གྱི་པང་ཁ་གནའ་ཤུལ།བོད་དབུས་ཕྱོགས་སུ་ལོ་ངོ་འབུམ་༡་དང་ཁྲི་༨་ནས་འབུམ་༢་ཡར་སྔོན་དུ་བཞག་པའི་ལྷ་སའི་ཉེ་འཁོར་ཆུ་བཟང་སྡེ་བའི་གནའ་མིའི་རྐང་རྗེས།ལོ་ངོ་སྟོང་ཕྲག་༢་ཀྱི་ཡར་སྔོན་དུ་བྱུང་བའི་ལྕགས་རི་སྒང་གནའ་ཤུལ་(༨)སོགས་ཀྱིས་བོད་སྒང་བའི་མིའི་རིགས་ཀྱི་འཕེལ་རིམ་གྱི་སྐྱ་ཐིག་གསལ་བོར་ཕབས་ཡོད།

གོང་གི་སྐྱ་ཐིག་དེ་ལས་ཤེས་པ་ནི།བོད་སྒང་བར་མིའི་རིགས་འཚོ་གནས་བྱས་པའི་ལོ་རྒྱུས་རྒྱུན་མཐུད་ཡོད་པ་མ་ཟད། དུས་སྐབས་སོ་སོའི་རིག་གནས་གསར་སྐྲུན་བྱས་ཡོད།རི་དྭགས་རྔོན་པ་དང་མ་རྨོས་པའི་ལོ་ཏོག་འཚོལ་བསྡུ་བྱེད་པ།ཞིང་ལས་དང་འབྲོག་ལས།ཞིང་འབྲོག་མཉམ་གནས།ཞིང་འབྲོག་སོ་སོར་གྱེས་པའི་དུས་སྐབས་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ས་ཁུལ་གཞན་གྱི་འཕེལ་རིམ་དང་དུས་མཚུངས་ཡིན།དེ་བས་བོད་སྒང་བའི་འབྲོག་པ་བྱུང་བའི་དུས་སྐབས་ཀྱང་ལོ་ངོ་སྟོང་ཕྲག་༦་ནས་སྟོང་ཕྲག་༥་ཡི་ཡར་སྔོན་ཡིན་དགོས།

ཡིན་ཡང་།དེང་སྐབས་བོད་སྒང་བའི་ལོ་རྒྱུས་ཉམས་ཞིབ་བྱེད་པར་དཀའ་ངལ་ཆེ་ཤོས་ཤིག་ནི། བོད་སྒང་བའི་གནའ་རྫས་དཔྱད་ཞིབ་བྱེད་མཁན་རྒྱ་ནག་གི་གཞུང་འབྲེལ་སྡེ་ཚན་ཡིན་པ་དང་།ཞིབ་འཇུག་གི་གྲུབ་འབྲས་ཕྱིར་བསྒྲགས་བྱེད་མཁན་ཡང་ཁོ་ཚོ་ཡིན་པས།དོན་དངོས་སུ་གནའ་རྫས་དང་གནའ་ཤུལ་གྱི་དུས་ཚིགས་ཤེས་ཁག་པོ་ཡིན།ང་ཚོས་ངེས་པར་དུ་རྒྱ་ནག་ཆེན་པོ་རིང་ལུགས། རྒྱ་ནག་གཅིག་གྱུར་ཆེན་པོ་དང།(༩)དེ་བཞིན་ད་ལྟའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས།ཀྲུང་གོ་ཅན་(༡༠)སོགས་ཀྱི་རྒྱུ་རྐྱེན་ཡང་ཚོད་དཔོག་བྱ་དགོས་པར་གྱུར་ཡོད། དཔེར་ན། བོད་སྒང་བའི་གནའ་ཤུལ་ཡོད་ཚད་ཀྱི་འགྲེལ་བཤད་དང་ཡོང་ཁུངས་རྒྱ་ནག་ལ་གཏུགས་གང་ཐུབ་བྱེད་ཀྱིན་ཡོད། དེ་ལས་ལྡོག་ཕྱོགས་ཤིག་རྩ་བ་ནས་འབྱུང་མི་ཆོག་པ་ཡིན།གནད་དོན་འདི་ཡང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ནས་བོད་ལ་ལྟ་དགོས་པའི་རྒྱུ་མཚན་གལ་ཆེན་ཞིག་ཡིན།

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་ཕྱི་ལོ་སྔོན་གྱི་ལོ་ངོ་ཆིག་ཁྲི་ནས་མིའི་རིགས་ཀྱིས་རི་དྭགས་རྔོན་པ་དང་མ་རྨོས་པའི་ལོ་ཏོག་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དེ་ནས་རིམ་བཞིན་འབྲུ་རིགས་འདེབས་ལས་དང་སྒོ་ཕྱུགས་གསོ་སྐྱོང་གིས་ཞིང་ལས་དང་ཕྱུགས་ལས་བྱུང་ཞིང་།དེ་རྗེས་སུ་འབྲོག་པ་བྱུང་བ་བཞིན་བོད་སྒང་བ་རུ་ཡང་བྱུང་རིམ་དེ་བརྒྱུད་ཡོད་པ་གནའ་རྫས་དཔྱད་ཞིབ་གྲུབ་འབྲས་ཀྱིས་བདེན་དཔང་བྱས་ཡོད།དཔེར་ན། ལོ་ངོ་འབུམ་༡་དང་ཁྲི་༨་ནས་༢་འབུམ་སྐབས་སུ་ལྷ་སའི་ཉེ་འཁོར་ཆུ་བཟང་སྡེ་བའི་ཡུལ་དེར་མིིའི་རིགས་འཚོ་གནས་བྱེད་ཀྱིན་ཡོད་པ།ལོ་ངོ་འབུམ་༡་དང་ཁྲི་༩་ནས་འབུམ་༡་གི་ཡར་སྔོན་བར་དུ་སེ་པེ་ལེ་ཡའི་རྒན་གྱའི་བྲག་དཀར་བ་ཏན་ཉི་སུའོ་ཝ་རང་དུ་འཚོ་གནས་བྱེད་བཞིན་ཡོད། ལོ་ངོ་འབུམ་༡་དང་ཁྲི་༦་གི་སྔོན་དུ་བོད་སྒང་བའི་རྒན་གྱའི་བྲག་དཀར་དུ་འཚོ་གནས་བྱེད་བཞིན་ཡོད།ལོ་ངོ་ཁྲི་༤་ཡི་ཡར་སྔོན་ནས་ཁྲི་༨་ཀྱི་ཡར་སྔོན་དུ་མེ་ལོང་ལྟག་ཕུག་བྲག་ཕུག་ཏུ་མིའི་རིགས་འབོར་ཆེན་འཚོ་གནས་བྱེད་ཀྱིན་ཡོད་པ། ལོ་ངོ་ཁྲི་༣་ནས་ཁྲི་༤་ཡི་སྔོན་ལ་བོད་བྱང་ཐང་ཤན་རྩ་རྫོང་གི་ཉ་དེའུ་རུ་མིའི་རིགས་འཚོ་གནས་བྱེད་ཀྱིན་ཡོད་པ། འདི་དག་ནི་རྒན་གྱའི་བྲག་དཀར་བ་རྒན་གྱའི་བྲག་དཀར་གནས་ཁང་ནས་ཕྱིར་ཐོན་པའི་དུས་སྐབས་ཡིན།ལོ་ངོ་ཁྲི་༡་དང་སྟོང་ཕྲག་༥་ནས་ཁྲི་༡་དང་སྟོང་ཕྲག་༣་གྱི་སྔོན་དུ་མཚོ་སྔོན་པའི་ལྷོ་མཐའི་ཅང་ཤེས།རྟ་ནག་མ། རྨོག་རུ་སོགས་སུ་མིའི་རིགས་དུས་ཡུན་འདྲ་མིན་ལ་འཚོ་གནས་དང་རྡོ་ཆས་བཟོ་ལས་བྱས་ཡོད་པ། ལོ་ངོ་ཁྲི་༡་དང་སྟོང་ཕྲག་༡་ནས་སྟོང་ཕྲག་༨་ཀྱི་བར་དུ་བྱུང་བའི་མངའ་རིས་རུ་ཐོག་རྫོང་གི་ཤར་གཏད་མཚོ་གནའ་ཤུལ།ལོ་ངོ་༨༩༠༠་ནས་༨༥༠༠་སྔོན་གྱི་གནའ་མི་འདུས་སྡོད་བྱ་ཡུལ་སོགས་ནི་རི་དྭགས་རྔོན་པ་དང་མ་རྨོས་བའི་ལོ་ཏོག་ལ་བརྟེན་བའི་དུས་སྐབས་དང་། ལོ་ངོ་སྟོང་༤་དང་བརྒྱ་ཕྲག་༤་ནས་སྟོང་ཕྲག་༥་སྔོན་གྱི་ཆབ་མདོ་ཁ་རུབ་ཀྱི་སྡེ་བ་དང་ལོ་ངོ་༤༣༠༠་ཡས་མས་ཀྱི་བཀའ་མ་ལོག་ལ་ཀྱཱ་སྡེ་བའི་མི་རྣམས་ཀྱིས་འབྲུ་རིགས་འདེབས་་ཀྱིན་ཡོད་པ་མ་ཟད། འབྲུ་རིགས་ཕྱེ་རུ་འཐེག་ནས་ཐུག་པ་བཟོ་བཞིན་ཡོད། ལ་ཀྱཱ་གནའ་ཤུལ་དུ་འཛམ་གླིང་ཐོག་གི་ཐུག་པ་སྔ་ཤོས་རྙེད་ཡོད་པ་ཡིན།གཞན་སྒོ་ཕྱུགས་ཀྱང་གསོ་སྐྱོང་བྱེད་ཀྱི་ཡོད། ཁ་རུབ་དང་ལ་ཀྱཱ་སྡེ་བ་གཉིས་སུ་ཕག་དང་བ་གླང་སོགས་སྒོ་ཕྱུགས་ཡོད་པ། ལྷག་པར་དུ་ཁ་རུབ་དུ་ལམ་ག་བཟོ་ལས་བྱས་ཡོད། (འདིའི་སྐོར་གྱི་གལ་གནད་གཤམ་གྱི་ཤིང་རྟའི་རིག་གནས་བརྗོད་པའི་སྐབས་སུ་བརྗོད་པར་བྱའོ།) དེ་བཞིན་ལོ་ངོ་སྟོང་༣་དང་བརྒྱ་ཕྲག་༤་ཡི་སྔོན་གྱི་ཆུ་གོང་གནའ་ཤུལ་དང་པང་ཁ་གནའ་ཤུལ་དུ་ལག་སྐོར་རང་འཐག་ལས་རྩམ་པ་འཐག་གིན་ཡོད་པ་དང་། སྒོ་ཕྱུགས་ལ་ནོར་ནག་དང་མཛོ།ར་མ།ལུག་དང་བ་གླང་སོགས་ཡོད།དེ་མ་ཟད་གནའ་ཤུལ་དང་ཐག་རིང་བོ་མེད་པའི་རི་ཆེན་པོ་སྒང་དུ་འབྲོག་པའི་མཚེར་ཤུལ་ཡང་རྙེད་ཡོད།(༡༡)མེ་ལོང་ལྟག་ཕུག་བྲག་ཕུག་ཏུ་ནས་དང་སྲན་མ་གསར་རྙེད་བྱུང་བའི་དུས་ཡུན་གཏན་འབེབས་བྱས་མེད་མོད།མ་འོངས་པར་བོད་སྒང་བའི་ཞིང་ལས་རིག་གནས་ཀྱི་ལོ་རྒྱུས་ལོ་ངོ་བཞི་ཁྲིའི་སྔོན་ལ་འགྱུར་བ་གཏོང་དགོས་འབྱུང་སྲིད།བོད་རང་གི་སྐད་དུ་ཡུལ་འབྲོག་གཉིས་སམ་ཞིང་འབྲོག་གཉིས།ཡང་ན་རོང་འབྲོག་གཉིས་ཟེར་བ་བྱུང་ཡོད། གོང་གི་ཁ་རུབ།ལ་ཀྱཱ་སྡེ་བ།ཆུ་གོང་དང་པང་ཁ་བ་རྣམས་ནི་ཞིང་པ། ཡུལ་བའམ་ཞིང་མ་འབྲོག་འཇམ་པ་ཟེར་བར་ངོས་འཛིན་བྱས་ཀྱང་ཆོག དུས་སྐབས་འདིའི་ཡར་སྔོན་ནས་བོད་ཀྱི་ཞིང་འབྲོག་སོ་སོར་གྱེས་ཟིན་པ་གསལ་བོ་རེད།དེ་བས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་འབྲོག་པའི་བྱུང་བ་དང་དུས་མཉམ་ཡིན།

འབྲོག་པའམ་རང་རྐྱ་འཕེར་བའི་འབྲོག་ལས་ཀྱི་ཚད་གཞི་གང་ཡིན་ཟེར་ན།སྤྱིར་བཏང་བོད་པས་ཕྱུགས་ཀྱི་རིགས་ཏེ་གཙོ་བོ་རྟ་ནོར་ལུག་གསུམ་ལ་བརྟེན་ནས་འཚོ་བ་རོལ་བའམ་རུ་བ་སྤོར་ནས་འབྲོག་ལས་བྱེད་པ་ལ་ཟེར་མོད།ཡིན་ཡང་མི་རིགས་གཞན་གྱི་མཁས་པས་དཀར་ཆུ་ཐོན་རྫས་བཟོ་སྟངས་གཏན་ཁེལ་བ་ནས་ད་གཟོད་འབྲོག་པ་དངོས་སུ་གྲུབ་པར་བརྗོད།(༡༢)གལ་ཏེ་ཚད་གཞི་ཕྱི་མ་དེ་ལྟར་ན་ཡང་བོད་སྒང་བ་རྣམ་གླིང་རྫོང་གི་གུང་ཐང་གནའ་ཤུལ་དུ་ལོ་ངོ་སྟོང་ཕྲག་༣་གྱི་སྔོན་གྱི་འབྲོག་པའི་དཀར་ཆུའི་རིགས་ཀྱི་ལྷག་རོའི་རྒྱུ་ཆ་སོགས་རིགས་གཉིས་རྙེད་ཡོད། གཅིག་ནི་སྲོག་ཆགས་ཀྱི་ཤ་དང་ལྤགས་པ། ཁྲག རུས་པ་སོགས་ཡིན་པ་དང་། རིགས་གཞན་ཞིག་ནི་ལས་སྣོན་བྱས་ནས་བྱུང་བའི་ཐོན་རྫས་འོ་མ་དང་། བལ། ལྕི་བ་སོགས་རེད།  ལྷག་པར་དུ་ཉར་ཚགས་བྱ་ཆོག་པའི་དཀར་ཆུའི་རིགས་དེ་ནི་ཕན་འབྲས་ཆེ་བའི་ཐོན་རྫས་གསར་སྤེལ་བྱས་པར་ངོས་འཛིན་པ་དང་དེས་འབྲོག་ལས་ཀྱི་འཕེལ་རྒྱས་ལའང་སྐུལ་མ་ཐེབས་ཡོད།(༡༣)དོན་དངོས་སུ་གུང་ཐང་གནའ་ཤུལ་ནི། ཞིང་པའམ་ཡུལ་བའི་གནའ་ཤུལ་ཞིག་ཡིན།འབྲོག་ནི་གནའ་ཤུལ་དེ་དང་ཉེ་བར་ཡོད་པ་མ་ཟད་ཉེ་དུས་DNA་ལ་ཉམས་ཞིབ་བྱས་པའི་གྲུབ་འབྲས་ཚན་རིག་དྲ་བ་ཞེས་པའི་སྒང་ལ་ཐོན་པ་ལྟར་ན། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བོད་ལྷོ་ཁ་འཕྱོངས་རྒྱས་པང་ཁ་རུ་འབྲོང་འདུལ་བའི་ནོར་ནག་དང་བ་སྒོ་ཟོག་ཏུ་གྱུར་ཡོད་པ་མ་ཟད། ནོར་ནག་དང་བ་འདུས་ནས་མཛོ་ཡང་གསོ་སྐྱོང་བྱེད་ཀྱིན་ཡོད་པ་བདེན་དཔང་བྱས་ཡོད། དེ་བས་སྐབས་དེར་བོད་ཀྱི་འབྲོག་པས་དཀར་ཆུའི་རིགས་ཀྱི་ཐོན་རྫས་བཟོ་བཞིན་ཡོད་པ་མ་ཟད། སྒོ་ཟོག་ནོར་ནག་དང་བ་གཞི་རྒྱ་ཆེན་པོར་གསོ་སྐྱོང་དང་། ནོར་ནག་དང་རྒྱུད་སྤེལ་ནས་མཛོ་སྟེ་སྒོ་ཟོག་རིགས་གསར་བ་གསོ་སྐྱོང་བྱེད་ཀྱིན་ཡོད་པ་བདེན་དཔང་བྱས་ཡོད།(༡༤)

སྤྱིར་བཏང་འབྲོག་པའི་བྱུང་རིམ་བརྗོད་དུས་གནམ་གཤིས་འགྱུར་བ་དང་རྩྭའི་འདང་མིན་གྱི་དབང་གིས་རུ་བ་སྤོ་བས་འབྲོག་པ་བྱུང་བར་བརྗོད་མོད།བོད་པའི་འབྲོག་པ་ཡང་རྩྭ་ཆུའི་དགོས་དབང་གིས་རུ་བ་སྤོ་བཞིན་ཡོད་པ་གཅིག་མཚུངས་ཡིན་ཀྱང་། བོད་སྒང་བའི་འབྲོག་པ་ལ་མཚོན་ན་གཞན་དང་མ་འདྲ་བ་ནི་ས་བབ་དང་གནམ་གཤིས་ཀྱི་དབང་གིས་རུ་བ་སྤོ་བཞིན་ཡོད། དཔེར་ན། འབྲོག་པའི་དགུན་སར་རྩྭ་ཆུ་ཇི་ལྟར་བཟང་ཡང་དགུན་དུས་གྲང་ངར་དང་ཁ་བས་གནས་སྡོད་བྱ་ཐབས་མེད་པས་དགུན་དུས་སུ་ས་བབ་དམའ་བ་དང་དྲོ་སར་གནས་སྡོད་བྱེད་དགོས།

 

༢༽ འབྲོག་པའི་དཔལ་ཡོན།

འབྲོག་པ་ནི་མཁར་གྲོང་ངམ་གྲོང་ཁྱེར་རྒྱལ་ཁབ་སྟེ་རྒྱ་ནག་གི་ངོས་ནས་ཀླ་ཀློ་དང་དྲག་པོའི་ལས་ལ་དགའ་བ།ཤེས་ཡོན་མ་དར་བའི་མི་རིགས་ཡིན། དེ་བས་རྒྱའི་ལོ་རྒྱུས་ནང་དུ་འབྲོག་པའི་མི་རིགས་ལ་ཡེ་ཟེར་བའི་ཐ་སྙད་སོགས་བེད་སྤྱོད་ཀྱིས་མཐོང་ཆུང་བྱེད་ཀྱིན་ཡོད།ལྷག་པར་དུ་བོད་དང་སོག་པོ། མན་ཇུ་སོགས་ཀྱིས་ཡང་ནས་བསྐྱར་དུ་ཕམ་པར་བྱས་པས་རྒྱ་ནག་པའི་ལྟ་བ་དེ་སྔར་ལས་ཆེ་རུ་སོང་ཡོད། གཞན་འབྲོག་པས་འཇིགས་སྣང་ཡང་ཡང་བཟོས་པའི་གནའ་བོའི་རྒུ་རེ་སི་ལ་ཡང་གོང་དང་འདྲ་བའི་ལྟ་བ་ཡོད་པར་བརྗོད།

དོན་དངོས་སུ་འབྲོག་པ་ནི་ཅི་འདྲ་ཞིག་ཡིན་པ་དང་།འབྲོག་པས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་གོ་གནས་གང་འདྲ་ཞིག་ཟིན་ཡོད་པའི་སྐོར་ལ་ཉམས་ཞིབ་ཀྱི་གྲུབ་འབྲས་གང་ལ་གང་འཚམས་བྱུང་ཡོད། ཉི་ཧོང་གི་མཁས་པ་མེ་སྒྲོལ་ཀྲུང་ཧྤོ་ལགས་ཀྱིས་འབྲོག་པ་ནི་འདེད་ཤུགས་ཤིག་ཡིན་ཟེར། དེ་སྐོར་ལ་སོག་ཡུལ་རྩྭ་ཐང་གི་འབྲོག་པའི་མཁས་པ་ཨི་ཉེ་སི་ཁྲོ་དགེ་ཐི་ལགས་ཀྱིས་ལོ་རྒྱུས་ཀྱི་འདེད་ཤུགས་ཏེ་འབྲོག་པ་ཟེར་བའི་བརྗོད་གཞི་ལ་དཔྱད་པ་རྒྱས་པ་ཞིག་གཤམ་གསལ་ལྟར་བྱས་ཡོད།

འབྲོག་པ་ཟེར་དུས་ང་ཚོའི་མིག་ལམ་དུ་ཤར་ཡོང་བ་ནི།དམག་དོན་སྟོབས་ཤུགས་ཡིན། རྒྱ་ནག་གི་བསམ་བློའི་མིག་ཤེལ་བརྒྱབ་ནས་བལྟས་ན། འབྲོག་པའི་མི་རིགས་ཀྱི་དམག་དོན་སྟོབས་ཤུགས་ནི་ཀླ་ཀློ་དང་རྩུབ་པོ།དྲག་པོའི་ལས་ལ་དགའ་བ་མཚོན་གྱིན་ཡོད་པའི་སྣང་བརྙན་གཏན་ཁེལ་བ་དེ་ཡིན་མོད།དོན་དངོས་སུ་དེ་ལས་མང་བ་ཡོད།དམག་དོན་སྟོབས་ཤུགས་ཟེར་བ་ནི།སྐབས་དེའི་ཚན་རིག་ལག་རྩལ་དང་སྤྱི་ཚོགས་མ་ལག།ཚོགས་སྡེ་ཡི་གོང་བུར་འགྲིལ་ཤུགས།བརྡ་འཕྲིན་འཚོལ་བསྡུ་ཡི་ནུས་པ་སོགས་ཀྱི་སྤྱི་བསྡོམས་ཡིན། འབྲོག་པར་དཔའ་ངར་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ནི་འབྲོག་ལས་སམ་ཕྱུགས་ལས་ཀྱི་སྟོབས་ཤུགས་ཡིན་དགོས།འབྲོག་ལས་ཟེར་བ་ནི་ཕྱུགས་ཟོག་ལ་རྩྭ་ཟ་རུ་བཅུག་ནས་རང་བཞིན་གྱིས་འཆི་གསོན་བྱེད་དུ་འཇུག་པ་ཙམ་རྩ་བ་ནས་མིན། དེ་ནི་རྟ་དང་ནོར་ནག རྔ་མོང་སོགས་སེམས་ཅན་ཆེན་པོའི་རིགས་འདུལ་བ། གསོ་སྐྱོང་། དོ་དམ་བྱེད་པའི་ལག་རྩལ་སོགས་ནི་ཚད་མཐོ་བའི་དཔལ་ཡོན་ཞིག་ཡིན། འབྲོག་པའི་འཚོ་བའི་ནང་གལ་ཆེ་ཤོས་ནི། འབྲོག་པར་འོས་པའི་རྩྭ་ཐང་འཚོལ་རྒྱུ་དང་།ཚོགས་སྡེ་གཞན་དང་སྙོམ་མཐུན་དང་གནས་སྤོ་བྱ་རྒྱུ་དེ་ཡིན།རྟ་དང་ནོར། རྔ་མོང་སོགས་ནི་རྒྱ་ཆེ་བའི་རྩྭ་ཐང་དུ་གནས་སྤོ་བྱེད་པའི་འདེད་ཤུགས་ཡིན།

དེ་ལས་གལ་ཆེ་བ་ནི།བརྡ་འཕྲིན་གྱི་སྟོབས་ཤུགས་ཡིན།ཞིང་བ་དང་བསྡུར་ན་འབྲོག་པ་ལ་གནམ་གཤིས་དང་ཁོར་ཡུག་གི་འགྱུར་བས་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད།དེ་བས་ས་ཆའི་གནས་བབས་སོགས་ཀྱི་བརྡ་འཕྲིན་ཡང་དག་ཡིན་མིན་ནི་འཆི་གསོན་ལ་ཐུག་པའི་གནད་དོན་ཆེན་པོ་ཞིག་ཡིན།ས་ཁུལ་ངེས་ཅན་ཞིག་ཏུ་གཞིས་ཆགས་ནས་གཏན་སྡོད་བྱེད་པའི་ཞིང་བ་དང་བསྡུར་ན་འབྲོག་པ་ནི་རྒྱ་ཆེ་བའི་ས་ཁུལ་དུ་གནས་སྤོ་བྱེད་ཀྱིན་ཡོད་པས་རྒྱུན་ཆད་མེད་པར་མཐོང་ཐོས་དང་བརྟག་དཔྱད་བྱ་དགོས།དེ་བས་ཆེས་འཛམ་གླིང་རང་བཞིན་གྱི་བརྡ་འཕྲིན་ཤེས་ཀྱིན་ཡོད།་་་་་་འདི་ལྟ་བུའི་བརྡ་འཕྲིན་སྟོབས་ཤུགས་དེ་ཚོང་ལས་ལ་བེད་སྤྱོད་བྱེད་ཀྱིན་ཡོད།གཞན་སྐྱེད་འདྲེན་སྟོབས་ཤུགས་ལེགས་པ། ས་ཁུལ་འདྲ་མིན་བར་དུ་འགྲུལ་བཞུད་བྱེད་པ།ས་ཁུལ་སོ་སོའི་ཐོན་དངོས་དང་ཚོང་རའི་དགོས་མཁོ་ཡང་དག་ཤེས་པའི་འབྲོག་པ་ནི་ཕུལ་བྱུང་གི་ཚོང་ལས་མི་རིགས་ཀྱང་ཡིན། (༡༥)

རྒྱ་ནག་གི་མཁས་པ་སོའོ་པིན་ཆེ་ཡིས་བྱང་ཕྱོགས་རྩྭ་ཐང་མི་རིགས་ཀྱི་རིག་གནས་ནི་ཧ་ཅང་གི་གསོན་ཤུགས་ལྡན་པ་དང་ཕུན་སུམ་ཚོགས་པ་ཡིན།རིག་གནས་དེས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལ་གསོན་ཤུགས་དང་ཚེ་སྲོག་གསར་པ་སྦྱིན་ཡོད་ཟེར། (༡༦)

འབྲོག་པའི་སྤྱི་ཚོགས་ནང་དུ་མི་སེར་དཀྱིལ་མ་ནི་ཕྱོགས་གང་ནས་བལྟས་ཀྱང་ཞིང་པ་ས་ཁུལ་གྱི་མི་སེར་དཀྱིལ་མ་ལས་བདེ་སྐྱིད་ལྡན་པ་ཡིན། གཞི་རྒྱ་ཆེན་པོའི་ཞིང་པ་ཡིན་པའི་རྒྱལ་ཁབ་ཀྱི་སྡོད་དམངས་དང་བསྡུར་ན་འབྲོག་པའི་ཟས་སྣ་ཕུན་སུམ་ཚོགས་པ་ཡིན་ལ་འཚོ་གནས་བྱེད་པ་ཡང་ལས་སླ་བོ་ཡིན་པ་མ་ཟད།ཚེ་ཐག་ཀྱང་རིང་པོ་ཡིན། (༡༧) དེ་མ་ཟད་རྒྱའི་ཡིག་ཚང་ཐང་ཡིག་གསར་བ་རུ་བོད་པའི་སྐོར་ལ། མི་རྣམས་ཚེ་རིང་ཞིང་ལོ་བརྒྱ་ཐུབ་པ་མང་པོ་ཡོད་སོགས་བཀོད་པ་ལས་གོང་གི་མཁས་པའི་ལྟ་བའི་རྒྱབ་རྟེན་ཅི་ལ་མིན།

ཉི་ཧོང་གི་མཁས་པ་སིན་ཡན་ཀྲིན་ཡའེ་ཡིས་འབྲོག་པ་ནི་དཔལ་ཡོན་ཞིག་ཡིན། གོ་བདེ་བར་བཤད་ན།འབྲོག་པའི་འཚོ་བ་ནི་སྟབས་བདེ་བབ་ཆགས་ལས་བྱུང་བའི་འབྲས་བུ་ཡིན། འབྲོག་པའི་འཇིག་རྟེན་དུ་བསམ་བློ་ཚུད་པའི་ཡོད་ཚད་ཕྱི་གསལ་ནང་གསལ་ཡིན། འབྲོག་པའི་རྨང་གཞི་ནི་རུ་བ་སྐྱས་སྤོའི་རང་བཞིན་ཡིན། (༡༨)

འབྲོག་པར་གཞི་རྒྱ་ཆེ་བའི་སྒྲིག་འཛུགས་དང་སྤྱི་ཚོགས་མཉམ་འབྲེལ་མེད་རུང་འཚོ་གནས་བྱེད་ཐུབ།དེ་བས་རང་བཙན་རང་བདག་གི་འབྲོག་པ་ནི་རང་དབང་ལ་དགའ་བ་དང་།མཐོང་རྒྱ་ཆེ་བ་ཡིན། (༡༩)

འབྲོག་པའི་སྤྱི་ཚོགས་ནི།སྟོབས་ཤུགས་ཀྱིས་འཚོ་བའི་སྤྱི་ཚོགས་ཤིག་ཡིན།བཤད་སྟངས་གཞན་ཞིག་ནི་འདྲ་མཉམ་གྱི་སྤྱི་ཚོགས་ཀྱང་ཡིན།རྒྱུ་མཚན་ནི།ས་ཆ་སྒེེར་ལ་བདག་པ་མིན།དེ་བས་གནས་གཞིས་ངེས་བརྟན་བེད་སྤྱོད་ཀྱིས་ཁྱིམ་དར་ཕྱུག་འགྱུར་ཟེར་བའི་གནས་སྟངས་མེད་ལ།ཐལ་དྲགས་པའི་དབུལ་ཕྱུག་གི་ཁྱད་པར་འབྱུང་མི་སྲིད་པ་ཡིན།དེ་རུ་དབུལ་ཕྱུག་དང་མཆོག་དམན་གྱི་ཁྱད་པར་མེད།ཡོད་པ་ནི་སྟོབས་ཤུགས་ཀྱི་ཁྱད་པར་ཡིན། སྟོབས་ཤུགས་ཀྱི་ཆེ་ཆུང་ནི་མི་དེ་ལ་རྒྱ་ཆེ་བའི་འཇིག་རྟེན་གྱི་མཐོང་རྒྱ་དང་ཤེས་རྒྱའི་སྒང་ནས་གཏན་འབེབས་བྱེད་ཀྱིན་ཡོད། ཤེས་བྱ་ལ་དོ་སྣང་བྱེད་པ་ནི་རྒྱུ་ནོར་ལ་དོ་སྣང་བྱེད་པ་ལས་ཀྱང་གལ་ཆེ། འདི་ནི་འབྲོག་པའི་སྤྱི་ཚོགས་ཡིན། (༢༠)

རྒྱ་ནག་གི་མཁས་པ་ལེ་ཡིན་ཞན་ལགས་ཀྱིས་ཞིང་འབྲོག་གཉིས་ལྡན་གྱི་གྲུབ་སྟངས་འདིས་བོད་སྒང་བའི་དཔལ་ཡོན་འཕེལ་ཕྱོགས་དང་ཁྱད་ཆོས་ལ་གཏན་ཁེལ་རང་བཞིན་གྱི་ནུས་པ་ཐོན་ཡོད།་་་་་་་འབྲོག་ལས་རིག་གནས།ལྷག་པར་དུ་འབྲོག་པའི་རིག་གནས་ཀྱིས་རྒྱང་ཐག་རིང་བའི་ཚོང་ལས།རིག་གནས་དང་བརྒལ་བའི་འབྲེལ་འདྲིས།མངའ་ཁོངས་རྒྱ་བསྐྱེད་ལ་འགུལ་ཤུགས་ངེས་ཅན་ཐོན་ཡོད་ཟེར། (༢༡)

གོང་དུ་བཀོད་པ་ནི།མི་རིགས་གཞན་གྱི་མཁས་པ་ཚོས་འབྲོག་པའི་ཁྱད་ཆོས་སྐོར་བརྗོད་པ་ཡིན། དེ་དག་འབྲོག་པ་སྤྱིའི་ཁྱད་ཆོས་ཟེར་ཡང་མི་ཆོག་པ་མེད།གཞན་ཡང་གསལ་འདེབས་བྱེད་དགོས་པ་ཞིག་ནི། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་འབྲོག་པ་རྣམས་ཞིང་པའམ་རོང་ལ་རྩ་བ་ནས་འབྲེལ་བ་མེད་པ་མིན།དེ་ལས་ལྡོག་སྟེ་འབྲོག་པས་ཚོང་ལས་བྱེད་ཡུལ་གཙོ་བོ་ནི་ཞིང་པ་ཡིན།བོད་ཀྱི་གཙང་བོ་ཆེན་པོའི་རྒྱུད་དུ་རོང་ཆེན་ཁག་དང་ཡུལ་བ། མ་པ་ཆགས་ཡོད་པས་འབྲོག་པ་དང་འབྲེལ་བ་ཆེན་པོ་ཡོད་པ་དེ་བརྗོད་མི་དགོས་པ་ཞིག་ཡིན།

བོད་ཡིག་ཏུ་འབྲོག་པ་ཞེས་པའི་ཐ་སྙད་ཐོན་སྔ་ཤོས་ནི་ཏུན་ཧོང་ཡིག་རྙིང་ནང་དུ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང །་་་་་་(༢༢)ཟེར་བ་སོགས་ཡིན། དེ་བས་བོད་བཙན་པོའི་སྐབས་སུ་ཞིང་འབྲོག་གཉིས་ལ་དབྱེ་བ་གསལ་བོ་ཡོད་པ་ཡང་ཤེས། བཞིན་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་རྒྱ་ཆེ་བའི་འབྲོག་པ་དང་རོང་གི་ཞིང་པའི་འབྲེལ་བ་ཡང་བོད་དང་མཚུངས་སོ།

 

༣༽ འབྲོག་པའི་ཞན་ཆ།

སྤྱིར་བཏང་ཞིང་འབྲོག་གང་ཡིན་ཡང་ཞན་ཆ་མེད་པ་ཞིག་དཀོན་མོད།འདི་རུ་བརྗོད་པའི་ཞན་ཆ་འདི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་འབྲོག་པ་མང་ཆེ་བའི་ཞན་ཆ་ཡིན་པར་བརྗོད།ཡིན་ཡང་བོད་སྒང་བའི་འབྲོག་པར་ཁྱབ་པའི་ངེས་པ་མེད། ཨི་ཉེ་སི་ཁྲོ་དགེ་ཐི་ཡིས་བརྗོད་པ་ལྟར་ན། གངས་སྐྱོན་ནི་འབྲོག་པར་མཚོན་ན་ཉེན་ཁ་ཆེ་བའི་རང་བྱུང་གི་གནོད་སྐྱོན་ཡིན་ཟེར།རྟ་ཐོག་ནས་ཕྱོགས་བཞི་ལ་གང་འདོད་ལྟར་འགྲོ་བཞིན་པའི་འབྲོག་པ་ལ་མཚོན་ན་གངས་སྐྱོན་ཐེངས་གཅིག་གིས་རྩ་མེད་བཟོ་བའི་ཉེན་ཁ་ཡོད་ཟེར། ཐ་ན་གངས་སྐྱོན་ཐེངས་གཅིག་གིས་འབྲོག་པའི་རྒྱལ་ཁབ་གཅིག་རྩ་མེད་དུ་བཟོས་མྱོང་ཡོད་ཟེར། ཡིན་ན་ཡང་བོད་སྒང་བར་མཚོན་ན། ས་རྒྱ་ཆེ་ལ་རི་རྒྱུད་གཅིག་གི་ཉིན་སྲིབ་ཀྱི་གནམ་གཤིས་ལ་ཁྱད་པར་ཡོད་པས།ལོ་རྒྱུས་ཐོག་མཚན་གཅིག་གི་གངས་སྐྱོན་གྱིས་བོད་ཀྱི་འབྲོག་པ་ཡོངས་ལ་ཁྱབ་པའི་གནོད་སྐྱོན་ཐེབས་པ་ཕལ་ཆེར་བྱུང་མེད། དེ་བས་བོད་ཀྱི་འབྲོག་པ་ལ་བྱེ་བྲག་གི་ཁྱད་ཆོས་ཀྱང་མང་པོ་ཞིག་ཡོད་པ་རང་བཞིན་གྱི་མངོན་ཡོད།

 

༤༽བོད་དང་ཙི་ན།

གོང་ནས་བཤད་ཟིན་པ་བཞིན་བོད་སྒང་བ་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཆ་ཤས་ཡིན་པ་དང་། དེ་བས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཐུན་མོང་གི་ཁྱད་ཆོས་ཏེ་འབྲོག་པའི་དཔལ་ཡོན་གྱི་ཁྱབ་ཁོངས་ཀྱང་ཡིན།དེའི་སྐོར་ལ་རྒྱ་ནག་གི་མཁས་པ་ལེ་ཡིན་ཞན་ལགས་ཀྱིས་བོད་ཀྱི་འབྲོག་ལས་ག་དུས་བྱུང་བའི་དུས་ཚོད་སྐོར་ལ་ད་ལྟ་ཧ་ཅང་གསལ་བོ་མེད་ཀྱང་། རྒྱུ་ཆ་གོང་འོག་བསྒྲིགས་ན་བོད་སྒང་བའི་ཨེ་ཤེ་ཡ་ནང་མའམ་ཡོ་རོབ་ཨེ་ཤེ་ཡ་དབུས་མའི་རྩྭ་ཐང་རིག་གནས་༼ཉི་ཧོང་གི་མཁས་པ་ཨི་ཉེ་སི་ཁྲོ་དགེ་ཐི་ལགས་ཀྱི་རྩྭ་ཐང་རིག་གནས་ཟེར་བ་ནི་རྒྱ་ནག་གི་དེང་གི་མཁས་པས་གསར་གཏོད་བྱས་པ་ཞིག་ཡིན་པ་ལས་དོན་དངོས་སུ་འབྲོག་པའི་རིག་གནས་རེད་ཟེར།༽ དང་འབྲེལ་བ་འདུག་ཟེར།འདི་རུ་འདོད་ལ་མི་འདོད་དང་གསལ་ལ་མི་གསལ་གྱིས་བོད་དང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཐུན་མོང་གི་རིག་གནས་ཀྱི་འབྲེལ་བ་ཁས་ལེན་བྱས་ཡོད།འབྲོག་པ་ནི་ལོ་ངོ་སྟོང་ཕྲག་མང་པོར་བོད་སྒང་བའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཡིན། དེ་དང་བསྡུར་ན་ཙི་ནའི་ཡུལ་ནི་ཡོ་ཪོལ་ཨེ་ཤེ་ཡ་ས་ཆེན་དང་རྩ་བ་ནས་མི་འདྲ་བའི་ཞིང་ལས་ཁོ་ན་དང་གྲོང་ཁྱེར་རྒྱལ་ཁབ་ཟེར་བ་དེ་ཡིན། དེ་བས་གནའ་བོའི་བོད་སྒང་བའི་དཔལ་ཡོན་དང་གནམ་སའི་ཁྱད་པར་ཡོད།འགྲོ་བ་མིའི་བྱུང་རིམ་དང་སྤྱི་ཚོགས་ཀྱི་གྲུབ་སྟངས། དེ་བཞིན་འཚོ་གནས།རིག་གནས་དང་དཔལ་ཡོན་སོགས་ཕྱོགས་ཡོངས་སུ་ཐུན་མོང་གི་གཞི་མཐུན་མེད།

