“སྐད་ཡིག་སྐམ་པོ”དང་དེ་ཡི་འཕྲོས་བཤད།

ཞོགས་ལྗང་། བོད།

འགྲོ་བ་མིའི་ཤེས་རིག་དར་བའི་ལོ་རྒྱུས་ལ་བལྟས་ཚེ། སྐད་ཡིག་གི་རིན་ཐང་གསལ་བོར་རྟོགས། མི་རྣམས་སྨྲ་ཤེས་ཤིང་དོན་གོ་བའི་བདག་ཉིད་ཅན་དུ་གྱུར་པའི་བརྒྱུད་རིམ་ཁྲོད། རིན་ཐང་གཞལ་དུ་མེད་པའི་བྱས་རྗེས་ནི་སྐད་དང་ཡི་གེ་རེད། སོ་སོའི་སྐད་དང་ཡི་གེ་ལ་བརྟེན་ནས་རིག་གནས་སྣ་ཚོགས་པ་བརྒྱུད་སྒྲོག་དང་དར་སྤེལ་བཏང་། བསམ་བློ་དང་ལྟ་གྲུབ་སྣ་ཚོགས་ཀྱང་བྱུང་། སྲོག་ཆགས་གཞན་དང་ཁྱད་པར་འབྱེད་ཆོས་གཙོ་བོ་ཡང་སོ་སོས་ལག་ཆ་བཟོ་ཤེས་མིན་སོགས་མིན་པར། སྐད་དང་ཡི་གེ་ལ་བརྟེན་ནས་ཤེས་རིག་གི་ལོ་རྒྱུས་བསྐྲུན་ཐུབ་མིན་དེ་རེད། དེ་ལ་ཁོ་བོ་འདི་སྙམ་དུ་བསམ་སྟེ། མེས་པོ་བཀའ་དྲིན་ཅན་དག་གིས་སོ་སོའི་རིག་པའི་རྩལ་ལ་བརྟེན་ནས་གཞན་ལ་ངོ་ནོངས་མི་དགོས་པའི་སྐད་དང་ཡི་གེ་རླབས་པོ་ཆེ་ཞིག་བསྐྲུན་པ་ལ། རང་རེ་རྣམས་ཅིས་ཀྱང་སྤོབས་པ་དང་བཅས་འདི་ལ་འཇུག་དགོས་པ་ཡིན་མོད། ད་ལྟ་རེ་འགའ་ནི་ཅི་མི་སྙམ་པར་ལོགས་སུ་འདོར་ཅིང་། ཤིན་ཏུ་ཐ་ཆད་རེ་ཟུང་ནི་སྨོད་པའི་ལས་སྣ་ཚོགས་རྩོམ། རང་རེའི་རིག་གནས་ཀྱི་རྩ་བར་གྱུར་པ་དག་ནི་སྐད་དང་ཡི་གེ་འདིའི་བཀའ་དྲིན་ལ་གནས། ཀུན་སྤྱོད་དང་རིན་ཐང་གི་འཛིན་པ་ཐམས་ཅད་ཀྱང་འདི་ཙམ་གྱི་བཀའ་དྲིན་ལ་མི་ནུབ་པའི་ཚུལ་དུ་གནས། འདི་ཉིད་འཇིག་པ་ན། རིག་གནས་རྩ་ལག་དང་བཅས་པ་འཇིག་ཅིང་ནུབ་པ་གདོན་མི་ཟ་བས། ང་བོད་ཡིན་སྙམ་པའི་རྟགས་དང་མཚན་མ་ཅི་ཡང་མེད། ང་མི་ཡིན་སྙམ་པའི་རྩིས་ཐང་ཐམས་ཅད་ཀྱང་ཞིག་པར་འགྱུར། སྐད་དང་ཡི་གེ་ནི་རང་ངོས་ནས་འཕེལ་བ་མེད་ལ་རང་ངོས་ནས་འཇིག་པའང་མེད། སུ་ཞིག་རང་མི་རིགས་ཀྱི་རིག་གནས་མ་ཉམས་གོང་འཕེལ་དང་། རང་གི་སྐད་དང་ཡི་གེ་ལ་རིན་ཐང་བསྐྲུན་འདོད་པ་དེས། སོ་སོའི་སྐད་དང་ཡི་གེ་ལ་བརྟེན་ནས་རིག་གནས་ཀྱི་ངོ་མཚར་ཞིག་བསྐྲུན་དགོས་པ་ཡིན། རྒྱ་གར་ཤེས་རིག་གི་མ་ལག་ཁྲོད་ནས་ངོ་མཚར་ཁྱད་དུ་འཕགས་པའི་ནང་བསྟན་རྩ་ལག་དང་བཅས་པ་རང་རེའི་སྐད་དུ་བསྒྱུར་བའི་ངོ་མཚར་གྱིས་བོད་ཡིག་བོད་སྐད་ཀྱི་འོད་མདངས་འཕྲོ་ཞིང་གནས་པ་མེས་པོ་རྣམས་ཀྱི་བཀའ་དྲིན་ཡིན། བོད་བརྒྱུད་ནང་བསྟན་གྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ངོ་མཚར་ཐམས་ཅད་ཀྱང་སྐད་ཡིག་འདིའི་སྟེང་ནས་བསྐྲུན་པ་ཤ་སྟག་ཡིན། བོད་ཅེས་པའི་མི་རིགས་ཤིག་གི་ལས་དབང་དང་རྩིས་ཐང་ཐམས་ཅད་ཀྱང་སྐད་ཡིག་འདི་འབའ་ཞིག་བརྟེན་ནས་གནས་པ་ཡིན་མོད། ད་ལྟ་རིན་ཐང་གི་མགོ་མ་ཚོས་པ་ཤིན་ཏུ་རྨོངས་པ་དག་སྐད་ཡིག་དང་དཔལ་འབྱོར་བརྗེས། མི་རིགས་ཤིག་དང་མི་སྒེར་ཞིག་གི་རིན་ཐང་དེ་བསམ་བློ་ལྟ་གྲུབ་དང་མི་གཞིའི་མཛེས་པ་སོགས་ནས་མངོན་པ་ཡིན། བསམ་བློ་ལྟ་གྲུབ་ཀྱིས་དབུལ་ཞིང་མི་གཞིའི་མཛེས་སྡུག་གིས་སྟོང་བའི་མི་སྒེར་སུ་ཡིན་རུང་དེ་ལ་རིན་ཐང་གི་ཚད་གཞི་མེད། ཚེ་སྲོག་གི་ངོ་བོ་ཙམ་གྱིས་མི་སྒེར་གྱི་རིན་ཐང་མངོན་མི་ཐུབ་པས། མི་ལུས་བླངས་པ་དོན་ཡོད་དུ་གཏོང་དགོས་པའི་རིན་ཐང་ལྟ་བ་དེ་བྱུང་བ་ཡིན། མི་ཚེ་སྟོང་ཟད་དུ་མ་གཏོང་ཞེས་པའང་མི་ཚེ་ལ་རིན་ཐང་བསྐྲུན་དགོས་ཞེས་པ་ལས། མི་ཚེ་དཔལ་འབྱོར་སྒྲུབ་པ་ཙམ་ལ་བསྐྱལ་དགོས་པའི་དོན་མིན། དཔལ་འབྱོར་གྱིས་མི་ཚེའི་རིན་ཐང་བསྐྲུན་པ་ལ་ཕན་བསྐྱེད་ཐོན་གྱི་བདག་རྐྱེན་མིན། བསམ་བློ་ལྟ་གྲུབ་དང་མི་གཞིའི་མཛེས་སྡུག་སོགས་སྐད་ཡིག་ལ་བརྟེན་དེ་གནས་འཕེལ་བྱུང་བ་ཡིན། མི་རིགས་ཐམས་ཅད་ལ་རང་གི་སྐད་ཡིག་ཡོད་དགོས་པ་མིན་མོད། སྐད་ཡིག་ཡོད་པའི་མི་རིགས་དེ་བསོད་ནམས་ཆེན་པོ་ཡིན། ང་ཚོ་ནི་རང་སྐད་རང་ཡིག་ཡོད་པའི་མི་རིགས་བསོད་ནམས་ཅན་ཞིག་རེད། ད་ལྟའི་མི་རྣམས་ནི་རང་གི་བསོད་ནམས་རང་གིས་བརླགས་པའི་ལས་ལ་སྤྲོ་བ་ཞིག་འདུག ལོ་རྒྱུས་ཀྱིས་དེ་དག་ལ་ཁ་གྲགས་འོང་། འདིར་གླེང་བར་འདོད་པ་ནི། མི་རིགས་ཤིག་གི་སྐད་ཡིག་ཉམས་རྒུད་ཀྱི་རྒྱུ་རྐྱེན་སྐོར་ཡིན། དེ་ལ་གལ་ཆེ་བ་ནི་ཆབ་སྲིད་དང་དཔལ་འབྱོར་གཉིས་རེད། ཆབ་སྲིད་ཀྱིས་འཇིག་པར་བྱེད་པའི་སྣང་ཚུལ་གཉིས་ཏེ། གུ་ཡངས་པོས་འཇིག་པར་བྱེད་པ་དང་། གུ་དོག་པོས་འཇིག་པར་བྱེད་པའོ།། གུ་ཡངས་པོས་འཇིག་པར་བྱེད་པ་ནི་རང་དབང་དམངས་གཙོའི་རྒྱལ་ཁབ་དག་ལ་འབྱུང་། རང་དབང་དམངས་གཙོའི་རྒྱལ་ཁབ་དག་ནས་སྐྱེས་བུ་སྒེར་གྱིས་སྐད་ཡིག་གང་སྦྱོང་མིན་དེ་སྲིད་གཞུང་གིས་བཀོད་སྒྲིག་ཐུབ་པ་ཞིག་མ་རེད། དཔེར་ན། ཨ་རིའི་སྤྱི་ཚོགས་སུ། སྤྱི་དམངས་རྣམས་སྐད་ཡིག་གང་སྦྱོང་བའི་རང་དབང་ཡོངས་སུ་ལྡན་པས་ན། མོ་སི་ཁོ་སོགས་རྒྱལ་ཁབ་གཞན་ནས་འོང་བའི་སྤྱི་དམངས་རྣམས་ད་ལྟ་དབྱིན་ཡིག་སྦྱོང་བའི་ལས་སུ་མི་འཇུག་པར། སི་ཕན་གྱི་སྐད་སོགས་སོ་སོ་རང་གི་སྐད་ཡིག་ལ་འཇུག