རྣམ་དཔྱོད་ཀྱི་དཔལ་འབར་ཞིང་བདེན་པའི་གཏིང་དཔག་པར་མངོན་རྗེས་ཚད་མའི་རིགས་ལམ་རྣོ་བའི་གངས་ཅན་པའི་ཤེས་རིག་དཔྱོད་འཇུག་པ་ལྷན་རྒྱས་ཀྱི་སྤྱན་སྔར་ཞུ་དོན།
སྲིད་པའི་དཔྱོད་མིག་ཅེས་པའི་རིག་གཞུང་དེབ་ཕྲེང་འདི་ནི། ཉེ་བའི་དུས་ནས་རྒྱ་ནག་གཞུང་གིས་བོད་གཞིས་ཀྱི་ཤེས་ཡོན་ཅན་ལ་སྟངས་འཛིན་དང་། མཐོ་སློབ་སྒྲིག་འཛུགས་གཞི་མེད་བཟོ་བ། རིག་གཞུང་བརྗོད་གཞིའི་ཁ་ལོ་ལོག་ལམ་དུ་འཁྲིད་པ། ལོ་རྒྱུས་ལ་རྫུན་འགྲེལ་དང་འཁྱོག་བཤད་འབོར་ཆེན་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག རང་རེའི་གངས་ཅན་པའི་ཆབ་སྲིད་བདེན་རྩ་དང་ལོ་རྒྱུས་རང་མདངས་བཅས་ཀྱི་རྟིང་རྩའི་བཙན་ས་སྲུང་ཆེད་དང་། གཞིས་ཀྱི་ཤེས་ཡོན་པས་དཔྱད་འདོད་ཀྱང་དཔྱད་མ་ཆོག་པ། ཡང་ན་དཔྱད་ཚད་ངེས་ཅན་ཞིག་ལས་བརྒལ་མི་ཆོག་པ། ནོར་འཛོལ་གྱི་ཆའམ་བོད་མི་རིགས་ལ་གནོད་པ་མཐོང་ཡང་ཡོ་སྲོང་བྱེད་མི་ཆོག་པ་སོགས་རིག་གཞུང་དཔྱོད་འཇུག་གི་རང་དབང་དང་ཐོབ་ཐང་འཕྲོགས་ཡོད་པའི་ཛ་དྲག་གི་དུས་འདིར་ཁ་གཏད་གདོང་ལེན། བྱེས་ཀྱི་རང་དབང་སྤྱི་ཚོགས་སུ་ཡོད་པའི་དཔྱོད་ལྡན་སྤུན་ཟླ་རྣམ་པ་ལྷན་རྒྱས་ཀྱིས་རིགས་ལམ་གསར་བ་ཞིག་དང་ལས་འགན་གསར་བར་ཐུགས་བཞེས་གནང་དགོས་པའི་དུས་ལ་བབས་ཤིང་། བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་ཚད་ལྡན་གྱི་གླེང་སྟེགས་ཤིག་བསྐྲུན་རྒྱུ་དང་གཞིས་ཀྱི་ཉམས་ཞིབ་པའི་མགྲིན་ཚབ་ཀྱི་ལས་འགན་དང་ལེན་མཛད་རྒྱུར་དམིགས་ཏེ། བོད་ཡིག་གི་རིག་གཞུང་དུས་དེབ་འདིར་བོད་ཀྱི་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་ཡིན་པའི་དཔྱད་རྩོམ་སྣ་ཚོགས་སྤེལ་གཏན་འཁེལ་ཡོད། རང་རེའི་མི་རིགས་ཀྱི་འབྱུང་འགྱུར་མདུན་ལམ་རང་ཆོས་སུ་སྤེལ་སླད་དུ་བོད་ཀྱི་སྤྱི་ཚོགས་ཚན་རིག་གི་ལས་གཞི་ཚད་རིམ་མཐོ་ས་ཞིག་ནས་གྲ་སྒྲིག་གནང་དགོས་པ་དེ་ཉི་མ་ཤར་ཤར་ཏུ་གདའ་བས། སྔར་ཡོད་ཀྱི་རིག་གཞུང་ལས་ནང་ཆོས་ཚན་རིག་དང་། ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་ཉམས་ཞིབ་སྤུས་དག་དང་། ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་གོང་འཕེལ་་དུ་འགྲོ་བྱེད་ཀྱི་རིག་ཚན་གསར་བའི་སྒང་ནས་བོད་ཀྱི་ཤེས་རིག་མ་ལག་དུས་དང་འཚམས་པར་ཁ་སྣོན་གནང་རྒྱུའང་གལ་མཉམ་དུ་ཆགས་ཤིང་། རིག་ཚན་གསར་བ་དེ་དག་ལས་སློབ་གསོ་རིག་པ། སྐད་རིགས་དང་སྤྱི་ཚོགས་བར་གྱི་འབྲེལ་བར་ཞིབ་འཇུག སེམས་ཁམས་རིག་པ། རྩོམ་རིག་སྒྱུ་རྩལ། སྲིད་བྱུས་དང་སྤྱི་ཚོགས་བདག་སྐྱོང་ཞིབ་འཇུག ཁྲིམས་ལུགས་རིག་པ། སྤྱི་ཚོགས་རིག་པ། ཕྱི་འབྲེལ་རིག་པ། སྒྲིག་འཛུགས་དོ་དམ་རིག་པ། ཆབ་སྲིད་རིག་པ། ཡུལ་ཆོས་རིག་པ། དམག་དོན་རིག་པ། དམངས་གཙོ་ཞིབ་འཇུག ཁོར་ཡུག་རིག་པ། ཆོས་ལུགས་རིག་པ། འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་འགྲོ་ལུགས་གསར་བར་ཞིབ་འཇུག་སོགས་ཆ་ཡོངས་ནས་དཔྱོད་འཇུག་གནང་སྟེ། བོད་ཀྱི་སྤྱི་ཚོགས་ཚན་རིག་གི་མ་ལག་གི་རྨང་གཟུག་རྒྱུ་ནི་བོད་ཀྱི་དུས་རབས་གསར་བའི་ཡར་རྒྱས་ཀྱི་དགོས་མཁོར་སྣང་། སྲིད་པའི་དཔྱོད་མིག་འདོན་ཐེངས་དང་པོར་བརྗོད་གཞི་འགའ་དང་འབྲེལ་བའི་དཔྱད་རྩོམ་དམིགས་བསལ་གྱིས་དགོད་རྒྱུ་ཡིན་པ་སྟེ། རྒྱ་ནག་གི་བོད་ཞི་བའི་བཅིངས་གྲོལ་ཞེས་པའི་འཁྱོག་བརྗོད་ཀྱི་རྫུན་རྐུབ་བརྟོལ་པའི་་དཔྱད་རྩོམ་སྟེ། སྤྱི་ལོ་༡༩༥༠་པ་ནས་བོད་སྟོད་སྨད་བར་གསུམ་དུ་རྒྱ་ནག་གི་བཙན་འཛུལ་དམག་མི་ལ་སྤྱི་སྒེར་གཉིས་ནས་ངོ་རྒོལ་དང་འཐབ་འཁྲུག་བྱས་པའི་བྱུང་རིམ་ལ་དབྱེ་ཞིབ་དང་། ༡༩༥༠་ཡར་སྔོན་དུ་བོད་རང་བཙན་ཡིན་པའི་སྐོར་གྱི་ལོ་རྒྱུས་དཔྱད་རྩོམ་དག་ཞིབ་འཇུག་ཚད་ལྡན་ཡིན་ཚེ་མང་ཉུང་ལ་མ་བལྟས་བར་དགོད་རྒྱུ་ཡིན། ཡིན་ནའང་བརྡའི་སྦྱོར་ཚུལ་བོད་ཡིག་གི་སྲོལ་དང་མཐུན་ཞིང་བོད་རང་གི་རྩ་བའི་ཐ་སྙད་ཀྱིས་གྲུབ་པའི་མིང་དང་བརྡ་ཆད་བེད་སྤྱོད་པ་ལས་གཞན་སྐད་འཇོལ་ཉོག་ཏུ་བསྲེས་ལྷད་མི་མཛད་རྒྱུ་དགོངས་འཇགས་འཚལ། དཔེར་ན། བོད་རང་གི་ས་མིང་བཀོལ་བ་ལས་རྒྱ་ཡིས་བཏགས་པའི་ས་མིང་སྒྲ་སྒྱུར་བྱས་པ་སོགས་བཀོལ་ན་རྩོམ་དེ་རྩོམ་དཔྱད་པ་མ་བརྒྱུད་པར་ཐད་ཀར་ཕྱིར་སློག་ཞུ་རྒྱུ་ཡིན།
