དབུས་ཕྲུག་ཚེ་རིང་། (ཨོ་སི་ཁྲི་རི་ཡ།)
ལ་སྟོད་ནི་ས་བབ་མཐོ་ལ་སྲོག་རླུང་ཅུང་ཉུང་བའི་མདོ་དབུས་མཐོ་སྒང་གི་དབུ་རྩེ་ཞིག་ཡིན། ལ་སྟོད་དུ་ཤོང་སྟོན་ལ་སོགས་པའི་བོད་ཀྱི་མཁས་པའི་ཡང་རྩེ་མང་པོ་ཞིག་འཁྲུངས་མྱོང་ལ། རྒྱང་གི་བྱམས་པ་ལྷ་ཁང་དང་གླང་འཁོར་དགོན་སོགས། ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་གྲགས་ཅན་ཡང་མང་པོ་ཆགས་ཡོད། གནས་དེ་ནི་ཙེ་ཙེ་(པི་ཝང་)དང་རྒྱུད་དྲུག་གི་ཕ་ས་ཡིན་ལ། ནམ་རྒྱུན་དུ་གཡས་གཡོན་གང་ས་ནས། བྱིས་པ་སྣབ་ལུག་ཚོའི་རྩེད་འཇོའི་དགོད་སྒྲ་དང་། གཞོན་དར་མ་དང་རྒན་རྒོན་ཚོའི་ཞབས་དྲོའི་རྡོག་སྒྲ་སོགས། རྣར་སྙན་པའི་ཞབས་གཞས་ཀྱི་མདངས་དབྱངས་ཐོས་ཡོང་། བབ་ཆགས་ལ་གནའ་བའི་བཟོ་བཀོད་ལྡན་པའི་ཁང་ཁྱིམ་གྱི་སྒོ་ཐེམ་རེ་རེ་ནས། ནོར་ལུག་དང་སྒོ་ཕྱུག་གི་སྐེ་དྲིལ་གྱི་དབྱངས་རྟ་དང་། སྔོ་ལྷོག་ལྷོག་གི་དུད་པ། སིལ་བུ་རླུང་གི་འགྲོས་ལྟར་གང་སར་འཕྱུར། དགུན་ཟླ་རིང་མོ་ཇི་ལྟར་འཁྱགས་ཀྱང་། སེར་ཐིང་ཐིང་གི་ཉི་འོད་ཇོ་མོ་གླང་མའི་དབུ་རྩེ་ནས། རི་བོ་དང་རི་ཕྲན། ལ་བཙས་དང་དགོན་སྡེ་བརྒྱུད། ག་ལེར་ག་ལེར་ཡུལ་ལུང་དང་གྲོང་ཁྱིམ་གྱི་ཐོག་ཁ་དང་སྒོ་ར་གང་སར་འོད་འཚེར་རེར་འཕྲོ་ལ། མུན་རུབ་དུས་ས་ཐབ་དང་ལྕགས་ཐབ་ནང་གི་དམར་ལམ་ལམ་གྱི་མེ་ལྕེ་དང་མེ་འདག། དེ་ལས་ལྷག་ཅིག། དེའི་མཐའ་སྐོར་དུ་འདུས་པའི་བྱིས་པ་དང་གཞོན་ནུ་ཕོ་མོ། རྒན་རྒོན་དང་པོ་པོ་རྨོ་རྨོ་ཚོའི་འདྲེ་སྒྲུང་དང་ཀུ་རེ། གནའ་གཏམ་འདྲ་མིན་གྱི་ཁྲོད། དགོད་སྒྲ་དང་བཞད་གད་ལྷང་ལྷང་གིས་ཁྱིམ་གང་པོར་དྲོ་སོབ་སོབ་ཀྱི་འོད་སྣང་ཞིག་བསྐྲུན།
གདོན་འདྲེ་མཐུ་ཅན་ཞིག་ལས་རྒོད་པའི་རང་བྱུང་གི་གནོད་འཚེར་སྙིང་རྗེ་མེད་ལ་ཟློག་ཐབས་ཀྱང་དཀའ། རྩ་རྩེའི་ཟིལ་པ་ཞིག་དང་འདྲ་བའི་སྣོད་གཅུད་ཀྱི་བཀོད་པར་ངེས་བརྟན་བྲལ། བྱིས་པ་རྣམས་གཙུག་ཕྲུག་ནང་ཚ་ཤིག་གེར་འཇམ་ཐིང་ཐིང་གི་གཉིད་དུ་ཡུར་ཅིང་། གཞོན་པ་རྣམས་ཞོགས་ལས་དང་། སྐྱེད་མ་རྣམས་གསོལ་ཐབ་ནང་ཞོགས་ཟས་ལ་སྒྲ་སྒྲིག་བྱེད་བཞིན་པའི་ཞོགས་པ་དེར། ས་གཞི་ནི་རྒྱ་མཚོའི་རླ་རླབས་ལྟར་ཡམ་ཡོམ་དུ་འགུལ་ཞིང་། འཇིགས་སྐྲག་དང་དངངས་ཚབ་ཆེ་ལ། ཡ་ང་བའི་གློ་བུར་བའི་ས་ཡོམ་གྱི་གོད་ཆག་དེས། ཡུད་ཙམ་ཞིག་ལ། སྐྱིད་ལྷང་ལྷང་དང་དྲོ་སོབ་སོབ་ཀྱི་ཡུལ་ལུང་འདི་དག། རྡུལ་འཚུབ་