ཇི་ལྟར་ཡུལ་སྤོས་པའི་མི་གྲངས་མང་དུ་འཕེལ་བ་ན། དེ་ལྟར་དབྱིན་སྐད་སྦྱོང་བའི་མི་གྲངས་ཉུང་དུ་འགྱུར། དེ་ནི་ཨ་རི་རྒྱལ་ཁབ་ཀྱི་གནད་དོན་ཞིག་དང་། རང་དབང་དམངས་གཙོའི་ལྟ་གྲུབ་ཀྱི་གནད་དོན་ཞིག་ཏུའང་གྱུར་ཡོད།

དང་པོའི་དུས་ན། ཨ་རི་རྒྱལ་ཁབ་ཀྱིས་ཡུལ་སྤོས་པའི་མི་རྣམས་ལ་ངེས་པར་དབྱིན་སྐད་སྦྱོང་དགོས་པའི་སྲིད་ཇུས་ལག་ཏུ་བསྟར། དབྱིན་སྐད་ལ་བརྟེན་ནས་ཨ་རིའི་རིན་ཐང་ལྟ་བ་སེམས་ལ་བཞག་པས། ཡུལ་སྤོས་པའི་མི་རྣམས་ཀྱང་ཨ་རི་པ་ནང་བཞིན་ཨ་རིའི་རིན་ཐང་ལྟ་བ་དང་དུ་ལེན། དེ་ལ་ལོ་རྒྱུས་སུ་ཨ་རི་ཅན་དུ་བསྒྱུར་པའི་དུས་སྐབས་ཀྱང་ཟེར། རིམ་གྱིས་ཡུལ་སྤོས་པའི་མི་རྣམས་ཀྱིས་ཨ་རིའི་རྩ་ཁྲིམས་སུ་གཏན་ཁེལ་བྱས་པའི་ཐོབ་ཐང་རྩོད་ལེན་བྱས། སྐད་ཡིག་གང་སྦྱོང་བ་དང་གོམས་སྲོལ་གང་ལ་བརྟེན་པ་སོགས་ཨ་རིིའི་སྤྱི་དམངས་རེ་རེར་རང་ཆས་སུ་མངའ་བའི་ཐོབ་ཐང་དེའི་རྐྱེན་གྱིས། ཡུལ་སྤོས་པའི་མི་རྣམས་སོ་སོའི་མི་རིགས་དང་ཡུལ་སྲོལ་གོམས་གཤིས་ལྟར་འཚོ་ཞིང་། སོ་སོའི་རྒྱལ་ཁབ་ནས་སྦྱོང་བའི་སྐད་ཡིག་སྦྱོང་གི ཨ་རི་བ་ནང་བཞིན་དབྱིན་ཡིག་དབྱིན་སྐད་ཀྱི་ལམ་ལ་མི་འཇུག དེས་ཨ་རིའི་རིན་ཐང་ལྟ་བ་ཇེ་ཞན་དུ་གྱུར་ཅིང། ཨ་རིའི་རྒྱལ་ཁབ་ལ་ཤ་ཚ་སྙིང་ཉེ་ཡི་འདུ་ཤེས་ཞན། ད་ལྟའི་ཨ་རིའི་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོར་གྱུར། ཉེ་བའི་ལོ་འདི་དག་ལ་ཨ་རིའི་མི་མང་གིས་སྲུང་འཛིན་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་རྒྱུ་རྐྱེན་ཡང་འདི་ལ་རག་ལས་པ་ཡིན་མོད། རང་རེ་རྣམས་གང་འདོད་པའི་གཏམ་དག་བྱུང་རྒྱལ་དུ་སྨྲ། སྣང་ཚུལ་འདི་ཙམ་གྱིས་དབྱིན་སྐད་ཉམས་རྒུད་དུ་སོང་བ་མིན་མོད། འདི་ཡང་སྐད་རིགས་ཤིག་གི་ཉམས་རྒུད་ལ་ཚོད་བགམ་པའི་སྣང་ཚུལ་ཡིན་པས། ཅིས་ཀྱང་དོ་སྣང་འོང་བ་གལ།