ཐོག་མར་བོད་སྒང་བ་ནི།འབྲོག་ལས་གཙོ་བོ་ཡིན་ཡང་། ག་ཟུང་འབྲེལ།རི་དྭགས་རྔོན་པ་དང་མ་རྨོས་བའི་ལོ་ཏོག་ལ་བརྟེན་པའི་ཚོགས་སྡེ་སོགས་མཉམ་གནས་བྱེད་ཀྱི་ཡོད།ཙི་ནའི་ཡུལ་ནི་གྲོང་ཁྱེར་རྒྱལ་ཁབ་ཡིན། འཚོ་རྟེན་ཞིང་ལས་ཡིན། གོང་དུ་འབྲོག་པའི་ཁྱད་ཆོས་བཤད་སྐབས་སུ་གནའ་བོའི་ཞིང་འབྲོག་གཉིས་ལས་འབྲོག་པ་ནི་སྔོན་ཐོན་དང་། འཛམ་གླིང་རང་བཞིན་གྱི་ཤེས་བྱ་ཡོད།འོན་ཀྱང་ཞིང་བ་དེ་ལས་ལྡོག་པ་ཡིན། དེ་བས་ཙི་ན་བས་འབྲོག་པ་ནི་དཔལ་ཡོན་དང་རིག་གནས་དར་མེད་པའི་ཀླ་ཀློ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད།དེ་དང་མཚུངས་བའི་མཐོང་ཆུང་དང་དམའ་འབེབས་ཀྱི་ཐ་སྙད་མང་པོ་ཞིག་བཟོས་ཡོད། ཉི་ཧོང་གི་མཁས་པ་ཚོས་བརྗོད་ན།དེ་ནི་ཕམ་སེམས་ཀྱིས་ཁེངས་བའི་མགོ་རྙོག་ཅན་གྱི་ཀྲུང་ཧྭའི་སེམས་ཁམས་རེད་ཟེར།

 

གཉིས་པ། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་ཤ་བའི་རིག་གནས།

ཤ་བ་ནི་བོད་ཀྱི་རིག་གཞུང་ནང་དུ་ས་ཁྱབ་རྡོ་ཁྱབ་ཡིན་ཟེར་ན་མི་འགྲིག་པ་མེད།ཆོས་ལུགས་ལ་མཚོན་ན་སྲུང་མ་ཤ་མགོ་ཅན། གྲི་བཙན་ཤ་མགོ་ཅན་ལྟ་བུ།(བན་བོན་གཉིས་ཀྱི་གང་གི་སྲུང་མ་ཡིན་པར་རྩོད་པ་ཡོད་པར་བརྗོད།)ད་ལྟའི་ཆར་བོད་ནང་གི་ཁམས་རྫོགས་ཆེན་དགོན་པའི་སྲུང་མ་གཙོ་བོ་ཞིག་ཡིན་ལ།དགོན་པ་འདི་དང་འབྲེལ་བའི་དགོན་ཁག་ཏུ་མཆོད་བཀུར་བྱེད་སྲོལ་ཡོད་པར་བཤད། (༢༣) བསྟན་མ་སོགས་ཀྱི་ཆིབས་པ།དཔེར་ན།དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་ཤ་བ་ཆིབས་པ། (༢༤) ཚེ་རིང་མཆེད་ལྔའི་ལྷ་མོ་ཅོད་པན་མགྲིན་བཟང་མ་ཤ་བ་ཡུ་མོ་ཆིབས་པ།གཞི་བདག་ཨ་མྱེས་ཤ་བོ་སོགས་མང་པོ་ཡོད། དགོན་པ་ཁག་གི་འཆམ།བོན་པོའི་ཡིག་ཚང་དུ་ཤ་བའི་སྐོར་བཀོད་ཡོད་པ་མ་ཟད། མིང་ལ་ཡང་ཤ་བ་རུ་རྒྱས་བཞུགས་སོའམ་ཤ་བ་རུས་རྒྱས་ཀྱི་མདོ་ལྟ་བུ་ཡོད། (༢༥) ཤ་བ་བླ་ཟོག་ཡིན་པ་བོད་ཀྱི་མིའུ་གདོང་དྲུག་གི་རུས་མཛོད་ལས། སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་། རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག  སྦྲའི་རྐྱང་། སྒའི་ལུག  སྒོའི་བླ་ཟོག་ར་ལྟ་བུ།དེ་བས་བླ་ཟོག་ཤ་བའི་ཆེད་དུ་ཤ་རྭའི་བླ་བཙས་ཀྱང་བསྟོད་བཞིན་ཡོད།

བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་གདོད་མའི་རྡོ་བརྐོས་རི་མོ་རུ་ཤ་བ་ནི་གྲུབ་ཆ་གཙོ་བོ་ཞིག་ཡིན།བྲག་བརྐོས་རི་མོ་དེ་དག་ནི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་ཡིན།དཔེར་ན།གུ་གེ་ཚེ་རིང་རྒྱལ་པོས་མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་དུ་བྲག་བརྐོས་ཀྱི་རི་མོའི་ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད་པ་སྟེ་རྨིག་པ་ཅན་ར་ལུག་དང་རྟ་བོང་འབྲི་གཡག   ཤྭ་བ་སྐབས་དེ་དུས་ཁུལ་དེར་ཤྭ་བ་མང་པོ་ཡོད་སོ་འདུག་པ་ནི་རྡོ་བརྐོས་རི་མོའི་ནང་ནས་སེམས་ཅན་གཞན་དག་ལས་མང་བ་ཡོད། དེས་ན་དེ་ཚེ་མངའ་རིས་ས་ཆའི་ས་བབ་ཅུང་དམའ་བོ་ཡོད་པར་མངོན་ལ།འབྲོག་པའི་གླུ་གཞས་ཀྱི་གཞས་ཚིག་ནང་ལའང་སྤང་སྟོད་ཤྭ་བ་སྨུག་ཆུང་ཞེས་པ་མང་ངོ་།(༢༦)དེ་ཡང་མངའ་རིས་གཅིག་པུ་མ་ཡིན་པར་བོད་སྒང་བ་ཡོངས་ཀྱི་ཁྱད་ཆོས་ཡིན།

གཞན་བོད་སྒང་བའི་རིག་གནས་གནའ་ཤུལ་དུ་ཐོན་པའི་གནའ་རྫས་སུ་ཡང་ཤ་བའི་རི་མོ་སོགས་ཐོན་པ་སྟེ།དཔེར་ན།བོད་ཙོང་ཁ་ཡུལ་ནས་རྙེད་པའི་བོད་ཀྱི་རིག་གནས་གནའ་ཤུལ་གྲགས་ཅན།ལོ་ངོ་༣༠༠༠་ནས་༢༠༠༠་ཡར་སྔོན་གྱི་ཁ་ཡོག་གམ་ཁ་འོག་གནའ་ཤུལ་ནས་ཐོན་པའི་ཤ་བའི་རི་མོ་ཅན་གྱི་རྫ་ཆས་སོགས་ཡོད།

གནའ་དེང་རྩོམ་རིག་དང་ངག་རྒྱུན་རིག་གནས།དམངས་སྲོལ་རིག་གནས། གསོ་བ་རིག་པ། བླ་བཙས་སོགས་ཤ་བ་དང་འབྲེལ་བ་གཏིང་ཟབ་ཡོད། དེ་བས་ཤ་བ་ནི་བོད་ཀྱི་རིག་གནས་ཀྱི་སྲོག་ལ་འཐིམ་ཡོད།

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྐོར་གྱི་ཆེད་མཁས་པས་ཤ་བའི་རིག་གནས་ཁྱབ་ཁོངས་ཟེར་བའི་ལྟ་གྲུབ་ཅིག་བཏོན་པའི་རྒྱུ་མཚན་ནི། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་གནའ་བོའི་འབྲོག་པས་ཤ་བ་དང་འབྲེལ་བའི་ལོ་རྒྱུས་རྟགས་མཚན་མང་པོ་བཞག་ཡོད་པས་ཡིན།བོད་ཀྱི་ཤ་བའི་རིག་གནས་དེ་ལས་ཕུན་སུམ་ཚོགས་པ་ཡིན་པས།ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཤ་བའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་གོར་མ་ཆག

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྐོར་གྱི་མཁས་པས་ཤ་བའི་རིག་གནས་གླེང་སྐབས་གཞི་འཛིན་ས་གཙོ་བོ་ཞིག་ནི།ས་ཆེན་འདིའི་སྒང་གི་ས་ཆ་མང་པོར་མཐོང་རྒྱུ་ཡོད་པའི་རྡོ་རིང་ཡིན།རྡོ་རིང་དེ་དག་ལ་རི་མོ་ཡོད་མེད་གཉིས་ཀ་ཡོད།རི་མོ་ཡོད་པའི་རྡོ་རིང་གི་རི་མོ་གཙོ་བོ་ཤ་བ་ཡིན།དེ་བས་མཁས་པ་ཚོས་རྡོ་རིང་དེ་ལ་རྡོའི་ཤ་བ་ཞེས་མིང་བཏགས་ཡོད་པ་མ་ཟད། རྡོ་རིང་དེ་དག་མང་ཆེ་བ་དུར་སའི་ཉེ་འཁོར་དུ་ཡོད་པར་བརྗོད།ས་ཁུལ་གཅིག་ཏུ་རྡོ་རིང་བཅུ་ཕྲག་འགའ་བསྟར་དུ་བསྒྲིག་ཡོད་པ་ཡང་ཡོད། རྡོ་རིང་མཐོ་ཤོས་ནི་སྤྱི་སྨུ་༤་ཡོད་པ་དང་མང་ཆེ་བ་སྤྱི་སྨུ་གཅིག་གཉིས་ཙམ་ཡིན།དེ་མ་ཟད་ཉེ་བའི་དུས་ལ་མཁས་པ་ཚོས་རྡོ་རིང་ཐོག་བྲིས་པའི་ཤ་བ་ནི་སྤྱིར་བཏང་གི་ཤ་བ་མིན་པར།དེ་ནི་ཤ་བ་Rangifer tarandus་ཟེར་བ་དེ་ཡིན་པར་གཏན་ཁེལ་ཡོད།ཤ་བ་འདིའི་རིགས་ནི་དེང་སྐབས་གོ་ལའི་བྱང་སྣེ་དང་ཉེ་བའི་ས་ཁུལ་འགའ་ལས་གཞན་དུ་མེད་ཟེར།ཤ་བ་Rangifer tarandus་ད་ལྟའི་སྐབས་སུ་བོད་སྒང་བ་རུ་མེད་པར་བརྗོད་མོད།བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་དུ་ཤ་བ་ཕོ་མོ་གླང་དུ་བཏུལ་ཟེར་བ་ལས་སྔོན་བོད་སྒང་བ་རུ་ཡང་ཤ་བ་Rangifer tarandus་ཡོད་པ་ཤེས། ཤ་བ་འདི་ནི། རྭ་ཤ་བ།ལུས་བོང་བུ། རྨིག་པ་གླང་ཅན་ཡིན་ཟེར་བས། ད་ལྟ་གོ་ལའི་བྱང་སྣེར་ཉེ་བའི་མི་རིགས་ཚོའི་སྒོ་ཟོག་ཡིན་པ་མ་ཟད། བཞོན་པ་དང་ཁལ་མ་ཡང་ཡིན། དེ་བས་བོད་ཀྱི་ཡིག་ཚང་ནང་དུ་ཤ་བ་ཕོ་མོ་གླང་དུ་བཏུལ་ཟེར་བའི་ཚིག་འདིས་ཤ་བའི་ལུས་པོ་ཆེན་པོ་གླང་བཞིན་ཡོད་པ་དང་། གླང་བཞིན་ཁལ་མ་དང་བཞོན་པ་སོགས་ཡིན་པ་བསྟན་ཡོད་པར་འདོད།

གཞན་ཡང་བདེ་སྐྱིད་མཚོས་བོད་སྒང་བའི་ཤ་བའི་རིག་གནས་ནི་ཉེ་འཁོར་ས་ཁུལ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཤ་བའི་རིག་གནས་དང་འབྲེལ་འདྲེས་བྱུང་ཡོད་པར་བརྗོད། དེ་སྒྲུབ་བྱེད་དུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་ལོ་ངོ་སུམ་སྟོང་ཡ་སྔོན་ལ་བྱུང་བའི་རྡོའི་ཤ་བ་བཞག་ཡོད།དེ་བས་གོང་ནས་བརྗོད་པ་ལྟར། ཤ་བའི་རིག་གནས་ནི་བོད་སྒང་བ་གཙོ་བོ་ཡིན་པའི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་ཐུན་མོང་གི་རིག་གནས་ཡིན།དེང་སྐབས་ཤ་བ་བོད་པའི་སྒོ་ཕྱུགས་མིན་རུང་བོད་སྒང་བའི་ཤ་བ་རིག་གནས་ནི་བོད་པའི་འཚོ་བའི་ཕྱོགས་ཡོངས་སུ་ཁྱབ་ཡོད།

ཙི་ནའི་ཡུལ་གྱི་རིག་གནས་དང་སྤྱི་ཚོགས་གང་དུ་ཡིན་ཡང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་བཞིན་ཤ་བའི་རིག་གནས་དར་ཁྱབ་བྱུང་མེད་པ་གསལ་བོ་ཡིན། དེ་བས་ཤ་བའི་རིག་གནས་ལས་ཀྱང་བོད་དང་ཙི་ན་རིག་གནས་ཀྱི་གྲུབ་ཆ་ཐ་དད་ཡིན་པར་འགྲེལ་བརྗོད་བྱས་ཡོད།

 

གསུམ་པ། བོད་སྒང་བ་རུ་བོར་བརླགས་སུ་ཤོར་བའི་རྣམ་ཤེས་ཕྲ་མོ་ཞིག་སྟེ། ཤིང་རྟ།

ཤིང་རྟ་ནི་མིའི་རིགས་ཀྱི་ཡར་རྒྱས་འཕེལ་རིམ་ནང་དུ་བྱུང་བའི་གསར་གཏོད་གལ་ཆེན་ཞིག་ཡིན་པས། ཤིང་རྟ་ཐོག་མར་གསར་གཏོད་བྱེད་མཁན་སུ་ཡིན་སྐོར་ལ་རྩོད་པ་ཆེན་པོ་ཡོད།བོད་སྒང་བ་རུ་ཡང་ཤིང་རྟ་སྟེ།ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ཐོག་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ལ་ཐུན་མོང་གིས་བཀོལ་སྤྱོད་བྱེད་པའི་སྔོན་ཐོན་རང་བཞིན་གྱི་ཐོན་དངོས་འདི་བཀོལ་སྤྱོད་བྱེད་ཀྱིན་ཡོད། ཡིན་ཡང་། དེང་གི་བོད་པ་གཙོ་བོ་བྱས་པའི་མི་མང་པོ་ཞིག་ལ་མཚོན་ན། ཤིང་རྟ་ནི་དུས་རབས་ཉུ་ཤིའི་ནང་ད་གཟོད་བོད་སྒང་བ་ལ་དར་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག། ལོ་ངོ་སྟོང་ཕྲག་གི་སྔོན་ལ་བོད་པའི་མེས་པོ་ཚོས་ཤིང་རྟ་བེད་སྤྱད་པ་མ་ཟད་རི་དྭགས་རྔོན་བྱེད་གལ་ཆེན་ཞིག་ཡིན་པ་བློ་ཡིད་ལ་ཤར་མི་སྲིད་པ་ཞིག་ཡིན། བོད་རང་གི་ཡིག་རྙིང་ཁག་ཏུ་ཡང་བོད་པའི་ཤིང་རྟ་བེད་སྤྱོད་བྱས་པའི་སྐོར་བྲིས་པ་མཐོང་དཀོན་པོ་ཡིན།ལྷག་པར་དུ་ཏུང་ཧོང་ཡིག་རྙིང་དང་བོད་ཀྱི་ཁྲམ་ཤིང་སོགས་སུ་ཡང་ཤིང་རྟའི་སྐོར་བྲིས་པ་མཐོང་དཀོན། དོན་དངོས་སུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་ཤིང་རྟ་དར་བའི་དུས་སུ་བོད་སྒང་བ་རུ་ཡང་ཤིང་རྟ་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད།ཤིང་རྟ་ཐོག་མར་བྱུང་སྐབས་རི་དྭགས་རྔོན་བྱེད་ཡིན་པ་བཞིན་བོད་དུ་ཡང་དེ་དེ་བཞིན་ཡིན།

 

༡༽ ཤིང་རྟའི་བྱུང་བ།

འཛམ་གླིང་ཐོག་ཤིང་རྟ་བྱུང་བའི་དུས་སྐབས་སྐོར་ལ་ལྟ་བ་མི་མཐུན་པ་མང་པོ་ཡོད་མོད།ཤིང་རྟ་ཐོག་མར་འབྱུང་ས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ཡིན་པ་ཕལ་ཆེར་གཅིག་མཐུན་ཡིན།དེ་བས་གདོད་མའི་དུས་སུ་བོད་སྒང་བ་རུ་ཤིང་རྟ་འཁོར་ལོ་ཡོད་པ་དང་བེད་སྤྱོད་བྱས་པ་ནི་ཧང་སང་དགོས་པ་ཞིག་ག་ལ་ཡིན།

ཉི་ཧོང་གི་མཁས་པ་གོ་སིན་ཁྲིན་ཀྲི་ཡིས་བརྗོད་པ་ལ།ཕྱི་ལོ་སྔོན་གྱི་ལོ་ངོ་༢༠༠༠་ནས་ཕྱི་ལོ་སྔོན་གྱི་ལོ་ངོ་༡༥༠༠་ཡི་ཡས་མས་སུ་ཨེ་ཤེ་ཡ་ནུབ་མ་རུ་ཤིང་རྟ་དར་ཁྱབ་བྱུང་བ་རེད།དེ་ནི་དམག་མིས་བེད་སྤྱོད་བྱེད་པའི་དམག་གི་ཤིང་རྟ་ཡིན།(༢༧)ཁོས་བཞེད་པ་ལྟར་ན། རྟ་ལ་ཞོན་པའི་རྩལ་ནི་ཨེ་ཤེ་ཡ་ནུབ་མ་རུ་ཕྱི་ལོ་སྔོན་གྱི་ལོ་ངོ་༡༠༠༠་དང་ཨེ་ཤེ་ཡ་ནང་མ་རུ་ཕྱི་ལོ་སྔོན་གྱི་ལོ་ངོ་༩༠༠་རྗེས་སུ་ད་གཟོད་དཔང་རྟགས་མང་དུ་སོང་ཡོད་ཟེར་ལ།རྒྱུ་མཚན་ནི་རྟའི་སྲབ་སོགས་རྙེད་ཡོད་མེད་སྒང་ནས་བཞག་ཡོད་མོད། རྟ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་དེ་ཁས་ལེན་རྒྱུ་ཁག་པོ་རེད་བསམ།འཚོ་བ་དངོས་ཀྱི་ནང་དུ་རྟ་ལ་སྲབ་མེད་རུང་ཞོན་ཆོག་ལ།ད་ལྟ་རྙེད་པའི་སྲབ་སོགས་ནི་ལི་ཆས་དར་བའི་རྗེས་སུ་བྱུང་བ་ཡིན།ལི་ཆོས་མ་དར་སྔོན་ལ་ལི་ཆས་ཀྱི་སྲབ་མེད་པས་རྟ་ཞོན་གྱི་མེད་པ་བསྒྲུབ་མི་ཐུབ།སྒ་མེད་སྲབ་མེད་ཀྱི་རྟ་རྒོད་ལ་ཞོན་མཁན་གང་མང་མང་ཡོད་པ་དང་། དེ་བཞིན་སྲབ་ནི་རྟ་ཁ་ལོ་བསྒྱུར་བྱེད་ཡིན་མོད།སྲབ་མེད་རུང་རྟར་ཁ་ལོ་བསྒྱུར་བྱེད་གཞན་ཡོད་ཆོག་ལ།དོན་དངོས་འཚོ་བའི་ནང་གི་གནས་སྟངས་ནི། རྟ་གང་འདོད་ལྟར་ཞོན་ཆོག་པ་ཞིག་ལ་ཤིང་རྟ་འཐེན་དུ་འཇུག་ཐུབ་པའི་ངེས་བ་རྩ་བ་ནས་མེད།རྒྱུ་མཚན་ནི་ཤིང་རྟ་ནི་ཤིང་སོགས་ཆ་ཤས་མང་པོ་ཞིག་གིས་གྲུབ་ཡོད་པ་དང་།འཁོར་ལོ་སོགས་ཀྱིས་སྒྲ་འདྲ་མིན་འབྱུང་བས་རྟ་འདྲོགས་སླ་བ་ཡིན།དེ་བས་དང་པོ་རྟ་ཞོན་འདུལ་བྱས།ཧ་ཅང་བཏུལ་བའི་རིགས་ལ་ད་གཟོད་ཤིང་རྟ་འཐེན་དུ་འཇུག་ཐུབ་པ་དངོས་ཡོད་སྤྱི་ཚོགས་ནང་གྲུབ་ཡོད།དེ་བས་རྟ་ཞོན་འདུལ་ཐོག་མ་དང་དེ་ནས་ཤིང་རྟ་འདྲུད་དུ་འཇུག་པ་རིག་འདེད་དང་དངོས་ཡོད་འཚོ་བ་བཅས་མཐུན་པ་ཡིན།

