ཧོར་གཙང་འཇིགས་མེད། ཨ་རི།
སུ་ཞིག་ཡིན་པའི་ངོ་ཐག་མི་ཆོད་ཅིང་། །
གང་ནས་བྱོན་པའི་རྒྱུས་མངའ་མ་མཆིས་ཏེ། །
གློ་བུར་འཕྲུལ་གྱི་སྐུད་པས་མཐུད་ཉིད་ནས། །
སྣ་ཚོགས་གཏམ་གྱི་སྒོ་མོ་རང་གིས་འཕྱུར། །
ལུང་སྟོང་མདའ་དང་རི་བོའི་དལ་ཁུགས་སུ། །
ལྷ་སྒྲུང་མར་གྱིས་སྣུམ་པའི་རིགས་མཐུན་དག །
ཕྱག་དང་ཞེ་ས་གུས་པའི་བསྟི་སྟངས་སོགས། །
ནགས་ཀྱི་སྤྲེའུར་བྱུ་རུའི་རྣ་རྒྱན་བཞིན། །
རེ་བའི་མཆིལ་མ་ཁ་ལ་མ་འཁྲུགས་ཤིང་། །
དོགས་པའི་འདྲེ་སྲིན་ཞབས་ནས་མ་འགྱུ་བར། །
ཤོག་ཟན་འབུ་ཡི་རིགས་ཀྱི་རང་དབང་སེམས། །
ཡངས་པའི་སྤང་ལ་རྩེན་པའི་རྟ་མཆོག་བཞིན། །
ཉིད་ཀྱི་བྱུང་བ་གཞན་གྱི་བྱས་པའི་རབས། །
ཆོས་ཀྱི་ཉམས་ལེན་སྲིད་ཀྱི་ཡོ་ལང་སོགས། །
ངག་གི་ཚིག་དང་མིག་གི་རྔམ་སྟབས་ཀྱིས། །
རྣམ་པར་འཆད་པའི་འཚུབ་ཆ་ཀུན་ཏུ་རྒོད། །
མདོ་སྔགས་གཞུང་དང་ཐ་སྙད་གཙུག་ལག་ཀུན། །
སྟག་རྒོད་ཤ་ལ་རྔམ་པའི་ལྟོགས་ཧེབ་ཀྱིས། །
ཇི་ཙམ་སྤྱད་ཀྱང་ཚིམ་པར་མ་གྱུར་ཏེ། །
མཐའ་མེད་བྱུང་རབས་རྫོང་ལ་ཆས་པར་རྩོམ། །
ཐོས་བརྩོན་གྲོ་ཡོས་འཐག་པའི་འགྲམ་སོ་དང་། །
ཆོས་ཉིད་ལྕགས་གོང་གཞུ་བའི་སེམས་སྟོབས་ཀྱིས། །
ལེགས་བཤད་སྐྱེས་ཀྱིས་འཇིག་རྟེན་མགུ་གྱུར་ཏེ། །
གཟེངས་བསྟོད་བསྔགས་པའི་རྔ་སྒྲ་ཡང་ཡང་ལྡིར། །
གནན་ཀྱང་འཕར་ནས་བཏེགས་པའི་ཁོང་ཤེད་ཀྱིས། །
ལུས་ཀྱི་ཟུངས་ལ་འཚོ་བའི་ཤུགས་བསྐྱེད་དེ། །
འབྲས་སྐྲན་རིམ་པ་གསུམ་པས་མ་འཐུལ་བ། །
ལྕགས་ཀྱི་དམུ་རྒོད་བྱམས་པ་འབྱུང་གནས་ཆེ། །
བླ་དང་སྲོག་གིས་བོར་བའི་བོད་མིའི་སྡེ། །
ཀླད་མེད་སྤྲེལ་ཚོགས་དར་བའི་མདུན་ས་ན། །
རང་དབང་མགྲིན་པ་གཟེངས་སུ་མཐོ་བ་གང་། །
དུས་ཀྱི་ངར་སྐད་སྒྲོག་པའི་འབོད་པ་ཡིན། །
ལྟ་བའི་མགུར་ལ་རྟོགས་པས་རྣམ་དཔྱད་ཅིང་། །
རྩ་ཤེའི་གཞུང་བཟང་རིགས་པས་གསེད་བྱས་ཏེ། །
མཐའ་བྲལ་རྩོད་པ་བཟློག་པའི་ལེགས་བཤད་ཀྱིས། །
ཡ་རབས་སྐྱེ་བོ་དགྱེས་པའི་མཆོད་སྤྲིན་སྟབས། །
དབང་རྩའི་ཕྲ་ཕུང་ཚོར་བའི་འབུ་ཡིས་སྒུལ། །
ཀུན་རྟོག་སྣང་བ་འཆར་ཡན་འོད་ཀྱིས་སྦྲུམ། །
སྙན་དངགས་ལས་ཀྱང་སེམས་ཁམས་སྙན་ངག་ཅན། །
ལན་ཅིག་མཇལ་བའི་སེམས་ཁམས་ཝུ་ཆང་བཞིན། །
འཕྲུལ་གྱི་ཐག་པས་ཆེན་པོ་སྦྲེལ་བྱས་ཏེ། །
སྒྱུ་ཡི་ཟོར་བས་འདོད་པའི་ཞིང་བརྔ་བ། །
བདེན་པའི་རྒྱལ་མཚན་འགྱེལ་བ་དེང་གི་དུས། །
དོན་ལ་མི་ལྟོས་ཝ་མོའི་འཁྲབ་ཚན་བྲིན། །
ཕྱིར་འོང་མེད་པ་བྱང་ཐང་སྐྱ་མོའི་ལམ། །
ཁྱི་སྤྱང་ཕར་བའི་རིགས་ཀྱི་རྒྱལ་ས་སྟེ། །
རང་དབང་བདེན་པར་སྨྲ་བ་གློག་གི་ལྕེ། །
དང་མའི་དགྲ་ལ་ལྟ་བས་གཟབ་པར་མཛོད། །
གློ་བུར་དུ་རྩོམ་པ་བོ་ལྡན་མ་བྱམས་པ་འབྱུང་གནས་ལགས་དང་མཇལ་ནས་ཆུ་ཚོད་དུ་མའི་རིང་རྒྱལ་མཚམས་མེད་པའི་ལབ་གླེང་བྱས་པའི་རྣམ་པ་བསྐྱར་དྲན་དུ་ཧོར་གཙང་འཇིགས་མེད་དུ་འབོད་པས། ༢༠༢༥།༩།༢༣ ཉིན་གྱི་ཞོགས་ལྗོངས་བསིལ་བས་བརླན་པའི་དུས་སུ་བྲིས་སོ།།