གཉིས་པ་ནི་གུ་དོག་པའི་ཆབ་སྲིད་ལམ་ལུགས་ཀྱིས་སྐད་ཡིག་རྨེག་མེད་བཟོས་པའི་ལོ་རྒྱུས་དག་ནི་ནྰ་ཛི་སོགས་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་རྒྱལ་ཁབ་དག་ནས་འབྱུང་། དབང་མཐའ་སྒེར་གཅེར་གཅོད་ཀྱི་རྒྱལ་ཁབ་ནས་དབང་འཛིན་པའི་བཀོད་པ་ནང་བཞིན་སློབ་གསོ་མྱོང་བ་དང་སྐད་ཡིག་སྦྱོང་བ་སོགས་བྱེད་དགོས་ཀྱི། མི་མང་རང་གི་འདོད་པ་ནང་བཞིན་མི་འོང་། སུ་ཞིག་དབང་འཛིན་པའི་བཀའ་གསུང་དང་དུ་མི་ལེན་པར་སོ་སོའི་སྐད་ཡིག་གི་རྩིས་ཐང་དང་རང་གི་ཐོབ་ཐང་རྩོད་ལེན་བྱེད་པ་ལ་བཙོན་དུ་འཇུག་པ་དང་མགོ་བོ་འབྲེག་པ་སོགས་སྡིག་སྤྱོད་འཛེམ་མེད་དུ་སྤེལ་ཞིང་། དེ་ཉིད་རྒྱལ་ཁབ་དང་མི་མང་གི་བདེན་པའི་ཆེད་དུ་ཡིན་པ་སོགས་སོ་སོས་བཟོས་པའི་བཀའ་ཁྱབ་སྒྲོག དེ་དག་གི་མངའ་ཁོངས་སུ། མི་རིགས་གཅིག་དང་སྐད་ཡིག་གཅིག ཡུལ་སྲོལ་གོམས་གཤིས་གཅིག འདུ་ཤེས་འཛིན་སྟངས་གཅིག་སོགས་དབང་སྒྱུར་པའི་ཡི་ག་དང་འཚམ་པའི་རིག་གནས་སྣ་གཅིག་ལས་ཡོད་མི་ཆོག གཞན་དག་རྨེག་མེད་དུ་བཟོ་བ་ལ་རྒྱལ་ཁབ་ཀྱི་འདུ་ཤེས་སྲ་བརྟན་བཟོ་བ་དང་། རིག་གནས་གཞན་དང་སྐད་ཡིག་གཞན་གྱི་ནུས་མེད་བེད་མེད་སོགས་རྒྱུ་མཚན་དང་དཔང་རྟགས་སྣ་ཚོགས་བཟོ། དཔེར་ན། འཇར་མན་ནཱ་ཛིའི་དབང་སྒྱུར་དུས། ཕྱི་ལོ༡༩༣༣ལོའི་ཟླ༤བར། ནཱ་ཛིའི་ལྟ་གྲུབ་དང་མི་མཐུན་པའི་དཔེ་དེབ་ཡོངས་རྫོགས་བསྡུ་གསོག་བརྒྱབ། ལོ་དེའི་ཟླ༥པའི་ཚེས༡༠ཉིན། སྦིར་ལིན་ཟློས་གར་ཁང་གི་མདུན་ཐང་གཙོས་སློབ་ཆེན་སོ་སོ་ནས་ཡ་ཧུ་དཱ་པའི་རྩོམ་པ་པོའི་བརྩམས་ཆོས་དང་། ཞི་བདེ་རིང་ལུགས་པའི་བརྩམས་ཆོས་སོགས་ནཱ་ཛི་རང་གི་བློ་ཁ་དང་མི་མཐུན་པའི་དཔེ་དེབ་ཡོངས་རྫོགས་མེ་ལ་བསྲེགས། དེ་ལ་ལོ་རྒྱུས་སུ་སྦིར་ལེན་དེབ་བསྲེགས་དོན་རྐྱེན་ཟེར། ལོ་དེར། ཕོ་ལན་དང་ཅེ་ཁི་སོགས་དབང་སྒྱུར་ས་ཁུལ་ནས་སློབ་གྲྭ་སོ་སོའི་བསླབ་དེབ་སྒྲིག་སྒྱུར་སོགས་འཇར་མན་རང་གི་སྐད་ཡིག་སློབ་གསོ་བཙན་སྤེལ་བྱས། འཁྲུག་ཆེན་གཉིས་པའི་སྐབས་སུ། འཇར་མན་ནཱ་ཛི་རིང་ལུགས་པས་ཡ་ཧུ་དཱ་པ་རྩ་མེད་བཟོ་ཆེད། འཇར་མན་གྱི་སྤྱི་བའི་ལས་སྒོ་སོ་སོ་ནས་མི་རིགས་གཞན་གྱི་སྐད་ཡིག་བཀོལ་སྤྱོད་རྩ་འགོག་ལག་བསྟར་བྱས། ཐ་ན་ཡ་ཧུ་དཱ་པ་མང་པོའི་སྲོག་འཕྲོག་པའི་སྦྱོར་བ་ཅིག་ཅར་དུ་བརྩམས་པས། ལོ་རྒྱུས་སུ་དམར་པོ་ཁྲག་གི་འཁོར་ལོ་བསྐོར། ད་ལ་ཐུག་གི་བར་དུ། སྒེར་གཅོད་ཀྱི་སྲིད་གཞུང་ཡིན་མིན་ཐམས་ཅད་ཀྱིས་རང་གི་ངོ་གདོང་སྲུང་ཆེད། ནྰ་ཛིའི་སྡིག་སྤྱོད་ལ་ངོ་རྒོལ་དང་ཁ་གདུང་སྣ་ཚོགས་གཏོང་། དེ་དང་འདྲ་བར། སི་ཏ་ལིན་དུས་སྐབས་ཀྱི་སུའུ་ལེན་གྱིས“མི་དམངས་ཀྱི་སྤྱི་དགྲ”ཟེར་བའི་ཁ་གཡང་ཞིག་བཟོས་ཏེ། གཞུང་གི་བློ་ཁ་དང་མི་མཐུན་པའི་ལྟ་གྲུབ་ཐམས་ཅད་འབུར་འཇོམས་དང་། རང་དབང་རྩོམ་པ་པོ་མང་པོ་འདེད་གསོད་བཏང་། ཆབ་སྲིད་ཀྱི་འདུལ་སྦྱོང་ར་བ་བཟོས་ཏེ་མི་རྣམས་ཀླད་པ་བཀྲུ་བའི་སློབ་གསོར་བཅུག