ཉི་ཧོང་གི་མཁས་པ་ཨི་ཉེ་སི་ཁྲོ་དགེ་ཐི་ཡིས་བརྗོད་པ་ལ།ཤིང་རྟ་ནི་ཨེ་ཤེ་ཡ་ནུབ་མ་ནས་རིམ་བཞིན་ཤར་ཕྱོགས་སུ་དར་བ་ཡིན།(༢༨)འདིའི་སྐོར་ལ་ཉི་ཧོང་གི་མཁས་པ་ཧོང་ཁྲན་ཧོང་གིས་ཞིབ་འཇུག་གནང་ནས་དོན་དམ་པའི་གྲུབ་འབྲས་ཐོན་ཡོད་ཟེར།

གནའ་རྫས་ཞིབ་དཔྱད་དང་། སྐད་བརྡ་རིག་པའི་དཔང་རྟགས་དང་ཟུར་དཔང་གཞན་ལས་ཤེས་པ་ནི།ཧིན་རྡུ་ཡོ་རོབ་པས་ (Indo-Europeans)ཤིང་རྟ་འཁོར་ལོ་གཉིས་ཅན་མ་གསར་གཏོད་དམ་ལེགས་བཅོས་བྱས་པ་ཚད་ཧ་ཅང་གི་མཐོན་པོ་ཡིན། ད་ལྟ་ས་འོག་ནས་རྙེད་པའི་འཁོར་ལོ་གཉིས་ཅན་གྱི་ཤིང་རྟ་སྔ་ཤོས་ནི་ཀའུ་ཀ་སོ་ Caucasus ལྷོ་མའི་ས་ཁུལ་ཡིན།ས་ཁུལ་དེ་ནི་ཧི་ཏེ་Hittie་དང་མེ་ཐན་ཉེ་Mitanni་རྒྱལ་ཁབ་ཀྱི་ཤར་ཕྱོགས་ཡིན།ཧི་ཏེ་དང་མེ་ཐན་ཉེ་རྒྱལ་ཁབ་གཉིས་ནི་དམག་འཁྲུག་ནང་ཤིང་རྟ་འཁོར་ལོ་གཉིས་ལྡན་མ་བེད་སྤྱོད་བྱེད་མཁན་སྔ་ཤོས་ཡིན། ཨེ་ཅིར་ཕུ་ཡི་མི་རྣམས་ཀྱིས་ལི་ཆས་དུས་སྐབས་ཀྱི་མཇུག་ཙམ་ལ་ད་རུང་ཀའུ་ཀ་སོ་ལྷོ་མ་ནས་ཤིང་རྟ་འཁོར་ལོ་གཉིས་ལྡན་མ་ནང་འདྲེན་བྱེད་ཀྱི་ཡོད།་་་་་་་གལ་ཆེ་བ་ནི་ཧིན་རྡུ་ཡོ་རོབ་པ་ནི་ཐོག་མར་རྟ་དང་ཤིང་རྟ་འཁོར་ལོ་གཉིས་ཟུང་དུ་སྦྲེལ་མཁན་ཡིན།དེ་མ་ཟད་ཁོ་ཚོས་ཤིང་རྟ་དམག་འཁྲུག་ནང་བེད་སྤྱོད་བྱས་ནས་ལེགས་འགྲུབ་ཆེན་པོ་བྱུང་ཡོད།(༢༩)

དེ་ཡང་ཤིང་རྟ་ལ་སྔ་བ་འཁོར་ལོ་བཞི་དང་རྩིབས་མེད་ཅན་ཡིན་པར་འདོད།བོད་སྒང་བའི་བྲག་བརྐོས་རི་མོ་རུ་ཤིང་རྟ་འཁོར་ལོ་བཞི་ཅན་མཐོང་དཀོན། ཡིན་ཡང་འཁོར་ལོ་གཉིས་ཅན་རྩིབས་མེད། རྩིབས་གཉིས། རྩིབས་བཞི། རྩིབས་བརྒྱད་ཅན་སོགས་ཡོད། དེ་ལྟ་བུའི་འགྱུར་བ་ནི་ཤིང་རྟ་འཁོར་ལོའི་ཡར་རྒྱས་ཀྱི་བརྒྱུད་རིམ་མཚོན་ཡོད་པར་འདོད།

 

༢༽ བོད་དང་ཤིང་རྟ།

ཤིང་རྟ་ཞེས་པའི་ཐ་སྙད་འདི་བོད་ཡིག་ནང་སྔ་བ་ནི་བྱེ་བྲག་རྟོགས་བྱེད་ཆེན་མོ་རུ་བྱུང་ཡོད་པ་དང་། བོད་སྒང་བའི་ས་གནས་མང་པོ་རུ་རྙེད་པའི་བྲག་བརྐོས་རི་མོ་དང་ཁ་རུབ་རིག་གནས་ལས་བོད་སྒང་བ་རུ་སྔ་མོ་ནས་ཤིང་རྟ་འཁོར་ལོ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས། སྤྱི་བཏང་ཤིང་རྟ་ལ་སྔ་བ་ནི་འཁོར་ལོ་བཞི་ཅན་གྱི་ཤིང་རྟ་ཡིན་པར་འདོད། ད་ལྟའི་བར་དུ་རྙེད་པའི་བོད་སྒང་བའི་བྲག་བརྐོས་རི་མོ་རུ་ཡོད་པའི་ཤིང་རྟ་ནི་འཁོར་ལོ་གཉིས་ཅན་ཡིན། བྲག་བརྐོས་རི་མོ་དེ་དག་ཡང་བོད་ཤར་རྒྱུད་ཐེམ་ཆེན་རྫོང་ནས་སྟོད་མངའ་རིས་བར་དུ་ཁྱབ་ཡོད། དཔེར་ན། བོད་ཡུལ་ཤུལ་ཀུན་གྲོལ་བྲག་རིས་(བརྐོས་རི་མོ།)སུ་ཤིང་རྟའི་རི་མོ་བཅུ་ལྷག་དང་། གོར་མོ་འབྲོང་ལུང་བྲག་བརྐོས་རི་མོ་རུ་ཤིང་རྟ་ཡོད་པ། ཐེམ་ཆེན་རྫོང་གི་བྲག་བརྐོས་རི་མོ། མངའ་རིས་རྩ་མདའ་རྫོང་དུ་ཤིང་རྟའི་རི་མོ་ཉུ་ཤི་རྩ་བཞི་རྙེད་ཡོད། ནག་ཆུ་ཉི་མ་རྫོང་གི་ཞལ་བཟང་དང་རྒྱ་ལངས་སོགས་སུ་ཡང་བྲག་བརྐོས་ཤིང་རྟའི་རི་མོ་རྙེད་ཡོད།ཤིང་རྟའི་རི་མོ་དེ་དག་གི་ཁྱད་ཆོས་ནི། ཤིང་རྟའི་སྔ་རྗེས་སམ་ཉེ་འཁོར་དུ་འབྲོང་དང་རི་དྭགས་ཀྱི་རི་མོ་བྲིས་ཡོད། ལྷག་པར་དུ་ཐེམ་ཆེན་རྫོང་གི་བྲག་བརྐོས་རི་མོ་ནི་ཧ་ཅང་གི་གསོན་ཉམས་ལྡན་པ་ཞིག་ཡིན། ཤིང་རྟའི་ནང་དུ་མི་ཞིག་གིས་འབྲོང་ལ་མདའ་འཕེན་བཞིན་ཡོད། དེ་བས་བོད་སྒང་བ་རུ་གནའ་སྔ་མོ་ནས་ཤིང་རྟ་བེད་སྤྱོད་བྱེད་ཀྱིན་ཡོད་པ་མ་ཟད།དེ་ཡང་ཤིང་རྟ་ཐོག་མ་བྱུང་བའི་དུས་སྐབས་དང་དུས་མཉམ་ཡིན་པ་དེ་བྲག་བརྐོས་རི་མོ་ལས་ཤེས། ཤིང་རྟ་ནི་ཐོག་མར་རི་དྭགས་རྔོན་པར་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྗོད་པས་སོ།

གཞན་བོད་སྒང་བ་རུ་ཤིང་རྟ་དར་ཡོད་པའི་དཔང་རྟགས་གཅིག་ནི། བོད་ཆབ་མདོ་ཁ་རུབ་ཤུལ་བཞག་རིག་གནས་ཡིན། ཁ་རུབ་རིག་གནས་ནི་ལོ་ངོ་༥༠༠༠་གི་ཡར་སྔོན་ལ་བྱུང་བ་ཡིན། ཞིབ་འཇུག་པས་ཁ་རུབ་ཏུ་མིས་བཟོས་བའི་ལམ་ག་རྙེད་ཡོད། ལམ་ག་དེ་ནི་ཤིང་རྟའི་ལམ་ག་ཡིན་དགོས་པ་དེ་ཞེང་ཚད་དང་བཟོ་བཀོད་སོགས་ལས་ཤེས།

ཡིག་འགོད་ལོ་རྒྱུས་མ་བྱུང་སྔོན་གྱི་བོད་ཀྱི་སྡོད་དམངས་ཚོས་ལོ་ངོ་༥༠༠༠་གི་སྔོན་དུ་ལམ་ག་ལེགས་བཟོ་བྱེད་འགོ་བཙུག་ཡོད།བོད་ཤར་ཕྱོགས་ཀྱི་ཆབ་མདོ་ཁ་རུབ་གནའ་ཤུལ་ས་རིམ་ཨང་༢་བར་ཆད་བརླག་ཤོར་ཡོད་པའི་ལམ་ག་གཉིས་རྙེད་ཡོད།ལམ་ག་དང་པོའི་རིང་ཚད་ལ་སྨུ་༥། ༤། ཞེང་ཚད་སྨུ་༠།༦ཡིན།ཤར་ནུབ་ཕྱོགས་སུ་བསྲིངས་ཡོད།ལམ་ག་གཉིས་པའི་རིང་ཚད་སྨུ་༤། ཞེང་ཚད་ལ་སྨུ་༢་ཡིན།དེ་ཡང་ཤར་ནུབ་ཕྱོགས་སུ་བསྲིངས་ཡོད།་་་་་་་ལམ་ག་འདི་གཉིས་ཀྱི་བཟོ་སྟངས་ནི། དང་པོ་ལམ་གྱི་རྨང་ཁོད་སྙོམས་པོ་བཟོས་དེ་སྒང་ལ་ས་བླུག་སྟེ་བཅག་བཅག་བྱས་ནས་མཐུག་ཚད་ལེ་སྨུ་༧་ནས་༢༠་བར་གྱི་ལམ་གྱི་རྨང་གཞི་གྲུབ་ཡོད། དེའི་སྒང་ལ་རྡེའུ་ཚངས་ཐིག་ལ་ལེ་སྨུ་༦་ནས་༡༣་ཅན་བཏིང་བ།རྡེའུ་དང་རྡེའུའི་བར་ལ་ས་ཡིས་ཁ་གསབ་བྱས་ཡོད།དེ་བས་ལམ་ངོས་སྲ་ལ་བདེ་བ་ཡིན། (༣༠)

འདི་ལྟ་བུའི་ལམ་ག་སྐབས་དེར་དམིགས་བསལ་གྱི་བེད་སྤྱོད་ཅིག་གི་ཆེད་དུ་བཟོས་པ་གསལ་བོ་ཡིན། དེ་བས་འདི་ནི་ཤིང་རྟའི་ལམ་ག་ཡིན་པར་ཚོད་དཔོག་བྱས་ཆོག་སྟེ། ཁོད་སྙོམས་པ།སྲ་ཞིང་བདེ་བ་བཅས་ཤིང་རྟའི་ལམ་གར་ཚང་དགོས་པའི་ཆ་རྐྱེན་འཛོམས་ཡོད།

 

༣༽ མི་རིགས་གཞན་གྱིས་བོད་ཀྱི་ཤིང་རྟའི་སྐོར་ཡིག་ཐོག་ཏུ་བཀོད་པ།

དར་གོས་ཚོང་ལམ་སྟེང་གི་བཙན་རྒྱལ་ཟེར་བའི་དེབ་དེའི་མཆན་ཞིག་གི་ནང་དུ། ཉེ་རབས་ཀྱི་སྔ་རོལ་དུ་བོད་དུ་ཕལ་ཆེར་ཤིང་རྟ་བེད་སྤྱོད་བྱེད་ཀྱི་མེད།ཡིན་ཡང་བོད་བཙན་པོ་རིམ་བྱུང་གཤེགས་རྗེས་བང་སོར་མ་གཞུག་པའི་སྔོན་དུ་པུར་ངེས་པར་དུ་ཤིང་རྟའི་ནང་བཞག་ནས་ཁྲོམ་སྐོར་བྱེད། (ཤོག་གྲངས།༥༥ཡི་ཞབས་མཆན་༤།)

ཐང་གི་ཕོ་ཉ་ལིག་ཡན་ཏང་གིས་བྲིས་པའི་ཐུ་བྷོད་ཀྱི་མཐོང་ཐོས་ཟེར་བའི་ནང་།གྱིམ་ཤིང་ཀོང་ཇོ་བོད་དུ་འགྲོ་དུས་རྡོ་དྲུས་ཏེ་ཤིང་རྟ་སྐོར་ནས་སོང་་་་་་་རྒྱ་ནག་གི་སུང་རྒྱལ་རབས་སྐབས་ཀྱི་ཡིག་ཚང་ནང་དུ།ཕྱི་ལོ་༧༩༤་ལོར་བོད་དང་ཐང་རྒྱལ་ཁབ་གཉིས་ཙོང་ཁ་ཡུལ་དུ་དམག་འཁྲུག་བྱུང་བའི་སྐོར་བྲིས་བའི་ནང་དུ་བོད་དམག་ལ་ཕམ་ཁ་ཆེན་པོ་བྱུང་་་་་་་་་་་བོད་པས་དམག་གི་རོ་དམག་སྒར་ལ་ཁྱེར།འདས་མཆོད་གྲུབ་རྗེས་སུ་ཤིང་རྟའི་ནང་བཞག་ནས་སོང་། (༣༡)

བོད་ཡིག་ནང་དུ་ཤིང་རྟ་ཞེས་པའི་ཐ་སྙད་འདི་བྱེ་བྲག་རྟོགས་བྱེད་ཆེན་མོ་གཙོ་བོའི་བསྟན་པ་སྔ་དར་སྐབས་ཀྱི་ནང་ཆོས་ཀྱི་དཔེ་ཆའི་ནང་དུ་ཐོན་ཡོད།བོད་ཡུལ་གྱི་བྲག་བརྐོས་རི་མོ།ཁ་རུབ་གནའ་ཤུལ་དང་མི་རིགས་གཞན་གྱིས་བྲིས་བའི་ཡིག་ཆ་སོགས་ལས་ཤེས་ཐུབ་པ་ནི།བོད་སྒང་བ་རུ་གནའ་སྔ་མོ་ནས་ཤིང་རྟ་བེད་སྤྱོད་བྱེད་ཀྱིན་ཡོད་པ་དང་། དེ་ཡང་ལོ་ངོ་སྟོང་ཕྲག་འགའི་སྔོན་ལ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་ཤིང་རྟ་དར་བའི་དུས་སྐབས་སུ་ཡིན་པ་ར་འཕྲོད་ཐུབ་པ་མ་ཟད།བོད་ཡིག་གི་ཤིང་རྟ་ཟེར་བར་རྩ་བའི་ཐ་སྙད་གཉིས་ཏེ། ཤིང་དང་རྟ་གཉིས་སྦྱར་ནས་འགྲོ་བ་མིའི་བེད་སྤྱོད་བྱེད་པའི་ཤིང་རྟ་འཁོར་ལོ་ཞེས་པའི་དོན་ཆ་ཚང་བ་ཞིག་གྲུབ་ཡོད་པ་བསྟན་ཡོད། སྤྱིར་བཏང་ཤིང་རྟའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས། ཤིང་རྟ་དང་ཐོག་རི་དྭགས་རྔོན་པ་དང་དངོས་པོ་སྐྱེལ་འདྲེན་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། རྗེས་སུ་དམག་འཁྲུག་ཏུ་བེད་སྤྱོད་བྱས་པ་ལས་དར་ཁྱབ་ཆེན་པོ་བྱུང་ཡོད།རིམ་བཞིན་རྟ་དམག་གི་སྟོབས་ཤུགས་ཆེ་རུ་མངོན་པ་ནས་བཟུང་ཤིང་རྟ་ནི་བཙན་པོ་དང་རྒྱལ་པོ་ཚོའི་གཟི་བརྗིད་མངོན་བྱེད་དང་རྩེད་འགྲན།དངོས་པོ་སྐྱེལ་འདྲེན་གྱི་ཡོ་བྱད་དུ་གྱུར།

དེས་ན་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ལ་བོད་སྒང་བ་རུ་ཤིང་རྟ་དར་བ་དང་རྗེས་སུ་རིམ་བཞིན་ཉམས་ནས་བོད་ལ་ཡི་གེ་བྱུང་བའི་རྗེས་ཀྱི་ལོ་རྒྱུས་སུ་ཤིང་རྟའི་སྐོར་མཐོང་དཀོན་པར་གྱུར་དགོས་དོན་ཅི་ཡིན་ནམ་ཟེར་ན། གཅིག་ནི། བོད་སྒང་བ་རུ་ཤིང་རྟ་བེད་སྤྱོད་བྱེད་པའི་དུས་སྐབས་ཧ་ཅང་གི་སྔ་བོ་ཡིན།སྐབས་དེར་རི་དྭགས་རྔོན་རྒྱུ་ནི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། ཤིང་རྟ་དར་ཁྱབ་ཆེན་པོ་བྱུང་ཡོད། དེ་ནི་བྲག་བརྐོས་རི་མོ་ལས་ར་འཕྲོད། ཤིང་རྟའི་རི་མོ་མང་ཆེ་བ་རི་དྭགས་རྔོན་པ་མཚོན་ཡོད། རིམ་བཞིན་བོད་སྒང་བ་རུ་འབྲོག་དང་ཞིང་ལས་དར་བ་ནས་བཟུང་རི་དྭགས་རྔོན་བའི་ལས་ཉུང་དུ་སོང་ཞིང།གཞན་བོད་སྒང་བ་རུ་དམག་འཁྲུག་ཆེན་པོ་མ་བྱུང་བ་སོགས་ཀྱི་དབང་གིས་ཤིང་རྟ་དང་ཤིང་རྟའི་རིག་གནས་དར་ཁྱབ་མ་བྱུང་བར་སྙམ། དཔེར་ན། བཙན་པོའི་དུས་སྐབས་སུ་རྟ་དམག་གི་ནུས་པ་ཡང་རྩེར་སོན་པའི་དུས་སྐབས་ཡིན། དེ་བས་ཤིང་རྟ་གཡུལ་ས་ནས་རིམ་བཞིན་ཡལ་བ་ཡིན། དེ་མ་ཟད་བོད་བཙན་པོའི་སྟོབས་ཤུགས་རྒྱས་པ་ནས་བཟུང་ཕྱོགས་བཞི་རུ་མངའ་ཁོངས་རྒྱ་བསྐྱེད་པས་བོད་བཙན་པོའི་དཔུང་དམག་བོད་སྒང་བ་དང་བྲལ་ནས་རྒྱང་ཐག་རིང་པོར་འགྲོ་བ་ལ་ཤིང་རྟ་བེད་སྤྱོད་བྱེད་པའི་དམག་དཔུང་ནི་རྟ་དམག་བཞིན་སྟབས་མི་བདེ་བ། མགྱོགས་པོ་མེད་པ། ཤིང་རྟའི་ལམ་ག་བཟོ་ཁག་པོ་སོགས་ཀྱིས་བོད་སྒང་བ་རུ་ཤིང་རྟའི་བེད་སྤྱོད་རིམ་བཞིན་ཉམས་པར་འདོད།

