ལམ་རིམ་སུམ་བརྒྱ་བ་དང་དེའི་འགྱུར་སྐོར།

 འབུམ་རམས་ཞིབ་འཇུག་པ། རྔ་པ་ཀུན་བཟང་སྒྲོལ་མ།

རྒྱ་གར་བྷ་ན་ར་སི་ཧིན་དུའི་གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་དང་ལྟ་གྲུབ་སྡེ་ཁག་གི་འབུམ་རམས་སློབ་གཉེར་པ། གཏམ་བཤད་ཀྱི་སྙིང་བསྡུས། མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་«བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ་»ཞེས་པ་དེ་ཉིད་ཁོ་མོས་དབྱིན་སྐད་དུ་བསྒྱུར་ནས་དེ་འབྲེལ་ལམ་རིམ་གྱི་མ་ཡིག་ཁག་དང་ལམ་རིམ་གྱི་འགྲེལ་བའི་མ་ཡིག་ཁག་རྣམས་ལ་དཔྱད་བསྡུར་བྱས་པའི་ཁྲོད་ནས་གནད་དོན་འགའ་ཞིག་གི་སྐོར་ལ་འཆད་པར་འདོད།

1) བསྒྱུར་གཞི་ལམ་རིམ་གྱི་ངོ་སྤྲོད་དང་མཚུངས་བསྡུར་བྱས་ཚུལ་སྐོར། ཁོ་མོས་དབྱིན་བསྒྱུར་ཞུས་པའི་ལམ་རིམ་གྱི་རྩ་བ་དེ་ནི་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་«བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ་»དེ་ཡིན། མ་ཟད་གཞུང་དེ་ནི་མེ་སྟོན་རང་ཉིད་ཀྱི་དངོས་སློབ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་«བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོའི་»[1]ནང་གི་རྩ་འགྲེལ་སྦྱར་མ་དེ་ནས་རྩ་བ་ཟུར་དུ་བཏོན་པ་ཡིན་ཞིང་། ཁོ་མོའི་ལག་ཏུ་ལམ་རིམ་སུམ་བརྒྱ་སུམ་ཅུ་པའི་མཚན་བྱང་ཅན་མ་གཏོགས་སུམ་བརྒྱ་ཉི་ཤུ་པའི་མཚན་བྱང་ཅན་གྱི་གཞུང་ཞིག་ཐོབ་མ་བྱུང་། མེ་སྟོན་གྱི་ལམ་རིམ་དེ་ལ་ཤླཽ་ཀ་སུམ་བརྒྱ་ཉི་ཤུ་ཅན་ཞིག་དང་ཤླཽ་ཀ་སུམ་བརྒྱ་སུམ་ཅུ་ཅན་བཅས་གཉིས་ཡོད་པ་ནི་ཀུན་མཁྱེན་ཤར་རྫ་པའི་རང་རྣམ་དུ་གསལ། མ་ཟད་ཤློ་ཀ་སུམ་བརྒྱ་ཉི་ཤུ་ཅན་དེ་སྔོན་དུ་མཛད་ནས་ཕྱིས་སུ་མེ་སྟོན་རང་གིས་ཁ་བསྣོན་བྱས་ཏེ་ཤླཽ་ཀ་སུམ་བརྒྱ་སུམ་ཅུར་བཅོས་པར་གསལ།

2) ལམ་རིམ་གྱི་འགྲེལ་པ་ཁག་གི་སྐོར། ཁོ་མོའ་ལག་ཏུ་ཐོབ་པའི་ལམ་རིམ་གྱི་འགྲེལ་པ་ནི་མེ་སྟོན་གྱི་དངོས་སློབ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ལམ་འགྲེལ་དང་། རྒྱལ་རོང་བ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ལམ་འགྲེལ། རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པར་གྲགས་པའི་ལམ་འགྲེལ་གསུམ་ཡིན། དེ་བཞི་གཤེན་སྟོན་ཅན་གྱི་ལམ་འགྲེལ་དང་རྒྱལ་རོང་བ་རིན་ཆེན་རྒྱལ་མཚན་ཅན་གྱི་ལམ་འགྲེལ་གཉིས་ལ་མ་ཡིག་མི་འདྲ་བ་གཉིས་རེ་ལག་སོན་བྱུང་། གཤེན་སྟོན་ཅན་གྱི་ལམ་འགྲེལ་དེ་ལ་ཕྱི་ལོ ༡༩༩༨ལོར་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་ཤིན་ཧྭ་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་«གཡུང་དྲུང་བོན་གྱི་བཀའབརྟེན་»པོད་གྲངས་༣༡༠ཡོད་པའི་ནང་དུ་བཞུགས་པའི་པོད་གྲངས་༡༨༣ཅན་དེ་དང་དོལ་པོ་བསམ་གླིང་དགོན་གྱི་མ་ཡིག་«བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོ་»[6]ཞེས་པའི་མ་ཡིག་གཉིས་པོ་དེ་ཡིན། ཁོ་མོས་ཀྱང་གཙོ་བོ་ཤིན་ཧཱ་ནས་བསྐྲུན་པའི་མ་ཡིག་དེ་གཙོ་བོར་བྱས་པ་ཡིན།དེ་བཞིན་ལམ་རིམ་གྱི་འགྲེལ་བ་ཁག་ཏུ་ལམ་རིམ་གྱི་རྩ་གཞུང་ལ་ཁྱད་པར་བྱུང་ཚུལ་དང་ཇི་ལྟར་བསྒྱུར་ཚུལ། དགོས་པ།མཚུངས་བསྡུར་ཞུས་པའི་གྲུབ་དོན་རྣམས་ཁ་གསལ་འདིར་འགོད་པར་ཡིག་ཚོགས་ལ་འཇིགས་པས་དངོས་གཞིའི་གཞུང་དོན་གྱི་མཆན་ཡིག་དང་དེབ་གཟིགས་པར་འཚལ། [1] ཤིན་ཧཱ། ༡༨༣ ཕྱི་ལོ་༡༩༩༨ལོར་ཤིང་ཧྭ་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། [6] «བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤ་པའི་རྣམ་བཤད་གཞན་ཕན་སྙིང་པོའི་འགྲེལ་བ།» ཤོག་ངོས་(༣༣༡) ལས། “སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་བཙུན་ཆེན་པོ་ཡར་མེ་བ་ཤེས་རབ་འོད་ཟེར་གྱི་ཞལ་ས་ནས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་གྱི་སློབ་མ་སྡེ་སྣོད་འཛིན་པ་ཧོར་ཚེ་ཉི་མ་རྒྱལ་མཚན་དང་། ངག་དབང་རྒྱལ་མཚན་སྐུ་མཆེད་གཉིས་ཀྱིས་ནན་ཆེར་བསྐུལ་ནས་བརྩམས་པ་ལ་གཞི་བྱས་ནས་ཅུང་ཟད་རྒྱས་སུ་བཏང་བ་འདི་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་ཅིང་སྙིང་ནས་ཐར་པ་དོན་དུ་གཉེར་བའི་བཙུན་པ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་ལེགས་པར་སྦྱར་བ་རྫོགས་སོ།།” ཞེས་གསལ།

སྔོན་མ།
བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ངོ་སྤྲོད། ༢༡
རྗེས་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༧༩

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up