བེར་དགོན་སྡེ་དང་ཁང་ཁྱིམ་རྣམས་རྨེག་མེད་དུ་བཅོམ། དེ་ལས་ཀྱང་ཉམ་ང་བ་ཞིག་ནི། ཕྱོགས་ངེས་མེད་དུ་འགྱེལ་བའི་རྩིག་གྱང་དང་ཀ་གདུང་། གང་སར་འཐོར་བའི་ས་རྡོ་དང་ས་ཕག་གི་ཐལ་རྡུལ་ཁྲོད། གཡས་གཡོན་གང་སར། བྱམས་ལྡན་གྱི་ཕ་མ་བོར་སོང་བའི་དྭ་ཕྲུག་དང་། ཤ་ཚ་བའི་གཅེས་ཕྲུག་བརླགས་པའི་ཕ་མ་ཚོའི། སྐྱི་གཡའ་བའི་ངུ་འབོད་ཀྱི་འཁུན་སྒྲ་དང་སྙིང་ཟེར་བའི་མིག་ཆུ་ཡི་བཞུར་རྒྱུན་གིས་ཁེངས། སུས་ཀྱང་བཟོད་ཐབས་བྲལ་ལ། ཞེ་གནག་པའི་སྐྱོ་གར་གྱི་ལོ་རྒྱུས་འདིས། གསོན་ཉམས་ལྡན་པའི་རི་ལུང་ཡོད་ཚད། ཤི་བོ་ཞིག་དང་འདྲ་བར་སྐྱ་ཐལ་ལེར། གྲང་ཅང་ངེར། ཡིད་མུག་གེར་གྱུར། ཞོགས་པ་དེ། ཇི་འདྲའི་མི་སྡུག་པ་ཞིག་དང་ས་ཡོམ་དེ་ཇི་འདྲའི་སྡུག་རྩུབ་ཆེ་བ་ཞིག་ཨང་།
འདུ་ཤེས་དང་བྱམས་བརྩེ་བྲལ་བའི་རང་བྱུང་གི་གནོད་འཚེས། སྐྱེས་ཁམས་དང་འཛུགས་སྐྲུན། ཚེ་སྲོག་དང་སྒྱུ་ལུས་རྣམས་འཕྲོག་ཐུབ་ཀྱང་། མིའི་རིགས་ཀྱི་བརྩེ་སེམས་ནི་ནམ་ཡང་འགུལ་མི་ཐུབ། སྐྱོ་གདུང་དང་མིག་ཆུ་མོས་པའི་མུན་ནག་གི་ཞོགས་པ་དེའི་རྗེས་ཤུལ་རེ་རེ། བརྡ་འཕྲིན་གི་དུས་རབས་འདིར་གློག་འཕྲིན་དང་གློག་འཕྲིན་བརྒྱུད། དབྱར་གཞུང་གི་འབྲུག་སྒྲ་ལྟར་སྐད་ཅིག་ཉིད་དུ་འཛམ་གླིང་གང་སར་ལྡིར། དེ་མ་ཐག་མདོ་དབུས་མདོ་སྒང་གི་ཕྱོགས་བཞི་མཚམས་བརྒྱད་ནས་རང་རིགས་སྤུན་ཟླ་རྣམས། སེམས་པ་སྡུག་གིས་མནར་ཡང་ལུས་སེམས་གཅིག་ཏུ་སྦྲེལ་ཏེ། བློ་སྙིང་དང་མིག་ཟུང་ཡོད་ཚད་འགྲུལ་ཐག་རིང་བའི་ལ་སྟོད་ཀྱི་ཕྱོགས་སུ་གཏད། ལྷ་ཁང་དང་མཆོད་ཁང་ནང་དམར་ལམ་ལམ་གྱི་སྒྲོན་མེ་དང་གསོལ་འདེབས་སྨོན་ལམ་རྣམས། གཤིན་པོ་ཚོའི་རྣམ་ཤེས་འདྲེན་པའི་ལྕགས་ཀྱུ་ཡིན་ལ། མཆོག་གསུམ་གི་མདུན་ཡིད་གདུང་གི་ཐལ་མོ་རེ་རེ་དང་། རྟེན་ཁང་དང་གསང་ཁུང་ནང་གི་གསང་དུད་རེ་རེ་ནི། ཤུལ་ལུས་ནང་མི་རྣམས་ཀྱི་རེ་བ་དང་ཕུགས་འདུན་འགྲུབ་ཆེད་ཡིན། ས་ཕྱོགས་ག་ས་ནས་དབུལ་ཕྱུག་བར་གསུམ་གྱི་སེམས་ཀྱི་སྨོན་པ་རེ་རེ་དང་བཅས། ལ་སྟོད་ཀྱི་ཕྱོགས་སུ་ཐ་ན་བུད་ཤིང་དང་ལྕི་བ་ཡན་ཆད་གུད་སྐྱོབ་ཏུ་འོང་། ས་ཡུལ་དངོས་ཀྱི་གྲུ་ཟུར་གང་ས་ནས་ཤ་ཚ་ཞིང་སྙིང་ཉེ་ལ། སེམས་གསོ་བའི་སྐད་སྒྲ། ཁམས་སྐད་དང་ཨམ་སྐད། དབུས་སྐད་རྣམས་བར་མེད་དུ་གོ་ཐུབ་པ་ནི། བོད་མི་རིགས་ཀྱི་ཡིད་ཆེད་དང་སེམས་མདུན། ཆོད་སེམས་དང་ལ་རྒྱ་ཡིན།། །།
༢༠༢༥-༠༡-༡༥