ཉི་ཧོང་གི་མཁས་པ་གོ་སིན་ཁྲིན་ཀྲི་ལགས་ཀྱིས་བརྗོད་དོན་ལྟར་ན། རྟར་ཞོན་པས་འབྲོག་པའི་མི་རིགས་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་རྟ་ཞོན་པའི་རྩལ་ཡོ་རོབ་ཨེ་ཤེ་ཡ་རུ་དར། བརྒྱུད་རིམ་དེའི་ནང་དུ་རྟ་ཞོན་མཁན་གྱི་ལག་ཏུ་མཚོན་ཆ་བཏེག་ནས་སྟོབས་ཆེན་གྱི་རྟ་དམག་དཔུང་ཁག་གྲུབ།སྒུལ་བྱེད་འཕྲུལ་འཁོར་མེད་པའི་དུས་རབས་ནང་དུ་རྟ་དམག་ནི་བབ་བསྟུན་ནུས་ཤུགས་ཆེས་ཆེ་བའི་དམག་དཔུང་ཡིན། དེའི་རྗེས་སུ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་གཡུལ་ས་རུ་འཐབ་འཁྲུག་བྱེད་མཁན་གཙོ་བོ་ཤིང་རྟའི་དམག་དཔུང་ནས་རྟ་དམག་ཏུ་གྱུར།་་་་་་་འདི་ལ་འཛམ་གླིང་ལོ་རྒྱུས་ཐོག་དམག་དོན་གསར་བརྗེ་ཐེངས་འགའ་བྱུང་བའི་ནང་གི་དུས་རབས་གསར་འབྱེད་ཀྱི་དོན་སྙིང་ལྡན།(༣༢)

གོང་གི་ཤིང་རྟའི་བྱུང་རིམ་སོགས་ལས་གསལ་བ་ནི། བོད་སྒང་བ་རུ་ཤིང་རྟ་དར་བའི་དུས་ནི་ཡིག་འགོད་ལོ་རྒྱུས་མ་བྱུང་བའི་སྔོན་ཡིན་པ་མ་ཟད། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་ཤིང་རྟ་དར་བ་དང་དུས་མཉམ་ཡིན། དེ་བས་རྒྱ་ནག་ལ་ཤིང་རྟ་མ་དར་བའི་སྔོན་ལ་བོད་དུ་ཤིང་རྟ་ཡོད། རྒྱུ་མཚན་ནི།མཁས་བ་བློ་གཟུར་བོར་གནས་པ་དག་གི་ཉམས་ཞིབ་ཀྱི་གྲུབ་འབྲས་ལྟར་ན་འཛམ་གླིང་སྒང་ལ་ཤིང་རྟ་ཐོག་མར་དར་ས་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ཡིན་པ་དང་།བོ ད་ལ་ཡང་སྐབས་དེར་ཤིང་རྟ་དར་ཡོད་པ་གོང་ནས་བཤད་ཟིན། རྒྱ་ནག་གི་ཤིང་རྟ་འཁོར་ལོ་ཡོངས་གྲགས་སུ་ནུབ་ཕྱོགས་ནས་དར་བར་འདོད། རྒྱ་ནག་གི་ནུབ་ཕྱོགས་ནི་བོད་སོགས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ཡིན། དེ་བས་རྒྱ་ནག་གི་ཤིང་རྟ་བོད་ནས་དར་བ་ཡིན་སྲིད་དོ། རྒྱ་ནག་པ་སྨྱོ་ཧམ་ཅན་དག་གིས་དེ་ཁས་ལེན་འདོད་མེད་པར་རྒྱ་ནག་ལ་གླང་གིས་འཐེན་པའི་ཤིང་རྟ་འཁོར་ལོ་ཡོད་པ་སོགས་རྩོད་པ་བྱེད་ཀྱིན་ཡོད།(༣༣)།ཡིན་ཡང་རྒྱ་ནག་གི་མཁས་པས་ཤིང་རྟ་རྒྱ་ནག་རང་དུ་བྱུང་བ་བདེན་དཔང་བྱེད་མི་ཐུབ་པ་ཁས་ལེན་བྱས་ཡོད།(༣༤)

ཤིང་རྟའི་བྱུང་བ་ནི་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་ཡིན། འདིས་རྒྱ་ནག་གི་ལོ་ངོ་ལྔ་སྟོང་ཡོད་ཟེར་བའི་རྟོག་བཀོད་ལོ་རྒྱུས་ལ་ཉེན་བརྡ་གཏོང་གིན་ཡོད། རྒྱ་ནག་ཆེན་པོའི་མིག་ཤེལ་ཅན་གྱིས་རྒྱ་ནག་གི་རིག་གནས་ཕྱོགས་བཞི་ལ་དར་བ།ལྷག་པར་དུ་བོད་ཀྱི་རིག་གནས་ཡོད་ཚད་རྒྱ་ནག་ལ་གཏུགས་མཁན་ཚོར་ལན་གསལ་བོ་ཞིག་གནང་ཡོད། གཞན་ཡང་བོད་ཀྱི་མཁས་པ་དག་གིས་བཤད་པའི་བོད་གནའ་བོའི་རིག་གནས་ཙི་ནའི་ཡུལ་ལ་དར་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་བཞེད་ཚུལ་གྱི་དཔང་རྟགས་ཀྱང་ཡིན། ཤིང་རྟ་བོད་ནས་རྒྱ་ནག་ལ་དར་བ་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་དང་མཐུན་པ་ཡིན། རྒྱ་ནག་གི་གཟུར་གནས་པའི་མཁས་པའི་བཞེད་ཚུལ་དང་ཡང་མཐུན། རྒྱ་ནག་ལ་ཤིང་རྟ་དར་ནས་ད་ལྟའི་བར་དུ་རྒྱུན་མཐུད་ཡོད་པ་ནི་གྲོང་ཁྱེར་རྒྱལ་ཁབ་ཡིན་པས་སོ། བོད་ལ་ཤིང་རྟ་གནའ་སྔ་མོ་ནས་དར་རུང་རྗེས་སུ་ཕྱོགས་བཞི་ལ་མངའ་ཁོངས་རྒྱ་བསྐྱེད་དང་འཚོ་བའི་འཕེལ་རིམ་གྱི་དབང་གིས་རྒྱུན་ཆད་པའམ་བེད་སྤྱོད་ཆེན་པོ་མེད་པར་གྱུར།

 

བཞི་བ། མོན་ཐོའི་རིག་གནས།

མོན་ཐོ།རྡོ་ཐོའམ་རྡོ་རགས་སོགས་མིང་མི་འདྲ་བ་བྲིས་ཡོད་པ་ལས་གུ་གེ་ཚེ་རིང་རྒྱལ་པོས་མཛད་པའི་མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ་ཞེས་པའི་ནང་དུ་མོན་ཐོ་དང་། ཤ་བོ་མཁའ་བྱམས་ཀྱིས་བསྒྱུར་པའི་བོད་ཀྱི་རྡོའི་ཐོ་སློང་བའི་ཡུལ་སྲོལ་གྱི་མཆན་ཞིག་ཟེར་བའི་ནང་དུ་རྡོ་ཐོ་ཞེས་བཀོད་ཡོད།གཞན་མི་དམངས་དྲ་བ་ཟེར་བའི་ ༢༠༢༢་ལོའི་ཟླ་ ༥་ཚེས་༥་ཉིན་སྤེལ་བའི་གསར་འགྱུར་ནང་དུ་རྡོ་རགས་སུ་བསྒྱུར་ཡོད། མོན་ཐོ་ཟེར་བ་ནི་མངའ་རིས་ས་ཁུལ་གྱི་དམངས་ཁྲོད་དུ་བྱུང་བ་དང་། རྡོ་ཐོ་ནི་སྒྱུར་བ་པོས་བཤད་པ་བཞིན་དབྱིན་ཡིག་གི་Megalith་ནས་བསྒྱུར་བ་ཡིན། རྡོ་རགས་ཟེར་བ་ནི་སྐབས་དེའི་རྒྱ་ཡིག་གི་གསར་འགྱུར་ནང་གི་ཧྲི་ཀྲིན་ལས་བསྒྱུར་བ་ཤེས།

གུ་གེ་ཚེ་རིང་རྒྱལ་པོས་མངའ་རིས་བྱང་ཐང་སོགས་ཡུལ་ལུང་མང་ཆེ་བར་མོན་དུར་ཞེས་རྡོ་རིང་ཡ་མཚན་ཅན་སྣ་ཚོགས་ཡོད་པ་དང་སྦྲགས་རྡོ་སྐྱོར་གྲུ་བཞིར་བཟོས་པའི་དུར་དང་དུར་ཁུང་། དུར་ཤུལ་སོགས་ནི་ཁུལ་དེའི་གང་སར་ཁྱབ་ཡོད། དུར་སའི་གམ་ན་མཁར་གོག་རྡོ་བརྩིགས་བསླས་མ་ཡ་མཚན་ཅན་བརྒྱབ་པ་མང་དག་ཅིག་མཐོང་རྒྱུ་ཡོད་པར་མོན་མཁར་དང་བྲག་ལྡེབས་ལ་རྡོ་བརྩིགས་བརྒྱབ་པའི་ཡུར་པོ་ལ་མོན་ཡུར། རྡོ་རིང་མཐོ་དམན་དག་ལ་མོན་ཐོ། ཞིང་འདེབས་པའི་ཤུལ་ལ་མོན་ཞིང་ཞེས་་་་་(༣༥)

ཤ་བོ་མཁའ་བྱམས་ཀྱིས་རྡོ་ཐོའི་དབྱིན་ཇིའི་མ་ཡིག་ཏུ་མེ་གྷི་ལེ་ཟི་(Megalith)སྟེ། བོད་ཀྱི་སྟོད་དང་བྱང་ཐང་གི་སའི་ཆར་རྡོ་ཐོ་རིགས་མི་འདྲ་བ་སློང་བའི་སྲོལ་ལ་སྦྱར་བའི་ཐ་སྙད་ཁྱད་པར་བ་ཞིག་ཡིན་ལ། ཐ་སྙད་འདི་དང་པོ་དབྱིན་ཡུལ་གྱི་ཡིག་འགོད་མ་བྱུང་སྔོན་གྱི་དད་མོས་དང་ཆོ་གར་འབྲེལ་བའི་གནའ་ཤུལ་ཆེན་མོ་སི་ཏོན་ཧིན་ཇི་(Stonehenge)ནས་བྱུང་ཡང་། ཕྱིས་སུ་ཡ་ཐོག་གི་དད་མོས་དང་འབྲེལ་བའི་རྡོ་རིང་ངམ་རྡོ་ཆེན་པོ་བསླང་པ་སོགས་ལ་སྦྱོར་སྲོལ་འདུག (༣༦)

མི་དམངས་དྲ་བའི་འཕྲིན།ཉེ་ཆར།་་་་་་་གནམ་མཚོའི་མཐའ་སྐོར་རྟོག་ཞིབ་རུ་ཁག་གིས་ཉི་མ་རྫོང་རྟ་སྒོ་གངས་རི་ནས་ཤེས་རྟོགས་བྱུང་བའི་རྡོ་རགས་ཆེ་གྲས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོས། དེ་ནི་ལོ་ངོ་སྟོང་གོང་གི་མཐོ་སྒང་གི་འབྲོག་མི་དང་འབྲེལ་བ་དམ་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།(༣༧)

གོང་གསལ་ལྟར། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་ཁྱབ་པའི་ Megalith མོན་ཐོ། རྡོ་ཐོའམ་རྡོ་རགས་ཟེར་བ་འདི་ལ་ད་ལྟ་བོད་ཡིག་ནང་དུ་ཐ་སྙད་གཅིག་གྱུར་མེད། དེ་ཡང་མོན་ཐོ་ཟེར་བ་ནི་བོད་མངའ་རིས་དམངས་ཁྲོད་ཀྱི་ཐ་སྙད་ཡིན་པ་དང་། མོན་ཟེར་བ་ལ་ངོས་འཛིན་སྣ་ཚོགས་ཡོད་མོད། གུས་པས་མོན་ཟེར་བ་མི་རིགས་ཤིག་དང་ཡང་ན་གཏན་ཁེལ་རང་བཞིན་གྱི་ཐ་སྙད་ཅིག་མིན་པར་འདོད།དེ་བས་མོན་ཐོ་ཟེར་དུས་མོན་པ་ཟེར་བ་ཞིག་གིས་བཙུགས་པའི་ཐོ་ཡིན་དགོས་པའི་ངེས་པ་མེད།བོད་རང་གི་དམངས་ཁྲོད་ཀྱི་ཐ་སྙད་དེ་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་ཁྱབ་པའི་རྡོ་རིང་ངམ་རྡོ་ཆེན་པོ་བསླང་པ་ Megalith ་ལ་མོན་ཐོ་མི་འོས་པ་མེད་པར་འདོད། རྡོ་ཐོ་ནི་སྤྱི་བཏང་གི་རྡོའི་ཐོ་སྟེ།ས་རྟགས་ཆུ་རྟགས་སམ་སྤྱང་ཀི་སོགས་འགོག་ཆེད་བཙུགས་པའི་རྡོ་ཐོ་སོགས་ལ་ནོར་སླ། གཞན་རྡོ་རགས་ཟེར་བ་ནི་དོན་དང་ངོ་བོ་གང་གི་ཆ་ནས་ཡོངས་གྲགས་ཀྱི་Megalith་ཟེར་བ་དང་འབྲེལ་བ་མེད་པར།སྨོན་ལམ་ཚིག་མཛོད་ཆེན་མོ་རུ་རགས་ནི།ཆུ་ལོག་འགོག་བྱེད་དུ་རྡོ་སོགས་བརྩིགས་ནས་བཟོས་པའི་ལྕགས་རི་ལ་ཟེར། མོན་ཐོ་ནི་ལྕགས་རི་མིན་ལ་ཆུ་ལོག་དང་ཡང་འབྲེལ་བ་མེད།

 

༡༽ ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་མོན་ཐོ།

མོན་ཐོ་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་དུ་དར་ཁྱབ་ཧ་ཅང་ཆེ་བའི་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་ཡིན། ད་ལྟ་མཐོང་ཆོས་སུ་ཡོད་པའི་དབྱིན་ཇི་རྒྱལ་ཁབ་ནས་ཨེ་ཤེ་ཡའི་བོད་མཐོ་སྒང་དང་མན་ཇའི་རྒྱ་མཚོ་ལ་ཐུག་གི་བར་ཏུ་ཡོད། འཛམ་གླིང་སྒང་གི་མོན་ཐོ་ཆེ་ཤོས་ནི་ཧྤ་རན་སིའི་ཁར་ན་ཁི་མོན་ཐོ་ཟེར་བ་ Alignements de Carnac་ དེ་ཡིན། ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ན། མོན་ཐོ་དེ་ནི་ལོ་ངོ་༦༠༠༠་གི་ཡར་སྔོན་ལ་བྱུང་བར་བརྗོད།ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་མོན་ཐོ་མང་པོ་ཞིག་ནི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད་པར་བརྗོད། དཔེར་ན། ༢༠༢༢་ལོར་མཐོང་ཡུལ་དུ་གྱུར་བའི་སི་པན་རྒྱལ་ཁབ་ཀྱི་Dolmen de Guadalperal་མོན་ཐོ་ནི་ལོ་ངོ་༧༠༠༠་གི་ལོ་རྒྱུས་ཡོད་པར་བརྗོད། དེ་བཞིན་སི་པན་རྒྱལ་ཁབ་ཀྱི་པ་སི་གོར་རྒྱལ་ཁབ་ཏུ་ཡོད་པའི་མོན་ཐོ་མང་ཆེ་བ་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་གི་ལོ་རྒྱུས་ཡོད།

གཞན་ཡང་གོང་གི་ཤ་བའི་རིག་གནས་ཀྱི་སྐབས་སུ་གླེང་བ་ལྟར། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་ལ་རྡོའི་ཤ་བ་ཟེར་བའི་རྡོ་རིང་མང་པོ་ཡོད་པ་དང་། རྡོ་རིང་དེ་དག་གི་སྐོར་ལ་མཁས་པ་ལ་ལས་དེ་དག་ནི་ཡ་ཐོག་གི་སྐབས་སུ་བཙུགས་ཡོད་པ་དང་རྗེས་ཀྱི་ལི་ཆས་སམ་ཟངས་ཆས་དུས་སྐབས་སུ་དེའི་སྒང་ལ་ཤ་བ་སོགས་ཀྱི་རི་མོ་བརྐོས་པར་འདོད།ལྟ་བ་འདི་གཞི་བཟུང་ན། རྡོའི་ཤ་བ་ཟེར་བའི་རྡོ་རིང་དེ་རྣམས་ཀྱང་མོན་ཐོ་ཡིན་དགོས།

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་མོན་ཐོ་ལ་རིགས་འགའ་ཡོད། ཁེར་ལང་ཅན། ཕྲེང་སྟར་མ། སྒོར་ལང་ཅན།  སྒོར་ལང་ཀླད་ཅན་སོགས་ཡོད། སྒོར་ལང་ཀླད་ཅན་ལ་ཡང་རིགས་གཉིས་སུ་དབྱེ་ཆོག གཅིག་ནི་རྡོ་རིང་སྒོར་ལང་ཅན་གྱི་སྟེང་དུ་རྡོ་ལེབ་མོ་འཕྲེད་འཇོག་བྱས་ཡོད་པ། གཅིག་ནི་རྡོ་རིང་སྒོར་ལང་ཅན་ཚགས་དམ་པོ་གྱང་གི་ཚབ་ཡིན་པ། ཀླད་རྡོ་ལེབ་ཀྱིས་བཀབ་པ།སྒོ་ཅན་དེ་འདྲ་ཡིན། དེ་ཡང་ཆེ་ཆུང་འདྲ་མིན་ཡོད།གཞན་རྡོ་རིང་གཉིས་ཀྱི་སྒང་ལ་རྡོ་རིང་འཕྲེད་འཇོག་བྱས་པ་བཅས་ཡོད།

 

༢༽ བོད་སྒང་བའི་མོན་ཐོ།

བོད་སྒང་བའི་མོན་ཐོའི་སྐོར་གོང་ནས་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱི་མངའ་རིས་ཁུལ་དུ་ཡོད་པ་ཟུར་ཙམ་བསྟན་ཡོད། ཤ་བོ་མཁའ་བྱམས་ཀྱིས་བསྒྱུར་པའི་དགེ་རྒན་ཆེན་མོ་ཧེ་མཱན་རྡོ་ཧྥི(Ch. von Fiirer Haimendorf)ཡི་《དུས་རབས་བར་མའི་སྐབས་ཀྱི་རྒྱ་གར་ཡུལ་དབུས་ཀྱི་རྡོ་ཐོའི་རིག་གནས་སྐོར་གྱི་གནད་དོན་》ཞེས་པའི་རྩོམ་མཆན་ཞིག་ལས་བྱུང་བ་ཡིན་པར་བྲིས་ཡོད།

བསྒྱུར་རྩོམ་ནང་དུ་ལྗོ་ལྗི་·རོ་རོས་ཆི་(George N. Roerich)ཡི་《བོད་ཀྱི་ཡུལ་དབུས་》ཞེས་པའི་དེབ་ཏུ་རྡོ་ཐོ་ཁེར་ལང་ཅན་དང་།རྡོ་ཐོ་ཕྲེང་སྟར་མ།རྡོ་ཐོ་སྒོར་ལང་ཅན་ཡོད་པར་བསྟན་པ་མ་ཟད། གཞན་ཤར་ནས་ནུབ་དུ་རྡོ་ཐོའི་སྟར་ཕྲེང་བཅོ་བརྒྱད་གཤིབ་ཡོད་ཅིང་། སྟར་བའི་ནུབ་མཐར་རྡོ་ཕལ་བ་དང་རྡོ་ལེབ་མོས་སྒྲིག་པའི་སྒོར་དབྱིབས་ཕྱི་ནང་གཉིས་ལ། ནང་མའི་ཕྱོགས་གཉིས་སུ་རྡོ་གཉིས་བསླངས་པའི་བར་དུ་ལྷ་ཐོའི་ཚུལ་གྱི་རྡོ་ཞིག་གམ་མཆོད་སྟེགས་ཞིག་བཟོས་འདུག་ཅིང་། ཕྱོགས་གཉིས་སུ་བསླངས་པའི་རྡོའི་མཐོ་ཚད་ལ་རྨིད་2.5 རེ་དང་། སྟེང་དུ་མར་བྱུགས་པའི་ཤུལ་མཆིས་ཟེར་བ་སོགས་ངོ་སྤྲོད་བྱས་ཡོད།