འཇིགས་སྐུལ་དང་འཇུ་བཟུང་སོགས་སྐྱེ་བོ་སྒེར་གྱི་རང་དབང་ཐམས་ཅད་རྨེག་མེད་བཟོས། ད་ལྟ་ད་དུང་ཡང་ལྟ་གྲུབ་འདི་ཉིད་འཛིན་པའི་གཞུང་སྒེར་སྣ་ཚོགས་གནས་ཤིང་། ཁོ་རི་ཡ་བྱང་མ་སོགས་མི་རྣམས་སྡིག་སྤྱོད་ཀྱི་འོག་ནས་འཚོ་བའི་རྒྱལ་ཁབ་རེ་འགའ་སྣང་། ད་ཡིན་ན་རང་རེའི་སྐད་ཡིག་གི་གནས་བབ་ཅིག་ཀྱང་གླེང་དགོས་པར་འདུག ལོ་འགའི་སྔོན་ལ། མཁས་པ་ཞིག་གིས། ང་ཚོའི་སྐད་ཡིག་འདི་དགོན་སྡེ་དང་དམངས་ཁྲོད་ན་སྟོབས་ཆེ་ཡང་། སློབ་གྲྭ་དང་སྤྱི་ཚོགས་ན་ཉག་ཕྲ་བ། སྤྱི་ཚོགས་ཀྱི་ཡས་སྣེ་དང་མས་སྣེ་ན་བེད་ཆོད་ཀྱང། དཀྱིལ་སྙིང་དང་སྲོག་ཤིང་ན་བེད་མེད་པ། འཚོ་བའི་ཁྱབ་ཁོངས་ན་ཡོད་ཡོད་འདྲ་བ། བྱ་བའི་ཁྱབ་ཁོངས་ན་མེད་མེད་འདྲ་བ་ཞེས་བསྡོམས་ཚིག་བཀོད། ད་ལྟ་ནི་དེ་ལས་ཀྱང་སྡུག་ཏུ་ཕྱིན་དེ། སྤྱི་ཚོགས་ཀྱི་དཀྱིལ་སྙིང་དང་སྲོག་ཤིང་ན་བེད་མེད་པ། ཡས་སྣེ་དང་མས་སྣེ་ནས་དོར་ཟིན་པ། དགོན་སྡེའི་གྲྭ་པ་དང་གྲོང་བའི་རྩོམ་མཁན་གྱིས་སྲ་འཐས་སུ་བཟུང་ཡང་། སློབ་གྲྭའི་སློབ་མ་དང་ཁྲོམ་རའི་ཚོང་བ་ཚོས་སྣང་མེད་དུ་འདོར་བ། བྱ་བའི་ཁྱབ་ཁོངས་ན་ཉམ་ཆུང་བ། འཚོ་བའི་ཁྱབ་ཁོངས་ན་ཉག་ཕྲ་བའི་དུས་སྐབས་ཤིག་ཏུ་གནས། འདི་ཡང་གོང་ལྟར་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀར་རག་ལས། ལོ་འགའི་གོང་ནས་སློབ་གྲྭའི་བསླབ་དེབ་ལ་འགྱུར་བ་བཏང་ནས། བོད་ཡིག་གི་བསླབ་དེབ་གཅིག་པུ་ལས་བསླབ་ཚན་ཡོངས་རྫོགས་རྒྱ་ཡིག་ཏུ་ཁྲིད། རྒྱལ་ཡོངས་གཅིག་གྱུར་གྱི་སློབ་གསོའི་ལམ་ལུགས་ལག་བསྟར་བྱས་པས། རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་འཕེལ་སོང་སྟེ། སུ་ཡང་འབྲི་བཤད་གཉིས་ལ་སྡུག་མི་དགོས་པའི་ཚད་དུ་སླེབས། སྐད་ཡིག་རང་ངོས་ན་མི་རིགས་ཀྱི་དབྱེ་བ་མེད་པས་ཅིས་ཀྱང་བསླབ་འོས་པ་ཡིན་མོད། རང་སྐད་ཡོངས་སུ་འདོར་བ་འདི་འཛམ་གླིང་སྤྱིའི་འཕེལ་ཕྱོགས་དང་མཐུན་དཀའ། རྒྱལ་ཁབ་ཅིག་གི་རིག་གནས་ཀྱི་སྟོབས་ནི་མངའ་ཁོངས་ཧྲིལ་བོ་དང་མི་རིགས་ཐམས་ཅད་ཀྱི་རིག་གནས་ལ་བརྟེན་ནས་མངོན་དགོས་པ་ཡིན་གྱི། མི་རིགས་གཅིག་གི་རིག་གནས་འབའ་ཞིག་གིས་མངོན་དཀའ། བསླབ་ཚན་གཅིག་གི་རྒྱུ་རྐྱེན་ལ་འབྲེལ་བ་ངེས་པར་ཡོད་སྲིད་མོད། དེ་ལས་ཀྱང་གལ་ཆེ་བ་ནི་བོད་ཡིག་བེད་མེད་ཀྱི་རིན་ཐང་ལྟ་ཚུལ་དེ་རེད། ཕ་མ་བུ་ཕྲུག་ཚང་མས་བོད་ཡིག་སྦྱངས་པས་མ་འོངས་པར་གཞུང་ཞབས་ཀྱི་ལས་ཀ་རག་དཀའ་སྙམ་པའི་འདུ་ཤེས་ཀྱི་འཛིན་པ་དེས་ཐམས་ཅད་ལ་འགག་གསོད་གཏོང་གི་འདུག ཤིན་ཏུ་སླ་བའི་རྒྱུ་མཚན་ཞིག་དྲངས་ན། ཁྱོད་བོད་མི་སྟོང་ཕྲག་འགའི་ནང་ནས་ཀྱང་གཞུང་ཞབས་ལ་རྒྱུགས་འཕྲོད་དཀའ་ན། རྒྱ་མི་འབུམ་ཕྲག་མང་པོའི་ནང་ནས་དེ་ལས་ཀྱང་དཀའ་སྙམ་པ་ཞིག་འདུག་མོད། འདི་ཚོའི་ཀླད་པའི་ནང་ཅི་ཞིག་བླུགས་ཡོད་པར་ཚོད་དཔགས་དཀའ། ཡིན་ནའང་། སྐད་ཡིག་གང་དང་རིག་གནས་གང་ཞིག་སྦྱོང་བའི་དགོས་པ་མཐར་ཐུག་ནི་སོ་སོའི་རྨོངས་པ་སེལ་ཆེད་ཡིན་གྱི། གཞུང་གི་ལས་བྱེད་རག་ཆེད་ག་ལ་ཡིན། གོང་ནས་ཡང་ཡང་བཤད་པ་བཞིན། མི་ཚེ་དོན་མེད་དུ་མི་གཏོང་བ་ལ་ཕ་མ་རྣམས་བུ་ཕྲུག་སློབ་གྲྭར་འཇུག་ཅིང་། བུ་ཕྲུག་དག་ཀྱང་རང་གི་དགའ་ཕྱོགས་ལྟར་གྱི་ཤེས་བྱ་ལ་འཇུག་དགོས་པ་ཡིན། རང་གིས་རང་ཉིད་ངོས་མ་ཟིན་པ་ཞིག་མི་ཚེའི་རིན་ཐང་རྙེད་པ་ཤིན་ཏུ་དཀའ་བས། མི་ཚེ་དོན་མེད་དུ་གཏོང་བ་ཡིན་མོད། ད་དུང་འུར་ཆེན་པོ་ཁྲོམ་ཆེན་པའི་དཀྱིལ་ལ་སྒྲོག་པ་དག་ངོ་ཚ་ཡེ་མེད། ནྰ་ཛི་དང་རིག་གསར་གྱི་སྐབས་ཡིན་ན་འདི་དག་གིས་སྐད་ཡིག་གིས་ཁ་མི་སོས་རྒྱབ་མི་དྲོ་བས་སྙིང་བོ་ཅི་ཞིག་ཡོད་ཅེས། བསྲེག་པ་དང་བཤིག་པ་དང་གཏོར་བ་སོགས་ཤིན་ཏུ་ཡ་ང་བའི་སྦྱོར་བ་དག་རྩོམ་པར་ཐེ་ཚོམ་མེད། སྐད་ཡིག་གི་ངོ་བོ་དང་དགེ་བ་སོགས་མི་ཤེས་པ་དག་སྐད་ཡིག་ལ་དུངས་པ་ཡོང་མི་སྲིད། སྐད་ཡིག་ལ་དུངས་པ་མེད་པ་དག་གིས་ནམ་ཞར་ཡང་སྐད་ཡིག་སྦྱོང་བ་ནི་ཁུར་བོ་ཞིག་ཏུ་བསམ་གྱི། མི་ཚེའི་བདེ་སྐྱིད་དུ་སྙམ་མི་སྲིད། ཁོ་རང་ཚོས་དེའི་ཁྲོད་ཀྱི་བདེ་བ་དང་རང་དབང་དག་ལོངས་སུ་སྤྱོད་མི་ཐུབ། དེའི་ཁྲོད་ཀྱི་མཛེས་སྡུག་ཐམས་ཅད་ཉམས་སུ་མི་ཐུབ། ཁོ་ཚོས་རིག་གནས་ཀྱི་རིན་ཐང་དང་སྐད་ཡིག་གི་མཛེས་པ་རྟོགས་མི་སྲིད། མི་ཚེའི་རིན་ཐང་ཐམས་ཅད་སྐད་ཡིག་དང་རིག་གནས་ཀྱི་སྟེང་ནས་འོང་བ་དེ་བས་ཀྱང་ལྟ་ག་ལ་ཞིག