རྩོམ་ཡོན།
སྲིད་པའི་དཔྱོད་མིག་ཏུ་དགོད་གཏན་འཁེལ་རྗེས་དཔྱད་རྩོམ་རེ་རེར་ཉུང་མཐར་ཡང་རྩོམ་ཡོན་ཨ་སྒོར་༡༠༠ རེ་དབུལ་ངེས་ཡིན།
ཡིག་གྲངས་ཀྱི་ཚད།
སྟོང་ཕྲག ༥༠༠༠ནས་༧༠༠༠༠་བར། (ཡིག་གྲངས་༧༠༠༠༠་ཅན་གྱི་རྩོམ་ནི་བརྗོད་གཞི་དམིགས་བསལ་ཅན་གྱི་སྐོར་ལ་ཞིབ་འཇུག་བྱས་པའི་བརྩམས་ཆོས་དག་དགོད་རྩིས་ཡིན།)
རྩོམ་ཡིག་གི་སྒྲོམ་གཞིའི་འགྲོ་སྟངས།
-
དང་པོ། རྩོམ་གྱི་ནང་དོན་གནད་བསྡུས།
-
གཉིས་པ། གལ་གནད་བརྡ་ཆད།
-
གསུམ་པ། རྩོམ་གྱི་བརྗོད་གཞི་དངོས།
-
བཞི་བ། ལུང་ཁུངས་དང་ཟུར་ལྟའི་ཡིག་ཐོ།
-
ལྔ་བ། རྩོམ་པ་པོའི་མཚན་དང་ལས་གནས། ལོ་རྒྱུས་མདོར་བསྡུས། (འདི་རྩོམ་དཔྱད་པར་བསྐུར་མི་ཆོག)
དཔྱད་གཞིའི་ཡིག་ཐོ་འགོད་སྟངས་དང་དེའི་གོ་རིམ།
-
ཀ ལུང་ཁུངས་རིགས་དང་པོ། དུས་དེབ་དང་དཔེ་ཆ་ཡིན་ན། རྩོམ་པ་པོ། ལོ་ཟླ་ཚེས་གྲངས། རྩོམ་གྱི་ཁ་བྱང་། ཤོག་ངོས། དུས་དེབ་བམ་དཔེ་སྐྲུན་ཁང་།
-
ཁ ལུང་ཁུངས་རིགས་གཉིས་པ། གལ་ཏེ་ཀུན་བཏུས་སམ་ཕྱོགས་བསྒྲིགས་ཅན་ཡིན་ན། རྩོམ་པ་པོ། ལོ་ཟླ་ཚེས་གྲངས། རྩོམ་གྱི་ཁ་བྱང་། ཕྱོགས་སྒྲིག་པ། ཤོག་ངོས་ཟིན་ཚད། དཔེ་སྐྲུན་ཁང་དང་དེ་གནས་སའི་གྲོང་ཁྱེར།
-
ག ལུང་ཁུངས་རིགས་གསུམ་པ། དྲ་རྒྱ་ཡིན་ན། དྲ་རྒྱ་རང་གི་གནས་འཛིན་ཁ་བྱང་ཞིབ་ཕྲ་དགོད་རྒྱུ། དྲ་ངོས་ཀྱི་ལོ་ཟླ་ཚེས་གྲངས།
-
ང གནད་འགག་གསལ་བཤད་ཀྱི་དགོས་མཁོའི་དབང་གིས་རྩོམ་པ་པོ་རང་གི་ཞིབ་འཇུག་རགས་ཟིན་སོགས་འགོད་དགོས་བྱུང་ན། ཞབས་མཆན་དུ་ལོ་ཟླ་ཚེས་གྲངས་དང་བཅས་ཞིབ་མོར་དགོད་རྒྱུ་ལས་ཐད་ཀར་རྩོམ་ལུས་ཀྱི་ནང་དུ་འགོད་མི་འོས།
རྩོམ་བསྐུར་ཡུལ།
སྲིད་པའི་དཔྱོད་མིག་རྩོམ་སྒྲིག་ཁང་།