བསྒྱུར་པ་པོས་བར་བཅུག་གི་པར་འགའ་བཀོད་ཡོད་པའི་ནང་དུ་རིགས་དེ་དག་ལས་གཞན་མེད།ཡིན་ཡང་བསྒྱུར་རྩོམ་དེའི་ནང་གི་པར་གསུམ་པ་ནི།བྷི་ལེ་ཙིའི་(John Vincent Bellezza)རྩོམ་ལས་བླངས་པའི་པར་ཡིན། དེ་ནི་བོད་ཀྱི་ཉི་མ་རྫོང་དུ་གནས་པའི་མོན་ཐོ་ཁྱད་པར་བ་ཞིག་ཡིན།མོན་ཐོ་ཕྲེང་བསྟར་མ་ཅན་དང་མོན་ཐོ་དེ་དག་ནི་རྡོའི་བརྩིགས་པའི་སྟེགས་བུ་མཐོན་པོ་གྲུ་བཞི་ཅན། སྟེགས་བུའི་དབུས་སུ་དབྱིབས་གྲུ་བཞི་ཁོག་སྟོང་གཉིས་ཡོད་པ་ཞིག་གི་མདུན་དུ་བསྟར་མར་བཙུགས་ཡོད།པར་ལ་ཞིབ་ལྟ་བྱས་ན་མོན་ཐོའི་ཕར་ཕྱོགས་ཀྱི་སྣེ་མོ་རུ་ཡང་སྟེགས་བུ་ཡིན་ནམ་སྙམ་པའི་གྲུ་བཞི་ཅན་ཞིག་བྲིས་ཡོད། གང་ལྟར་རྩོམ་པ་པོ་དང་བསྒྱུར་པ་པོ་གཉིས་ཀྱིས་བོད་དུ་མོན་ཐོ་སྒོར་ལང་ཀླད་ཅན་ཡོད་པ་བྲིས་མི་འདུག་ལ་པར་ཡང་བཀོད་མི་འདུག  དེ་བས་བོད་སྒང་བ་རུ་མོན་ཐོ་སྒོར་ལང་ཀླད་ཅན་ད་ལྟ་བར་དུ་ཕལ་ཆེར་རྙེད་མེད་པར་བསམ། ཡིན་ཡང་ཤ་བོ་མཁའ་བྱམས་ཀྱི་བསྒྱུར་རྩོམ་ནང་དུ་སྐབས་རེར་རྡོའི་ཐོ་གཉིས་ཀྱི་བར་དུ་རྡོ་ལེབ་མོ་འཕྲེད་འཇོག་བྱས་ཡོད་ལ། འདིའི་རིགས་མང་པོ་མཉམ་གཅིག་དུ་རི་ཆེ་ཆུང་གི་རྩེ་རུ་གནས་ཟེར།དེའི་རིགས་ནི་རྡོ་རིང་གཉིས་ཀྱི་སྒང་ལ་རྡོ་རིང་འཕྲེད་འཇོག་བྱས་པ་དེ་ལོ་དུས་ཀྱི་དབང་གིས་མར་ལྷུང་བ་མིན་ནམ་སྙམ་མོད། པར་དང་ཡིག་ཆའི་རིགས་མ་མཐོང་བས་ཚིག་ཐག་གཅོད་དཀའ།

བོད་ཀྱི་མོན་ཐོ་ནི་ཧི་མ་ལ་ཡའི་རི་རྒྱུད་གཙོ་བོར་གྱུར་པའི་བོད་ཀྱི་ཡུལ་གྲུ་མང་པོར་ཡོད། དཔེར་ན། དགེ་རྒྱས་རྫོང་། དཔལ་མགོན་རྫོང་། རུ་ཐོག་རྫོང་། ཉི་མ་རྫོང་རྟ་སྒོ་གངས་རི། སྤང་གོང་མཚོའི་ལྷོར་སྤྱི་ལེ་༤༨་གྱི་མཚམས་སུ་བཅས་སུ་ཡོད་པ་པར་དང་ཡིག་ཐོག་ལ་མཇལ་རྒྱུ་ཡོད།

སྤྱིར་ཡོ་རོབ་ས་ཆེན་སྒང་གི་མོན་ཐོའི་ནུས་པ་དང་མཚོན་བྱེད་ཅི་ཡིན་སྐོར་ལ་མཁས་པ་སོ་སོས་ཚོད་དཔོག་མང་པོ་བྱས་ཡོད། ཡིན་ཡང་གཅིག་གྱུར་གྱི་འགྲེལ་བཤད་དམ་ཡོངས་སུ་ཁས་ལེན་པ་ཞིག་ཁག་པོ་ཡིན། མང་ཆེ་བས་དུར་རྡོ།མཆོད་པ་བྱེད་ཡུལ།ལྷ་གནས་ཡུལ། ཟླ་བ་རྒྱུ་སྐར་སོགས་ལ་བརྟག་དཔྱད་བྱེད་ཆེད་བཙུགས་པ་རེད་ཟེར་བ་སོགས་ཡོད་མོད། ཚིག་ཐག་གཅོད་དཀའ་ཡང་མོན་ཐོ་གནས་ཡུལ་མང་ཆེ་བར་གནའ་བོའི་དུར་ཁྲོད་ཡོད་སའམ་ཡང་ན་ཉེ་འཁོར་དུ་དུར་ཁྲོད་ཡོད་པ་ཡིན།

གཞན་སྐལ་བ་ཡ་ཐོག་གི་མོན་ཐོ་ལ་རྗེས་སུ་ལི་ཆས་དུས་སྐབས་དང་དེའི་རྗེས་སུ་ཆོས་ལུགས་འདྲ་མིན་གྱི་འགྲེལ་བརྗོད། རི་མོ་བརྐོས་བ་སོགས་བྱུང་ཡོད་པས་ཐོག་མའི་མཚོན་དོན་ཅི་ཡིན་སོགས་དེ་ལས་འགྲེལ་དཀའ་བར་གྱུར་ཡོད།

རོ་རོས་ཆི་ཡིས་བོད་ཀྱི་རྡོ་ཐོ་ཕྲེང་བསྟར་མ་དང་ཁར་ན་ཁི་(Carnac)ས་ཆའི་མོན་ཐོའི་བར་འབྲེལ་བ་ཡོད་པར་ཁས་མི་ལེན། ཁོ་རེ་ཆི་•ཝོ་ལེ་(H. G. Quaritch Wales)ཡིས་བོད་ཀྱི་ས་ཆའི་རྡོ་ཐོ་སློང་བའི་སྲོལ་གྱིས་མེ་རྡོ་ཐེ་རན་ནན་(Mediterranean) ས་ཁུལ་ནས་ཨེ་ཤ་ཡའི་ཤར་ལྷོའི་བར་རིག་གནས་ཤུལ་བཞག་གི་བྱེད་པོའི་འགྲུལ་བཞུད་ཀྱི་ལམ་ཐིག་བསྟན་ཡོད་ཟེར་བ་ལ་དོགས་པ་ཡོད་ཟེར།

ཉེ་དུས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་ལོ་རྒྱུས་ལྟ་གྲུབ་ལ་ཉམས་ཞིབ་བྱས་པའི་གྲུབ་འབྲས་གསར་བ་ལས་མོན་ཐོ་སློང་བ་ནི་ས་ཆེན་འདིའི་སྒང་གི་ཐུན་མོང་གི་རིག་གནས་ཤིག་ཡིན་པ་གསལ་བོར་གྱུར་ཡོད། དེ་བས་གངས་ལྗོངས་བོད་ཀྱི་མོན་ཐོ་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་མོན་ཐོའི་གྲུབ་ཆ་ཡིན། དེ་བཞིན་མཚོན་དོན་དང་ནུས་པ། མོན་ཐོ་བྱུང་བའི་དུས་ཡུན་སོགས་འདྲ་མཚུངས་ཡིན་དགོས་པར་འདོད། རྒྱའི་ཞིབ་འཇུག་པ་མང་པོས་མོན་ཐོའི་སྐོར་བཤད་དུས་དེ་ནི་བྱང་ཕྱོགས་ཀྱི་འབྲོག་པའི་རིག་གནས་དང་འབྲེལ་བ་ཡོད་པ་ཙམ་ལས་བཤད་རྒྱུ་དམིགས་བསལ་མེད།

མོན་ཐོ་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་རིག་གནས་ཡིན་པས་རྒྱ་ནག་ལ་དར་ཁྱབ་བྱུང་མེད། ཉེ་བའི་དུས་སུ་མོན་ཐོའི་ཤུལ་ཡིན་ཟེར་བ་ཡང་བོད་དང་ཧ་ཅང་ཉེ་བའི་ཧྲན་ཞི་ཞིང་ཆེན་ནང་དུ་རྙེད་ཡོད།དེ་བཞིན་མོན་ཐོ་རིག་གནས་ནི་(དེ་རིང་གི་)རྒྱ་ནག་གི་བྱང་ཤར་དང་ལྷོ་ནུབ་ས་ཁུལ་དང་ཉེ་སར་གནས་ཡོད་པ་མ་ཟད། དེ་ཡང་མཐའ་མཚམས་སུ་མར་ངོའི་ཟླ་བའི་དབྱིབས་ལྟར་ཙི་ནའི་ཡུལ་གྱི་མཐའ་ཁོ་ན་རུ་ཡོད་པར་བརྗོད། དེ་བས་རིག་གནས་འདི་ཙི་ནའི་རིག་གནས་དང་འབྲེལ་བ་མེད། ཧྲན་ཞི་ཞིང་ཆེན་ནང་གི་མོན་ཐོ་ནི་བོད་སྒང་བའི་ཡ་ཐོག་གི་མོན་ཐོ་རིག་གནས་ཡིན་ཆོག  ཡིན་ཡང་རྒྱ་ནག་ཆེན་པོའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཚོས་དེ་ཁས་ལེན་རྒྱུ་ནི་ཧ་ཅང་གི་ཁག་པོ་ཡིན།

 

ལྔ་བ། བླ་བཙས་རིག་གནས།

བླ་བཙས་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་རིག་གནས་མཚོན་རྟགས་གལ་ཆེན་ཞིག་ཡིན། ཙས་རིག་གནས་ནི་བོད་སྒང་བ་ནས་སོག་ཡུལ་མཐོ་སྒང་ཡོངས་སུ་ཁྱབ་ཡོད་པ་དང་། དེ་ཡང་ཡ་ཐོག་གི་དུས་སྐབས་ནས་དར་ཡོད་པ་བོད་སོག་མཁས་པ་ཚང་མས་གཅིག་མཐུན་དུ་བཞེད་དོ།

བོད་ཡིག་ནང་དུ་བླ་བཙས་ཟེར་བ་ལ་འབྲི་སྲོལ་མང་པོ་ཞིག་ཡོད། དཔེར་ན། ལ་བཙས། ལ་བརྩེ། ལབ་རྩེ། ལབ་ཙེ། ལ་རྫི། ལ་རྫས། བླ་ཙེ། བླ་རྩེ། ལ་རྩི། ལ་རྩས། རི་ལྷ། ལྷ་ཐོ་ཟེར་བ་སོགས་ཡོད་པ་མ་ཟད། དེ་དག་ལ་མཁས་པ་སོ་སོས་འགྲེལ་བཤད་རེ་རེ་གནང་ཡོད་པ་ནི་བརྗོད་མི་དགོས་པ་རེད། ཐ་སྙད་གཅིག་གྱུར་བྱུང་མེད་ལ་མཚོན་དོན་སྐོར་ལ་འགྲེལ་བཤད་ཀྱང་གཅིག་གྱུར་བྱུང་མེད། ཡིན་ཡང་སོག་ཡུལ་མཐོ་སྒང་གཙོ་བོ་ཡིན་པའི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ས་ཆ་མང་པོ་ཞིག་ཏུ་བླ་བཙས་ཀྱི་ཐ་སྙད་གཅིག་གྱུར་རེད། ཨོད་སྤོ་OOBOO་ཡང་ན་ཨོད་པོ་རྒ་OBOGHA་ཟེར། རྡོ་སྤུངས་ཀྱི་དོན་ཡིན།(༣༨)

གང་ལྟར་བླ་བཙས་ནི།ཡོ་རོབ་ཨེ་ཤེ་ཡ་ས་སྒང་གི་འབྲོག་པའི་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྟགས་མཚན་གལ་ཆེན་ཞིག་ཡིན་པ་རྩོད་མེད་རེད།

བོད་ཡིག་ནང་གི་བླ་བཙས་ཀྱི་ཐ་སྙད་གཅིག་གྱུར་མ་བྱུང་བ་དང་མཚོན་དོན་གྱི་འགྲེལ་བཤད་མི་མཐུན་པ་ནི། གང་ཞིག་ནོར་བ་དང་འདི་ནི་དག་མ་ཡིན་ཟེར་ཁག་པོ་ཡིན་མོད། ཞིབ་ཏུ་བསམ་བློ་བཏང་ན་བླ་བཙས་ནི་ཡ་ཐོག་ནས་བྱུང་བ་ཡིན་པས་ལོ་རྒྱུས་ཀྱི་དུས་ཡུན་མི་འདྲ་བའི་ནང་དུ་མིའི་རིགས་ཀྱི་དགོས་མཁོ་ཡི་དབང་གིས་མཚོན་བྱེད་དང་ནུས་པ་ཡང་མི་འདྲ་བ་བྱུང་ཡོད་པ་གསལ་བོ་རེད།ཆོས་ལུགས་བྱུང་བའི་རྗེས་སུ་ཆོས་ལུགས་ཀྱི་ལྷད་བསྲེས་པ་སྟེ། དཔེར་ན་ཡ་ཐོག་ཆོས་ལུགས་ཀྱི་དུས་སྐབས་སུ་དེ་དང་མཐུན་པའི་མཚོན་དོན་ཡོད་ལ།བོན་ཆོས་བྱུང་བ་ནས་བོན་གྱི་འགྲེལ་བཤད་དང་མཚོན་དོན་ཅན་དུ་གྱུར་བ་དང་། ནང་ཆོས་དར་བའི་རྗེས་སུ་ནང་ཆོས་ཀྱི་ཤུགས་རྐྱེན་བྱུང་བའི་འགྲེལ་བཤད་བརྒྱབ་ཡོད། གོང་གི་ཐ་སྙད་དང་མཚོན་དོན་སོགས་ཀྱི་འགྲེལ་བཤད་དེ་དག་ནི་བླ་བཙས་བྱུང་རྗེས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ནང་གི་དུས་སྐབས་བྱེ་བྲག་བ་ཞིག་གི་ཐ་སྙད་དང་མཚོན་བྱེད་ཡིན་པ་ལས་བླ་བཙས་རིག་གནས་ཀྱི་འགྲེལ་བཤད་ཆ་ཚང་བ་ཞིག་མིན། དཔེར་ན། ཡ་ཐོག་གི་དུས་སྐབས་ཀྱི་དཔའ་བོའི་པུར་ཁང་། བླ་ཟོག་ལ་མཆོད་པའམ་རྗེས་དྲན་བྱེད་ས། གས། ལྷའི་གནས་ཡུལ། ཆག་འཇིག་འགག་བྱེད་སོགས་ཀྱི་བརྒྱུད་རིམ་མང་པོ་བྱུང་ཡོད་པ་ད་ལྟ་མཐོང་ཆོས་སུ་ཡོད་པའི་བླ་བཙས་ལས་ཤེས། ཤིང་གི་གོ་མཚོན། (དཔའ་བོ་སོགས་ཀྱི་དུར།)ཤ་རྭའི་བླ་བཙས།རྟ་མགོ་སྐམ་པོའི་བླ་བཙས།འབྲོང་རྭའི་བླ་བཙས། (བླ་ཟོག་ལ་མཆོད་པའམ་རྗེས་དྲན་བྱེད་པ།) སྡེ་བ་ཚོ་བའི་ས་རྟགས།ལྷ་གནས་ཡུལ། ཆུ་ལོག་སོགས་ཀྱི་ཆག་འཇིག་འགོག་ཕྱིར་བླ་བཙས་བརྩིགས་པ་སོགས་ཡིན། དེ་མ་ཟད་ད་ལྟ་བླ་བཙས་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཚང་མ་གཅིག་བསྡུས་ནུས་མང་ཅན་དུ་གྱུར་ཡོད། དེ་དག་ལས་ད་ལྟའི་དུས་སྐབས་སུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆུང་བའི་བླ་བཙས་ནི་ཁྲི་ཀ་རྫོང་བདུད་ཤུལ་དང་རྐང་ཚ་སྡེ་བའི་ཤ་རྭའི་བླ་བཙས། སོག་རྫོང་རོང་པོ་ཡུལ་གྱི་རྟ་མགོ་སྐམ་པོའི་བླ་བཙས། རྨ་ཆུ་འགོ་ཁུངས་སུ་ཡོད་པའི་འབྲོང་རྭའི་བླ་བཙས་སོགས་ཡིན་པར་འདོད།

རྩོམ་ཡིག་འདིའི་ནང་དུ་བླ་བཙས་འབྲི་དགོས་པའི་རྒྱུ་མཚན་ནི། བླ་ནི་གང་ཟག་གི་བླ་གནས་ཡུལ་མཚོན་པའི་དུར་ཁང་ངམ་བླ་ཟོག་དང་འབྲེལ་ནས་བླ་དང་། བཙས་ནི་ཡོན་གྱི་དོན་ལ་འཇུག་པས་བླ་བཙས་ནི་ཐོག་མའི་མཚོན་དོན་དང་ཉེ་བར་བསམ།

སོག་ཡུལ་མཐོ་སྒང་གཙོ་བོར་གྱུར་བའི་ས་ཁུལ་དག་གི་བླ་བཙས་ཀྱི་འབྱུང་ཁུངས་ལ་མཁས་པས་བཞེད་ཚུལ་མང་པོ་ཡོད་ཀྱང་གཙོ་བོ་བཞི་ཡོད་པ་སྟེ། ༡། འབྲོག་པའི་ས་རྟགས་དང་ལམ་རྟགས། ༢། རྡོ་ལ་དད་མོས་ལས་བྱུང་བ། ༣། གནའ་བོའི་འབྲོག་པའི་དུར་འཇུག་བྱེད་སྲོལ་ཏེ་དུར་ཁང་ལས་བྱུང་། ༤། གནའ་བོའི་མཚན་མར་དད་མོས་བྱེད་པ་ལས་བྱུང་བ་བཅས་ཡིན། (༣༩) དེ་ཡང་བོད་པའི་བླ་བཙས་ཀྱི་བྱུང་རིམ་དང་མཚོན་དོན་འགྲེལ་བཤད་དང་མཐུན་པའི་ཕྱོགས་མང་། བོད་པས་རིག་གནས་ལོ་རྒྱུས་འགྲེལ་སྐབས་ནང་ཆོས་མ་དར་སྔོན་གྱི་ཡོད་ཚད་བོན་ནམ་ཞང་ཞུང་རིག་གནས་ཀྱི་ཁུངས་སུ་གཅིག་བསྡུས་བྱས་ཡོད། དེ་བས་བོད་ཀྱི་བླ་བཙས་རིག་གནས་ཀྱི་བྱུང་རིམ་དང་མཚོན་དོན་སོགས་ལ་མིག་ཡ་གཅིག་གིས་བལྟས་བ་ལྟ་བུའི་སྐྱོན་ཡོད།དེ་ནི་བོད་རང་གི་ལོ་རྒྱུས་དང་རིག་གནས་གང་ནས་བསམ་བློ་བཏང་ན་ཁས་ལེན་བྱེད་ཐུབ་པ་ཞིག་མིན།

ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་དུ་ཆེད་ལས་མཁས་པས་ཞིབ་འཇུག་བྱས་པའི་བླ་བཙས་རིགས་ནི་སོག་པོ་མཐོ་སྒང་དུ་ཤུགས་ཆེན་དར་བའི་ཧག་ལེ་ཁེ་སོ་ཨར་ཟེར་བ་དེ་ཡིན་པར་འདོད། དེ་ནི་ལི་ཆས་སམ་ཟངས་ཆས་དུས་སྐབས་ནས་དར་བའི་རྡོ་སྤུངས་ལས་གྲུབ་པའི་དུར་ཁང་དང་མཆོད་གནས་ཟུང་ལྡན་གྱི་བཟོ་སྐྲུན་ཞིག་ཡིན། དོན་གྱི་དེ་ནི་དུར་ཁང་དང་ལྷ་སོགས་ལ་མཆོད་ཡུལ་གཉིས་ལྡན་གྱི་བླ་བཙས་ཡིན།གོ་རིམ་ཡང་དང་པོ་དུར་ཁང་དུས་སྐབས་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་བྱུང་བའི་མཆོད་གནས་ཀྱི་དུས་སྐབས་གཉིས་བརྒལ་བའི་བླ་བཙས་ཡིན། དེ་དག་གི་ནང་དུ་མིའི་རུས་པ་ཧ་ཅང་ཉུང་ལ།སྒོ་ཟོག་གི་རུས་པ་ཧ་ཅང་མང་བ་དང་། རྫ་མ། ལི་ཆས། ལྕགས་ཆས་སོགས་ཐོན་ཡོད།

བོད་སྒང་བའི་བླ་བཙས་ལ་གནའ་རྫས་མཁས་པས་ཆེད་དུ་ཞིབ་འཇུག་བྱས་པ་མཐོང་ཡུལ་དུ་མ་བྱུང་། གང་ལྟར་བླ་བཙས་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་རིག་གནས་ཁྱད་པར་བ་ཞིག་ཡིན་པ་དང་། དེ་ནི་འབྲོག་པའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད།བསྐལ་བ་ཡ་ཐོག་གི་དུས་ནས་ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བའི་ནང་དུ་ནུས་པ་དང་མཚོན་དོན།ཐ་སྙད་སོགས་ལ་ཡང་དེ་བསྟུན་གྱི་འགྱུར་བ་བྱུང་ཡོད། བླ་བཙས་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དུ་བྱུང་བ་ཡིན་པས་བོད་སྐད་དུ་བླ་བཙས་དང་སོག་སྐད་སོགས་སུ་ཨོད་སྤོ་ཟེར། རིག་གནས་འདི་ཙི་ནའི་ཡུལ་ལ་དར་མེད། ཐ་ན་ཙི་ནའི་སྐད་ནང་དུ་སོག་སྐད་ཀྱི་ཨོད་སྤོ་ཟེར་བ་ཟུར་ཆགས་པ་ལས་ཐ་སྙད་ཙམ་ཡང་མེད། དེ་བས་བླ་བཙས་རིག་གནས་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་འབྲོག་པའི་རིག་གནས་ཤིག་ཡིན།འདིས་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་དང་འདབས་འབྲེལ་རྒྱལ་ཁབ་ཙི་ན་སོགས་ཀྱི་རིག་གནས།ལོ་རྒྱུས་སོགས་རྩ་བ་ནས་ཐ་དད་ཡིན་པའི་མཚོན་རྟགས་གལ་ཆེན་ཞིག་ཅི་ལ་མིན།

 

དྲུག་པ། སྐྱིལ་ཀྲུང་།

སྐྱིལ་ཀྲུང་བཅས་ནས་འདུག་སྟངས་འདི་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་ལ་དར་བའི་འདུག་སྟངས་ཤིག་ཡིན། དེ་ལ་ཙི་ན་བས་ཧོར་(འདིའི་ཧོར་ནི་ད་ལྟ་ཧོར་ཆེན་པོ་ནམ་སོག་པོ་ལ་གོ་བ་མིན།)འདུག་(胡坐)ཟེར།རྒྱུའི་ཡིག་ཚང་ལྟར་ན།ཧོར་པ་胡人ནི་ཕྱིའི་རྒྱལ་ཁབ་སྟེ་རྒྱ་ནག་གི་ནུབ་ཕྱོགས་ནས་ཡོང་བའི་འབྲོག་པའི་རིགས་འདྲ་མིན་ལ་ཟེར། དེ་དག་གིས་རྒྱ་ནག་ཏུ་སྲིད་གཞུང་བཙུག་ནས་རྒྱ་ནག་གི་ལྷོ་ཕྱོགས་ཀྱི་རྒྱའི་སྲིད་གཞུང་ལ་ཁ་གཏད་བྱས་ཡོད། དེ་ནང་དུ་གྲགས་ཆེ་བ་ནི་ཧོར་ལྔས་རྒྱ་ལ་གཏོར་རྒོལ་ཟེར་བ་དེ་ཡིན།ཧོར་ལྔ་ནི། ཤིན་ནོ། ཤན་པེ། ཇེ། ཆང་དང་ཏེའུ་སོགས་ཡིན། དེ་ཡང་ཧོར་ལྔས་རྒྱ་ལ་གཏོར་རྒོལ་ཟེར་བ་ནི་ཕྱི་ལོ་༣༠༤་ཡི་ལོར་འགོ་བཙུག་ཡོད་པར་བརྗོད།ཡང་ཡིག་ཆ་ལ་ལར་ཧོར་པ་胡人ཟེར་བ་ནི་ནུབ་ཕྱོགས་ནས་ཡོང་བའི་མི་ཟེར་བ་ཡིན་པར་འདོད་མཁན་ཡང་ཡོད།

གཙོ་བོ་Sogdiana་མི་རིགས་ཡིན་པར་བརྗོད།(༤༠)གང་ལྟར་ཙི་ནའི་སྐད་དུ་ཧོར་པ་胡人་ཟེར་བ་ནི་རྒྱ་ནག་གི་ནུབ་ཕྱོགས་ནས་ཡོང་བའི་རྒྱ་རིགས་མིན་པའི་འབྲོག་པ་གཙོ་བོ་ཡིན་པའི་མི་རིགས་དག་ལ་ཟེར་གྱིན་ཡོད།དེའི་ནང་དུ་བོད་པ་ཡང་ཚུད་ཡོད།

སྐབས་སུ་བབ་པའི་བརྗོད་གཞི་ནི་སྐྱིལ་ཀྲུང་ཡིན།ཙི་ནའི་ཡིག་ཚང་ནང་དུ་སྐྱིལ་ཀྲུང་དུ་བཅས་ནས་འདུག་པ་ལ་ཧོར་འདུག་དང་། རྒྱ་མི་རིགས་ལ་སྐྱིལ་ཀྲུང་དུ་འདུག་སྲོལ་མེད།དེ་བས་རྒྱ་ནག་པས་གནའ་མི་ས་ལ་བསྡད་དུས་པུས་མོ་བཙུགས་ནས་འདུག་་་ཧོར་འདུག་གམ་སྐྱིལ་ཀྲུང་བཅས་པ་ནི་ཕྱི་ནས་དར་ཟེར།གནའ་བོའི་ཙི་ན་བའི་གྱོན་ཆས་ནི་ཕལ་ཆེར་ད་ལྟའི་ཉི་ཧོང་བའི་སྲོལ་རྒྱུན་གྱི་གྱོན་ཆས་དང་མཚུངས། གྱོན་ཆས་འཁོར་ཆེན་པོ་ཕུ་ཐུང་ཆེན་པོ།ཞྭ་མོ་ཆེན་པོ་གྱོན་གྱི་ཡོད།ཁོ་རང་ཚོ་ལ་མཚོན་ན་པུས་མོ་བཙུགས་ནས་འདུག་རྒྱུ་ནི་སྟབས་བདེ་བ་ཡིན།དེ་བས་ཁོ་ཚོ་དུས་རྒྱུན་ས་ལ་སྡོད་དུས་པུས་མོ་བཙུགས་ནས་འདུག་པ་ཡིན།སྟབས་བདེ་ལ་རང་དབང་ཆེ་བའི་སྐྱིལ་ཀྲུང་ངམ་ཧོར་འདུག་ནི་འབྲོག་པའི་ཁྱད་ཆོས་ཅན་གྱི་ནུབ་ཕྱོགས་པའི་རིག་གནས་ཡིན།(༤༡)

བོད་པ་དང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་སྒང་གི་མི་རིགས་རྣམས་ལ་མཚོན་ན་སྐྱིལ་ཀྲུང་བཅའ་བ་ལས་སླ་བ་དང་སྟབས་བདེ་བ་ཞིག་ཡོད་པ་མ་རེད། སྤྱིར་བཏང་གང་ནས་ངལ་གསོས་ནས་འདུག་པ་དང་དེ་བཞིན་སྟོན་མོ་དང་མཛད་སྒོ།ཆོས་ལུགས་མི་སྣ་འདུ་ཚོགས་དང་ཆོས་ཀྱི་བྱེད་སྒོ་ཡོངས་སུ་སྐྱིལ་ཀྲུང་ནི་ཧ་ཅང་གི་རྒྱུན་ལྡན་གྱི་འདུག་སྟངས་ཤིག་ཡིན།གཞན་ཆོས་ཀྱི་བྱེད་སྒོ་དམིགས་བསལ་བ་དང་སྒོམ་བསྒྲུབ་སོགས་ཀྱི་སྐབས་སུ་དེ་བས་ཀྱང་བཤད་མ་དགོས་པ་ཡིན།

གཞན་ཡང་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་སྟོབས་ཤུགས་ཉེ་འཁོར་གྱི་མི་རིགས་དང་རྒྱལ་ཁབ་ཁག་ལ་སླེབས་པ་དང་མཉམ་དུ་སྐྱིལ་ཀྲུང་དུ་འདུག་པའི་སྲོལ་འདི་ཡང་རིམ་བཞིན་དར་ཡོད་པ་མཐོང་ཐུབ། དཔེར་ན། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་སྐུ་འདྲ་ལས་ཤེས།སྐུ་འདྲ་སྐྱིལ་ཀྲུང་དུ་བཞུགས་པ་ཅན་དང་སྐྱིལ་ཀྲུང་དུ་བཞུགས་མེད་པ་ཅན་འདྲེས་མ་ཡིན།རྒྱ་གར་གྱི་མི་རིགས་སོ་སོ་ལ་མཚོན་ན་ཡང་སྐྱིལ་ཀྲུང་དུ་འདུག་པ་ནི་ཧ་ཅང་གི་དར་ཁྱབ་ཆེན་པོ་ཡིན།དེ་བས་ལོ་རྒྱུས་ཀྱི་བྱུང་རིམ་ནང་དུ་ཡོ་རོབ་ཨེ་ཤེ་ཡའི་འབྲོག་པའི་ཤུགས་རྐྱེན་རྒྱ་གར་ལ་སླེབས་པ་དང་།ལྷག་པར་དུ་ཆོས་ལུགས་ནང་དུ་ཤུགས་རྐྱེན་བྱུང་བ་ཡིས་དམངས་སྲོལ་ལ་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་ནས་ད་བར་དུ་རྒྱུན་འཛིན་བྱུང་ཡོད།

རྒྱ་གར་དང་བསྡུར་ན་རྒྱ་ནག་ལ་ཆབ་སྲིད་ཐོག་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ཤུགས་རྐྱེན་ཐེབས་ནས་སྲིད་དབང་མང་པོ་བཙུགས་པ་དང་རྒྱ་ནག་ལ་གོད་ཆགས་ཆེན་པོ་བཟོས་ཡོད་ཀྱང་།ཆོས་ལུགས་ལ་འབྲོག་པའི་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པས་གནའ་བོའི་རྒྱ་ནག་གི་ཆོས་ལུགས་ཀྱི་སྐུ་འདྲ་དང་རྒྱལ་པོ་སོགས་ཀྱི་རི་མོ་གང་ཡིན་ཡང་སྐྱིལ་ཀྲུང་ཅན་མེད། དེ་བས་དམངས་ཁྲོད་དུ་སྐྱིལ་ཀྲུང་དུ་འདུག་སྲོལ་དར་མེད་པ་རེད། སྐྱིལ་ཀྲུང་བཅའ་རྒྱུ་ནི་རྒྱ་ནག་པ་ལ་མཚོན་ན་ཉེས་ཆད་ལྗི་མོ་ཞིག་ཡིན།

གང་ལྟར་སྐྱིལ་ཀྲུང་དུ་འདུག་པ་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་གཞི་འཛིན་པ་རྣམས་ཀྱི་ཐུན་མོང་གི་རིག་གནས་ཤིག་ཏུ་མངོན་ཞིང་།དེ་ཡང་འབྲོག་པའི་དཔལ་ཡོན་གྱི་ཁྱབ་ཁོངས་ཡིན།དེ་བས་དོན་དངོས་ནི་རྒྱ་ནག་གི་མཁས་པ་ཚོས་མཐའ་གཅིག་ཏུ་བཤད་བཞིན་པའི་བོད་ཀྱི་རིག་གནས་དང་རྒྱ་ནག་རིག་གནས་གཉིས་ཀྱི་འབྲེལ་བ་ཧ་ཅང་དམ་ཟབ་ཡིན་ཟེར་བ་ལས་ལྡོག་པ་ཡིན། རྒྱུ་མཚན་ནི།བོད་རྒྱ་གཉིས་ཀྱི་རིག་གནས་དང་འཚོ་བའི་ལམ་ལུགས་ཐ་དད་ཡིན་མ་ཟད། ཐ་ན་ཆེས་སྤྱིར་བཏང་གི་འདུག་སྟངས་ཀྱང་མི་འདྲ་བ་ཡིན།

བོད་སྒང་བའི་འབྲོག་པའི་དཔལ་ཡོན། ཤ་བའི་རིག་གནས།ཤིང་རྟའི་རིག་གནས།མོན་ཐོའི་རིག་གནས།བླ་བཙས་རིག་གནས།སྐྱིལ་ཀྲུང་རིག་གནས་སོགས་ནས་ར་འཕྲོད་པ་ནི། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་བྱུང་རིམ་དང་རྒྱ་ནག་གི་ལོ་རྒྱུས་འཕེལ་རིམ་ལ་ཁྱད་པར་ཆེན་པོ་ཡོད་པ་བཞིན། བོད་དང་རྒྱ་ནག་གི་སྤྱི་ཚོགས་གྲུབ་སྟངས་དང་བསམ་བློའི་རྩ་བ་སོགས་ཕྱོགས་ཡོངས་ནས་ཐ་དད་ཡིན།གཅིག་ནི་འབྲོག་པས་གཙོ་བོར་གྲུབ་པའི་འཇིག་རྟེན་དང་རིག་གཞུང་། གཅིག་ནི་ཞིང་པས་གྲུབ་པའི་གྲོང་ཁྱེར་རྒྱལ་ཁབ་ཟེར་བ་དེ་ཡིན། ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་ལོ་རྒྱུས་ལྟ་བ་ལྟར་ན།རྒྱ་ཆེ་ལ་རིག་གནས་དང་མིའི་རིགས་ཚོགས་མང་བའི་འབྲོག་པ་ནི་འཛམ་གླིང་ལོ་རྒྱུས་ཀྱི་འདེད་ཤུགས་གཙོ་བོ་ཡིན། དེ་དང་བསྡུར་ན་རྒྱའི་དཔལ་ཡོན་ཟེར་བ་ནི་ཀྲུང་ཡན་ས་ཁུལ་ལྟེ་བ་ཡིན་པའི་ས་ཁུལ་རང་བཞིན་ཅན་གྱི་རིག་གནས་ཤིག་ཡིན།དེ་བས་ཨི་ཉེ་སི་ཁྲོ་དགེ་ཐི་ཡིས་འདི་ལྟར་བརྗོད་ཡོད།རྒྱའི་དཔལ་ཡོན་ཀུན་ཁྱབ་རང་བཞིན་གྱི་འཛམ་གླིང་དཔལ་ཡོན་ཞིག་རེད་ཅེས་བརྗོད་པ་ལས་དེ་ནི་ས་ཁུལ་ཞིག་གི་དཔལ་ཡོན་ཡིན་པར་བསམ་བློ་བཏང་བ་ཡིན་ན་དེ་དངོས་ཡོད་གནས་ཚུལ་དང་ཉེ་བ་ཡིན་ཟེར།(༤༢)

བསམ་བློ་གཏོང་སྟངས་འདི་ཁུངས་ལུང་མེད་པ་ཞིག་ག་ལ་ཡིན། རྒྱ་ནག་གི་གནའ་རྫས་དཔྱད་ཞིབ་རིག་པའི་གྲུབ་མཐའ་སྲོལ་འབྱེད་དུ་བརྗོད་པའི་སོའོ་པིན་ཆེ་ལགས་ཀྱིས།ལོ་ངོ་བཅུ་ཕྲག་མང་པོའི་ནང་ང་ཚོའི་ལོ་རྒྱུས་སློབ་གསོ་ཁྱད་མཚར་བོ་གཉིས་ཀྱི་ནང་འཁོར་བསྡད་ཡོད།གཅིག་ནི་བརྟན་ཞིང་གཡོ་བ་མེད་པའི་ཀྲུང་ཧྭ་ཆེན་པོའི་གཅིག་གྱུར་གྱི་ལྟ་བ།གཅིག་ནི་མཱ་ཁེ་སིའི་བཏོན་པའི་སྤྱི་ཚོགས་ཀྱི་འཕེལ་རིམ་ཆོས་ཉིད་ལོ་རྒྱུས་རང་ལ་ངོས་འཛིན་བྱེད་པ་དེ་གཉིས་ཡིན། ཀྲུང་ཧྭ་ཆེན་པོའི་གཅིག་གྱུར་གྱི་ལྟ་བའི་ཕྱོགས་ནས།ང་ཚོས་གོམས་གཤིས་ལྟར་རྒྱ་མི་རིགས་ཀྱི་ལོ་རྒྱུས་ཚད་ལྡན་དང་།གཞན་རྣམས་ཚད་ལྡན་ལོ་རྒྱུས་ཀྱི་མཐཪ་དོར་ཡོད། (༤༣) དོན་དངོས་སུ་ལོ་ངོ་བདུན་ཅུ་ལྷག་གི་ཉམས་མྱོང་ལས་ཤེས་པ་ནི། རྒྱ་ནག་པས་བོད་སོགས་ཀྱི་ལོ་རྒྱུས་ཚད་ལྡན་དུ་ངོས་འཛིན་མ་བྱས་པའི་གནད་དོན་གཅིག་པུ་ག་ལ་ཡིན། ཀྲུང་ཧྭ་ཆེན་པོའི་གཅིག་གྱུར་གྱི་ལྟ་བ་དང་དེང་གི་ཀྲུང་གོ་ཅན་གྱི་འབོད་ཚིག་འོག་ཏུ།བོད་ཀྱི་ལོ་རྒྱུས་ལ་བཟོ་བཅོས།མཁྱོག་བརྗོད།ལོག་འགྲེལ་སོགས་བྱེད་པ་ནི་ཧ་ཅང་གི་རྒྱུན་ལྡན་གྱི་གནས་ཚུལ་དུ་གྱུར་ཡོད།ཁོ་ཚོའི་ཚད་གཞི་ནི།ལོ་ལྔ་སྟོང་ཡོད་པའི་རྒྱ་ནག་གི་དཔལ་ཡོན་གྱི་གོང་དུ་འགྲོ་མི་ཆོག་པ་དེ་ཡིན།གལ་ཏེ་ལོ་ངོ་ལྔ་སྟོང་ལས་སྔ་བའི་དོན་དངོས་ལས་གཡོ་ཐབས་མེད་དུས་གོམ་པ་གཉིས་པ་ནི་འགྲེལ་བཤད་ཡིན་ཏེ།བོད་ཀྱི་གནའ་རྫས་དཔྱད་ཞིབ་ལས་ཐོན་པའི་གནའ་རྫས་རིག་གནས་དག་རྒྱ་ནག་གི་རིག་གནས་ཤིག་ལ་འབྲེལ་བ་ཡོད་དགོས་པ་དང་།གཙོ་བོ་རྒྱ་ནག་གི་རྨ་ཆུའི་རྒྱུད་ཀྱི་རིག་གནས་ལ་ཁུངས་གཏུགས་གང་ཐུབ་ཀྱིས་བོད་སྒང་བའི་ཡ་ཐོག་རིག་གནས་མར་རྒྱ་ནག་གི་ཡུལ་དུ་དར་བ་རྩ་བ་ནས་ཡོང་མི་ཆོག་པ་འགྲེལ་བཞིན་ཡོད།