ཁོ་རང་ཚོའི་སྣང་ངོར་དཔལ་འབྱོར་གྱིས་མི་འོང་བ་མེད་སྙམ་པ་ཞིག་ཤར། དེ་ལྟའི་འཁྲུལ་ཤེས་ནི་ཁོ་ཚོ་ཐུན་མོང་གི་ཁྱད་གཤིས་རེད། རིག་གནས་ཀྱིས་མ་སྨིན་པའི་མི་ཚང་མར་དེ་དང་དེ་ལྟ་བུའི་འཁྲུལ་ཤེས་ཤིག་ནམ་ཞར་ཡང་འོང་གི་འདུག མ་སྨིན་པའི་མི་དག་སྤྱི་ཚོགས་ཀྱི་རྙོག་ཟིང་ཁྲོད་བསླེབས་རྗེས། ཆེས་ཐོག་མར་ཁོ་རང་ཚོའི་མིག་མདུན་དུ་མངོན་པ་ནི་གཞན་གྱི་ལོངས་སྤྱོད་རེད། དཔལ་འབྱོར་དང་དབང་ཆས་བསྐྲུན་པའི་ལོངས་སྤྱོད་ལ་ཁོ་རང་ཚོ་རང་དབང་མེད་པར་ཡིད་སྨོན་ཤོར། དབང་ཆ་ནི་མགོ་མ་ཚོས་པ་ཁོ་རང་ཚོའི་སྙེག་བྱར་མ་གྱུར་པས། ཁོ་རང་ཚོ་སྨྱོ་ཧམ་ཆེན་པོས་རྒྱུགས་ས་ནི་དཔལ་འབྱོར་གྱི་མཁོ་སྒྲུབ་རེད། དཔལ་འབྱོར་གྱི་དོན་ལ་ཁོ་རང་ཚོས་བསླུ་བྲིད་དང་ངོ་ཚའི་བྱེད་ཐབས་ཐམས་ཅད་ལ་འཛེམ་བག་ཡེ་མི་བྱེད། མགོ་བསྐོར་བ་དང་མནའ་ཟ་བ་སོགས་ནི་ཅུང་ཙམ་སྐྱོན་ཆུང་དུ་འདུག་སྟེ། གཞན་གྱི་སྲོག་འཕྲོག་པ་སོགས་ཀྱང་བསམ་པའི་ཡུལ་དུ་ཤར། འདི་དང་འདི་ལྟ་བུ་མང་ཤོས་ནི་ཆོས་ལུགས་མེད་པ་དང་ཀུན་སྤྱོད་འཇོལ་ཉོག་ཏུ་གྱུར་པའི་ས་ཆར་འབྱུང་། རིག་གནས་ཀྱི་རྐང་མེད་པའི་རང་རེའི་བྱང་འབྲོག་ས་ཆའི་ན་གཞོན་ལའང་སྐྱོན་འདིའི་རིགས་འབྱུང་བས། ལན་རེར་ཁོ་རང་ཚོས་དཔལ་འབྱོར་གྱི་མཁོ་སྒྲུབ་ཙམ་ལ་མི་རིགས་ཀྱི་ལ་རྒྱ་བཤད་ཅིང་། ཡང་ལན་རེར་དེ་ཡི་དོན་ལ་སྐད་ཡིག་དང་རིག་གནས་ཐམས་ཅད་མཁོ་མེད་དུ་སྨྲ། འདི་ནི་དུས་རབས་ཉེར་གཅིག་པའི་བོད་པའི་སྤྱི་ཚོགས་ལ་གནས་པའི་གནད་དོན་གལ་ཆེན་ཞིག་སྟེ། སྨྱོ་ཧམ་ཚ་བའི་དྲྭ་བའི་རིག་གནས་ཀྱིས་མགོ་མ་ཚོས་པའི་རང་རེའི་སྤྱི་ཚོགས་ཧྲིལ་བོ་ཡམ་ཡོམ་སྐྱོམ། རིག་གནས་དར་བའི་མི་རིགས་དང་རྒྱལ་ཁབ་ཏུ་རིག་གནས་དང་གནས་ལུགས་ཀྱི་བདེན་པ་བརྡར་མཁན་མཁས་པ་དང་ཤེས་ཡོན་ཅན་ཡིན་མོད། རིག་གནས་མེད་པའི་རང་རེའི་སྤྱི་ཚོགས་སུ་གནས་ལུགས་ཐམས་ཅད་དྲྭ་དཔོན་དུ་བསྙད་པའི་མགོ་བདེ་དྲན་འཕྲུལ་ཅན་དེ་དག་གིས་བདག་གིར་བཞེས། རིག་གསར་སྐབས་ཀྱི་དཔུང་རྟགས་དམར་པོ་ཅན་གྱི་ན་གཞོན་དེ་དག་ཀྱང་ཡིད་ལ་དབང་མེད་དྲན། དེ་ཚོས་གནས་ལུགས་དང་བདེན་པ་ནི་ཁོ་ཚོ་ཡིན་ཞེས་རང་གི་དགེ་རྒན་དང་བླ་མ་ཚུན་ཆད་ལ་མ་བྱས་པའི་ལས་ཀ་གཅིག་ཀྱང་མེད། དྲྭ་ཇག་འདི་དག་ལའང་དེའི་གོ་སྐབས་མེད་པ་མ་གཏོགས། དེ་ཚོས་འདི་མི་བསྒྲུབ་ཟེར་བ་ཞིག་ཧ་ལམ་མེད་པའི་ཚོད་དུ་འདུག