དེས་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་སྡེ་རོང་ཚེ་རིང་དོན་གྲུབ་ལགས་ཀྱི་བོད་ཀྱི་ལོ་རྒྱུས་དེབ་ཐེར་བཀྲ་ཤིས་གཏེར་བུམ་ནང་དུ།དེ་སྔ་ལོ་རྒྱུས་སྨྲ་བ་དག་གིས་བོད་ནུབ་རྒྱུད་དང་རྒྱ་ནག་གི་ཤར་རྒྱུད་ཀྱི་རྡོ་ཆས་དང་ཚོན་ལྡན་རྫ་མའི་རིག་གནས་ལ་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་ལ་དབྱེ་ཞིབ་སྤུ་ཙམ་མི་བྱེད་པར་དེ་ནི་རྒྱ་ནག་ཀྲུང་ཡན་ནས་ནུབ་རྒྱུད་དུ་དར་བར་གཏན་ཁེལ་བྱེད་ཀྱིན་ཡོད། དེ་ལ་གནས་ལུགས་དང་མཐུན་པའི་རྒྱུ་མཚན་མེད། (༤༤) དེའི་སྐོར་ལ་སོའོ་པིན་ཆེ་ཡིས་བརྗོད་དོན།དམིགས་བསལ་ནན་བརྗོད་བྱེད་དགོས་པ་ནི།ཀྲུང་ཡན་ཕྱི་ལོག་གི་ས་ཁུལ་སྔོན་ཐོན་ཡིན་པ་མང་པོ་ཡོད། དེ་བས་ས་ཁུལ་སོ་སོའི་བར་གྱི་འབྲེལ་འདྲིས་ནི་ཀྲུང་ཡན་ནས་ཕྱོགས་བཞི་ལ་ཁྱབ་པ་མིན་པ་མ་ཟད།དེ་ལས་ལྡོག་སྟེ་ཕྱོགས་བཞི་ནས་ཀྲུང་ཡན་ལ་འདུས་པ་རེད།(༤༥)

དེ་བས་བོད་ཀྱི་ལོ་རྒྱུས་དང་རིག་གནས་དཔལ་ཡོན་ལ་བློ་གཟུ་བོར་ཉམས་ཞིབ་བྱེད་མཁན་རྣམས་ཀྱི་གྲུབ་འབྲས་ལས་བོད་ཀྱི་དཔལ་ཡོན་དང་ལོ་རྒྱུས་ནི་ཡོ་རོབ་ཨེ་ཤེ་ཡ་ས་ཆེན་གྱི་དཔོལ་ཡོན་དང་ལོ་རྒྱུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་། ཡ་ཐོག་དུས་སྐབས་ནས་བཟུང་ལོ་ངོ་སྟོང་ཕྲག་མང་པོའི་ནང་དུ་བོད་ཀྱི་རིག་གནས་ལག་རྩལ་སོགས་ཀྱིས་སྨད་ཙི་ནའི་ཡུལ་དུ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། ད་ལྟའི་དུས་ལ་རྒྱ་ནག་གིས་ཆབ་སྲིད་དབང་ཤུགས་བེད་སྤྱོད་ཀྱིས་དངོས་ཡོད་དང་ཡོངས་སུ་ལྡོག་པའི་འགྲེལ་བཤད་རྒྱག་བཞིན་པ་ནི་རྒྱ་ནག་ཆེན་པོ་དང་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནའི་ཆེད་དུ་ཡིན་ནོ།། །།

 

ཟུར་ལྟའི་ཡིག་ཆ་དང་མཆན།

(༡)ཀྲོང་ཧན།ཡོ་རོབ་ཨེ་ཤེ་ཡ་དབུས་མ་གཙོ་བོ་ཡིན་པའི་འཛམ་གླིང་ལོ་རྒྱུས་བསྐྱར་དུ་འབྲི་བ་ཟེར་བ།ཉི་ཧོང་གི་ཨེ་ཤེ་ཡ་ནང་མའི་ལོ་རྒྱུས་སྨྲ་བའི་ཁ་ཕྱོགས་གསར་བ་ལ་དབྱེ་ཞིབ།རིག་གཞུང་ལོ་རྒྱུས་མཚན་ཉིད་རིགས་པ།༢༠༡༩ལོའི་འདོན་ཐེངས་༦།ཤོག་གྲངས་༥ནས་༢༥།

https://www.aisixiang.com/data/119375.html

༢།ཆེ་མེ་ཆིན།ཁྲིན་ཅིན།རྒྱ་ནག་གི་མཁས་པས་ཉམས་ཞིབ་བྱེད་བཞིན་པའི་ཨེ་ཤེ་ཡ་ནང་མའི་ཐ་སྙད་དང་གནད་དོན་སྐོར་ལ་བསམ་ཞིབ།ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་དུས་དེབ།༢༠༡༩ལོའི་འདོན་ཐེངས་༣།

https://www.sohu.com/a/369033284_726990

༣།འཛམ་གླིང་ལོ་རྒྱུས་ཀྱི་བྱུང་བ།ཀང་ཐན་ཡིན་ཧོན།(ཉི་ཧོང་བ།)ཁྲིན་ཤིན་ཧེ་སྒྱུར།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༡།༥ཤོག་གྲངས་༡༢༣།

༤།རྩྭ་ཐང་གིས་བཙན་ཤེད་དབང་བསྡུ།(ཉི་ཧོང་བ།)གོ་སིན་ཁྲིན་ཀྲི།ཧོང་ཡོལ་ཅིན་གྱིས་སྒྱུར།ཐེ་ཝན།ལན་ཅིན་དཔེ་སྐྲུན་ཁང་།༢༠༢༡།༡༡།ཤོག་གྲངས་༢༠།

༥།རྩྭ་ཐང་གིས་བཙན་ཤེད་དབང་བསྡུ།(ཉི་ཧོང་བ།)གོ་སིན་ཁྲིན་ཀྲི།ཧོང་ཡོལ་ཅིན་གྱིས་སྒྱུར།ཐེ་ཝན།ལན་ཅིན་དཔེ་སྐྲུན་ཁང་།༢༠༢༡།༡༡།ཤོག་གྲངས་༢༡།

༦།རྩྭ་ཐང་གིས་བཙན་ཤེད་དབང་བསྡུ།(ཉི་ཧོང་བ།)གོ་སིན་ཁྲིན་ཀྲི།ཧོང་ཡོལ་ཅིན་གྱིས་སྒྱུར།ཐེ་ཝན།ལན་ཅིན་དཔེ་སྐྲུན་ཁང་།༢༠༢༡།༡༡།ཤོག་གྲངས་༢༡།

༧།རྒན་གྱའི་བྲག་དཀར་བའི་མ་མགལ་རུས་པའི་འགྱུར་རྡོ་ཉམས་ཞིབ་དང་གནས་ཁང་དུ་སྔོག་འདོན་ལས་གཞི་ཉམས་ཞིབ་ཀྱི་འགན་འཛིན་པ་ལན་ཀྲི་སློབ་གྲྭ་ཆེན་མོའི་ཐོན་ཁང་ཁོར་ཡུག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཀྲང་ཏང་ཅི་གཏམ་བཤད། https://mp.weixin.qq.com/s/SxI3SxsJFW-u-nj_Qy3pRQ?fbclid=IwAR1oNUHg5fW4C8KAXWfoehAxPppDq3699O3ljU1zVTRh_ficpNZGSmf21-Y

༨།དུས་རབས་གསར་བའི་ནང་མཚོ་བོད་མཐོ་སྒང་གི་ཡིག་འགོད་མ་བྱུང་སྔོན་གྱི་གནའ་རྫས་བརྟག་ཞིབ་ཀྱི་འཕེལ་རིམ།ཀྲུང་གོའི་བོད་རིག་པ།༢༠༣༢།༣།རྩོམ་པ་པོ།ལེའེ་ཧོང་ལིང་།སི་ཁྲོན་སློབ་གྲྭ་ཆེན་མོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་རྟེན་གཞི།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་སློབ་དཔོན།

https://mp.weixin.qq.com/s/28fTxdHEl2wEF94aqY0fLQ

༩།ཀྲུང་གོའི་དཔལ་ཡོན་འབྱུང་ཁུངས་ལ་གསར་དུ་དཔྱད་པ་།སོའོ་པིན་ཆེ།ཚོང་དོན་དཔེ་སྐྲུན་ཁང་།(ཧང་ཁང་།)༢༠༢༠ལོ་ཟླ་བ་༨།ཤོག་གྲངས་༢།

༡༠། ཀྲུང་གུང་ཀྲུང་དབྱིང་ཆབ་སྲིད་ཅུས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་བློན་གཞོན་པ་ལིག་ཡན་ཏང་གི་གཏམ་བཤད།

http://kp.china-embassy.gov.cn/zgxw/zgzxxw/201604/t20160426_1347541.htm

༡༡།དུས་རབས་གསར་བའི་ནང་མཚོ་བོད་མཐོ་སྒང་གི་ཡིག་འགོད་མ་བྱུང་སྔོན་གྱི་གནའ་རྫས་བརྟག་ཞིབ་ཀྱི་འཕེལ་རིམ།ཀྲུང་གོའི་བོད་རིག་པ།༢༠༣༢།༣།རྩོམ་པ་པོ།ལེའེ་ཧོང་ལིང་།སི་ཁྲོན་སློབ་གྲྭ་ཆེན་མོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་རྟེན་གཞི།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་སློབ་དཔོན།

https://mp.weixin.qq.com/s/28fTxdHEl2wEF94aqY0fLQ

༡༢།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༨༨།

༡༣།གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ནས་གནའ་རྫས་ཀྱི་དཔང་རྟགས་རྙེད་པ།བོད་ལྗོངས་ཉིན་རེ་ཚགས་པར།༢༠༢༣།༣།༡༨ཉིན།http://epaper.chinatibetnews.com/xzrbzw/202303/18/content_188065.html

ཉམས་ཞིབ་པས་མོད་དབུས་མཐོ་སྒང་དུ་ལོ་ངོ་༣༠༠༠་ཡར་སྔོན་ལ་འོ་བཟོས་བཟའ་ཆས་འཛད་སྤྱོད་བྱེད་ཀྱི་ཡོད་པའི་དཔང་རྟགས་རྙེད།ཤིན་ཧྭ་གསར་ཁང་།༢༠༢༣།༢།༡༣།

http://www.news.cn/2023-02/12/c_1129357812.htm

༡༤།https://news.nwafu.edu.cn/mtwx/424f3e1655384cb1b8c852389aa5212e.htm

༡༥།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༢༦ནས་༢༧།

༡༦།ཀྲུང་གོའི་དཔལ་ཡོན་འབྱུང་ཁུངས་ལ་གསར་དུ་དཔྱད་པ་།སོའོ་པིན་ཆེ།ཚོང་དོན་དཔེ་སྐྲུན་ཁང་།(ཧང་ཁང་།)༢༠༢༠ལོ་ཟླ་བ་༨།ཤོག་གྲངས་༡༩༤།

༡༧།དར་གོས་ཚོང་ལ་སྟེང་གི་བཙན་རྒྱལ།Christopher I.Beckwithe(རྒྱ་འགྱུར།)༢༠༢༠།༡༠།ཀྲུང་ཞིན་དཔེ་སྐྲུན་ཁང་།ཤོག་གྲངས།XVIIདང་༧༤།

༡༨།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༧༨།

༡༩།འཛམ་གླིང་ལོ་རྒྱུས་ཀྱི་བྱུང་བ།ཀང་ཐན་ཡིན་ཧོན།(ཉི་ཧོང་བ།)ཁྲིན་ཤིན་ཧེ་སྒྱུར།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༡།༥ཤོག་གྲངས་༡༤༥།

༢༠།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༡༤༦།

༢༡། ཤ་བོ་མཁར་བྱམས་ཀྱི་བཅར་འདྲི།བོད་ལྗོངས་སློབ་གྲྭ་ཆེན་མོའི་དུས་དེབ།༢༠༡༩ལོ།འདོན་ཐེངས་༢།

༢༢།Pel.tib              1287་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་གི་བོད་ཡིག་ཡིག་ཚགས།དེབ་༡༢།

ཤོག་གྲངས་༡༤།

༢༣།ཨཱཅཱརྱ་ཤ་བོ་རྟ་མགྲིན།ཝཱ་ར་ཎཱ་སི་དབུས་བོད་ཀི་གཙུག་ལག་སོབ་གཉེར་ཁང་སློབ་དཔོན།༢༠༡༩ལོ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་གཏམ་བཤད།བོན་ཤ་བའི་རིག་གནས་སྐོར་གི་ཞིབ་འཇུག་ཟེར་བ་རུ་གསལ།

༢༤།བསྟན་མ་བཅུ་གཉིས་ཀྱི་རྡོ་རྗེ་གཡའ་མ་སྐྱོང་། ཤ་མེད་རྡོ་རྗེ།ཀོང་བཙུན་དེ་མོ་སོགས་ཀྱི་ཆིབས་པ་ཤ་བ་ཡིན་པར་བརྗོད།

༢༥།བོན་གི་གཡང་གཞུང་ནག་པོ་འགྲོ་ཤེས་ཞེས་བ་བ་བཞུགས་སོ།།ཤ་བ་རུ་རྒྱས་བཞུགས་སོ།།ཨཱཅཱརྱ་ཤ་བོ་རྟ་མགྲིན།ཝཱ་ར་ཎཱ་སི་དབུས་བོད་ཀི་གཙུག་ལག་སོབ་གཉེར་ཁང་སློབ་དཔོན།༢༠༡༩ལོ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་གཏམ་བཤད།བོན་ཤ་བའི་རིག་གནས་སྐོར་གི་ཞིབ་འཇུག་ཟེར་བ་རུ་གསལ།ཡིག་ཆ་གཞན་དུ་དཔེ་ན།བདེ་སྐྱིད་མཚོ།གཏེར་ལམ་བོད་བཙན་པོ་སྐབས་ཀྱི་ཤེའུ་ཡི་དུར་ས་ཨང་གསུམ་པ་ནང་གི་ཤ་བ་དང་བྱ་རྒོད་རིག་གནས་ཀྱི་དོན་སྙིང་ལ་དཔྱད་པ་ཟེར་བ་རུ་ ཤ་བ་རུས་རྒྱས་ཀྱི་མདོས།(མདོ།) ཞེས་ཀྱང་བཀོད་འདུག

༢༦།མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ།གུ་གེ་ཚེ་རིང་རྒྱལ་པོ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༠༦།༡ཤོག་གྲངས་༩།

༢༧།རྩྭ་ཐང་གིས་བཙན་ཤེད་དབང་བསྡུ།(ཉི་ཧོང་བ།)གོ་སིན་ཁྲིན་ཀྲི།ཧོང་ཡོལ་ཅིན་གྱིས་སྒྱུར།ཐེ་ཝན།ལན་ཅིན་དཔེ་སྐྲུན་ཁང་།༢༠༢༡།༡༡།ཤོག་གྲངས་༢༢།

༢༨།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༩༥།

༢༩།དར་གོས་ཚོང་ལ་སྟེང་གི་བཙན་རྒྱལ།Christopher I.Beckwithe(རྒྱ་འགྱུར།)༢༠༢༠།༡༠།ཀྲུང་ཞིན་དཔེ་སྐྲུན་ཁང་།ཤོག་གྲངས།༥༥།

༣༠།གནའ་རྫས་དཔྱད་ཞིབ་ལས་གསར་རྙེད་དང་བོད་ཀྱི་དཔལ་ཡོན།ཤོག་གྲངས་༢༦༨།ཡོང་ཁུངས།བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་།སི་ཁྲོན་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྡེ་ཚན།ཆབ་མདོའི་ཁ་རུབ་ཟེར་བའི་དེབ།ཤོག་གྲངས་༤༦།རིག་དངོས་དཔེ་སྐྲུན་ཁང་།༡༩༨༥ལོར།

༣༡།(སུང་།)ལེ་ཧྥོང་སོགས་ཀྱིས་བྲིས་པའི་ཞི་བདེ་རྒྱ་ཆེར་བཀོད་པ།བམ་པོ་བཞི་བརྒྱ་དང་བརྒྱད།ཤོག་གྲངས་༡༣།ཀྲུང་ཧྭ་དཔེ་ཁང་།༢༠༠༣ལོར།

༣༢།རྩྭ་ཐང་གིས་བཙན་ཤེད་དབང་བསྡུ།(ཉི་ཧོང་བ།)གོ་སིན་ཁྲིན་ཀྲི།ཧོང་ཡོལ་ཅིན་གྱིས་སྒྱུར།ཐེ་ཝན།ལན་ཅིན་དཔེ་སྐྲུན་ཁང་།༢༠༢༡།༡༡།ཤོག་གྲངས་༢༢ནས་༢༣།

༣༣།རྒྱ་ནག་གི་གླང་གི་ཤིང་རྟ་འཁོར་ལོ་དང་ཤིང་རྟའི་འབྱུང་ཁུངས་སྐོར་གླེང་བ།ཝང་ཞིན་ཀང་།རྒྱ་ནག་གི་ཞིང་ལས་ལོ་རྒྱུས་དང་འཁོར་ཡུག་ལོ་རྒྱུས་ཞིབ་འཇུག་ཏུ་བཀོད་པ། http://economy.guoxue.com/?p=6067

༣༤།ཉེ་དུས་རྒྱ་ནག་གི་ཤིང་རྟའི་འབྱུང་ཁུངས་ཀྱི་གནད་དོན་དང་འབྲེལ་བའི་དཔྱད་བརྗོད།ཝོ་ཤོ་ཅོན།ཏོང་ཝོ་ལོ་རྒྱུས་དུས་དེབ།འདོན་ཐེངས་༡༣།ཤོག་གྲངས་༡ནས་༡༦།

༣༥།མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ།གུ་གེ་ཚེ་རིང་རྒྱལ་པོ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༠༦།༡ཤོག་གྲངས་༡༠།

༣༦། བོད་ཀྱི་རྡོའི་ཐོ་སློང་བའི་ཡུལ་སྲོལ་གྱི་མཆན་ཞིག ཤ་བོ་མཁའ་བྱམས།

https://mp.weixin.qq.com/s/VB2zlZdp7AOaRHG2kLPWbA

༣༧། མི་དམངས་དྲ་བ། 2022ལོའི་ཟླ་ 05ཚེས་05ཉིན། 14:33            http://tibet.people.com.cn/15978381.html

༣༨།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༡༣༤།

༣༩།རྩྭ་ཐང་རིག་གནས་དྲ་བ།ཨེར་ཏེ་མོ་ཐུ། http://grassland.china.com.cn/2016-02/06/content_8568245.htm

༤༠།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༡༨༢།

༤༡།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༡༨༢།

༤༢།དཔལ་ཡོན་ཅན་གྱི་འབྲོག་པའི་ལོ་རྒྱུས་ལྟ་བ།ཨི་ཉེ་སི་ཁྲོ་དགེ་ཐི།(སོག་པོ།)ཐེ་ཝན།པཱ་ཆེའེ་རིག་གནས་དཔེ་སྐྲུན་ཁང་།༢༠༢༠།༦།ཤོག་གྲངས།༡༥།

༤༣།ཀྲུང་གོའི་དཔལ་ཡོན་འབྱུང་ཁུངས་ལ་གསར་དུ་དཔྱད་པ་།སོའོ་པིན་ཆེ།ཚོང་དོན་དཔེ་སྐྲུན་ཁང་།(ཧང་ཁང་།)༢༠༢༠ལོ་ཟླ་བ་༨།ཤོག་གྲངས་༢།

༤༤།བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ།སྡེ་རོང་ཚེ་རིང་དོན་གྲུབ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༠༡།༨།ཤོག་གྲངས་༧༣༨།

༤༥།ཀྲུང་གོའི་དཔལ་ཡོན་འབྱུང་ཁུངས་ལ་གསར་དུ་དཔྱད་པ་།སོའོ་པིན་ཆེ།ཚོང་དོན་དཔེ་སྐྲུན་ཁང་།(ཧང་ཁང་།)༢༠༢༠ལོ་ཟླ་བ་༨།ཤོག་གྲངས་༢༦༩།

 

 

 

 

 

སྔོན་མ།
སྲིད་པའི་ཞང་ཞུང་སྐོར་གྱི་རགས་བཤད། ཚན་པ་དང་པོ།
རྗེས་མ།
བོད་ལ་ནད་པ་མང་།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up