དྲྭ་སྟེང་གི་འདི་ཚོ་ནི་རང་སྐད་གཞན་སྐད་གང་ལའང་རྨོངས་པ་ཤ་སྟག་རེད། འདི་ཚོའི་མང་ཤོས་ནི་སློབ་གྲྭ་ཆེ་འབྲིང་ཙམ་ཡང་བརྒྱུད་མ་མྱོང་བ་རྐྱང་རེད། རང་གི་རིག་གནས་ཀྱི་བག་ཆགས་ཙམ་ལས་མེད་པ་དག་གིས་སྐད་ཡིག་ཅིག་གི་རིན་ཐང་དང་དེ་ཡིས་བསྐྲུན་པའི་རྩིས་ཐང་རྟོགས་མི་སྲིད། འདི་དག་ལ་རིག་གནས་ཀྱི་རང་རྟོན་ཅུང་ཙམ་ཡང་ཡོད་མི་སྲིད། རིག་གནས་ཀྱི་རང་རྟོན་མེད་པའི་མི་རྣམས་ནི་ནམ་ཞར་ཡང་སྨྱོ་ཧམ་ཚ་བོས་གཞོགས་རྒྱུགས་བྱེད་པ་དེ་འཛམ་གླིང་སྤྱིའི་སྣང་ཚུལ་རེད། ཧྥ་རན་སིའི་གསར་བརྗེ་ཆེན་མོ་རིག་གནས་ཀྱི་རང་རྟོན་མེད་པའི་མི་ཚོགས་ཤིག་གིས་བསླངས་པ་རེད། རིག་གནས་གསར་བརྗེ་ཆེན་མོའི་ཡ་ང་བའི་སྐྱོ་གར་གྱི་དཔུང་ཤུགས་ཀྱང་རིག་གནས་ཀྱི་རང་རྟོན་མེད་པའི་མི་ཚོགས་ཤིག་རེད། ད་རེས་ཀྱི་འདི་དག་ཀྱང་དེ་ཚོ་དང་ཡོངས་སུ་མཚུངས་པས། རིག་གནས་ཀྱི་རང་རྟོན་མེད་པ་དག་གིས་རང་གི་རིག་གནས་ཀྱི་ངོ་མཚར་མཐོང་མི་ཐུབ། རང་གི་རིག་གནས་ཀྱི་ངོ་མཚར་མི་མཐོང་བ་དག་གིས་རྟག་ཏུ་རིག་གནས་དང་དཔལ་འབྱོར་གྱི་མཁོ་སྒྲུབ་བརྗེས། འདི་ནི་རང་གཞན་ཀུན་ལ་འབྱུང་བའི་སྤྱི་ཚོགས་སྣང་ཚུལ་ཞིག་རེད། རིག་གནས་ཀྱི་རང་རྟོན་མེད་པ་དག་གིས་རིག་གནས་དང་སྤྱི་ཚོགས་གླེང་བ་ནི་ཤིན་ཏུ་སྐྱི་གཡའ་བ་ཞིག་སྟེ། གསར་བརྗེ་ཡི་ཁྲག་དྲོན་ཐམས་ཅད་འདི་དག་ལས་འབྱུང་། འདི་ཚོ་ནམ་ཞར་ཡང་ཚོགས་པ་དང་བསྡེབས་ཁ་བསྒྲིགས་རྒྱུར་དགའ། རང་གི་བློ་ཁ་དང་མི་མཐུན་པ་ཐམས་ལ་དགྲ་རུ་བལྟ། དབང་གྲགས་དང་རྙེད་བཀུར་གྱི་རྗེས་སུ་འཇུག སུ་ལ་དབང་དང་རྒྱུ་ཡོད་ན་མཆོག་ཏུ་བལྟ། སུ་ལ་དཔུང་དང་སྟོབས་ཡོད་ན་གྲོགས་སུ་བསྡེབས། ཁྭ་ཏའི་ཁྱུ་ཚོགས་འདི་དག་གིས་སྤྱི་ཚོགས་ཤིག་གི་དར་རྒུད་ལ་ཁ་ལོ་བསྒྱུར་པའི་དུས་ན། སྤྱི་ཚོགས་དེ་ཉིད་བྲན་འཁོལ་གྱི་ལམ་བུར་ཞུགས་ཚར་བ་ཡིན།

 

སྔོན་མ།
དཔེ་ཀློག་གི་ཟིན་ཐོ་ཐན་ཐུན་ལས་དར་མ་འུ་དམ་བཙན་པོའི་འདས་ལོ་ཙམ་གྱིས་བསྐྱེད་པའི་ཡིག་ཚང་གི་འགལ་འདུ་དང་བཀའ་མ་ལོག་གི་ངོས་འཛིན་གསར་པ།
རྗེས་མ།
ཁྲི་སྲོང་ལྡེའུ་བཙན་པོའི་མཚན་གྱི་འབྲུ་འགྲེལ་དང་འཕྲོས་བཤད་སིལ་མ།

Leave a Reply

keyboard_arrow_up