སྙན་ངག་ལ་ཚྭ་ཁུ་འདེབས་དགོས།

གཅན་མེ་སྟག (བོད།)

ཧ་ཧ་ཧ།  ཁ་བྱང་འདི་བཏགས་རྗེས་ཁོ་བོ་རང་ལའང་དགོད་བྲོ་བའི་སྣང་བ་ཞིག་སྐྱེས་འོངས་མོད།   འདི་ཀར་ཤོད་འདོད་པ་ནི་རྩེད་མཚར་གྱི་ཉམས་སྣང་ཁོ་ན་ཞིག་མ་ཡིན་པར་ཁོ་བོ་རང་ཉིད་ཀྱི་སྙན་ངག་ཀློག་ཚུལ་གྱི་ཐབས་ཤེས་རིགས་ཤིག་ཤོད་འདོད་པས་ཡིན།   སྙན་ངག་ལེགས་པོ་ཞིག་ཀློག་སྐབས་སེམས་པ་གཡེང་མི་རུང་བ་དང་དེ་བས་ཀྱང་མིག་འདེད་ཙམ་གྱིས་མྱུར་ཀློག་བྱ་མི་རུང་བ་ནི།  སྙན་ངག་ལེགས་པོ་དེའི་ཁྲོད་ན་ད་དུང་སྙན་ངག་གཞན་ཞིག་ཡོད་ཅིང་།  སྙན་ངག་དེ་ལ་བྲོ་བ་གཞན་དང་མི་འདྲ་བ་ཞིག་ཡོད་པས་ཡིན།  འདི་ནི་སྙན་ངག་ཀློག་མཁན་སུས་ཀྱང་རྟོགས་པའི་གནས་ལུགས་ཤིག་རེད་མོད་ཀྱང་།  རྟོགས་པའི་དབང་གིས་ད་གཟོད་ནོར་འཁྲུལ་མི་ཉུང་བ་ཞིག་འབྱུང་ཀིན་ཡོད།  ཁོ་བོར་མཚོན་ན་སྙན་ངག་ཀློག་པའི་སྐབས་སུ་མིག་འདེད་ཙམ་གྱིས་ཆོག་གི་མེད་ལ།  ཀློག་འདོན་ཙམ་གྱིས་ཀྱང་ཆོག་གི་མེད།  ཁོ་བོས་ནི་སེམས་ཀྱི་སྣ་ཤེས་ཤིག་གིས་སྣོམ་ཀྱིན་ཡོད་ཅིང་།  ཡིད་ཀྱི་རྣ་ཤེས་ཤིག་གིས་མཉན་བཞིན་ཡོད་པས།  ཁོ་བོས་བཀླགས་པའི་སྙན་ངག་དག་ལ་བྲོ་བ་ག་འདྲ་ཞིག་ཡོད་མེད་མྱུར་དུ་ཚོར་ཡོང་ཀིན་ཡོད།  རྒྱུ་མཚན་ནི་སྙན་ངག་ལ་ལར་ཀློག་མཁན་རང་གི་ཡིད་ཚོར་གྱིས་ཁ་སྣོན་བྱེད་དགོས་པའི་ཀུན་རྟོག་ཅིག་འཕྲོ་དགོས་པས་ན་འདིར་ཁོ་བོས་ནི་སྙན་ངག་ལ་ཚྭ་ཁུ་འདེབས་པ་ཟེར་བ་ཡིན།

སྙན་ངག་ལ་བྲོ་བ་ག་འདྲ་ཞིག་ཡོད་དམ་སྙམ་ན།  དེ་ཡང་མི་མི་འདྲ་བའི་ལུས་སྟེང་ནས་ཁྱབ་འོངས་པའི་བྲོ་བ་ཇི་བཞིན་ཡིད་དུ་འོང་མི་འོང་གི་ཁྱད་པར་ཡོད་ལ།  བྲོ་བ་དེ་སྣོམ་མཁན་གྱི་ཚོར་ཤེས་དང་མཐུན་མི་མཐུན་གྱི་བར་ཐག་ཡོད་པ་རེད།  དྭངས་ཤིང་ལྷོད་བག་དང་ལྡན་པའི་སྙན་ངག་དག་ལ་མི་སུས་ཀྱང་དགའ་བོ་བྱེད་བཞིན་ཡོད་ཅིང་།  དེ་ལ་དགའ་དོན་ཡང་དྭངས་ཤིང་ལྷོད་བག་གི་ཉམས་སྣང་དེ་ཡིས་ཡིན།  དེ་ཡང་ཡིན་ཏེ།  བདེ་ཐང་དང་བབ་ཆགས་ཡིན་པའི་སེམས་པ་ཞིག་ལ་སུ་མི་དགའ་འམ།  དེ་ལྟ་བུའི་སྙན་ངག་དེར་སྣོམ་པ་ཙམ་གྱིས་ཡིད་སེམས་ལྷོད་གྱི་ལེར་འགྲོ་ཞིང་།   དེ་ལྟ་བུའི་སྙན་ངག་དག་ནི་ནད་བརྒྱ་འཇོམས་པའི་སྨན་མཆོག་ཅིག་དང་འདྲ་བར་ཀློག་མཁན་རང་གི་སེམས་ཁོངས་སུ་གཏིབས་པའི་ནག་དྲེགས་དང་ངལ་དུབ་རྨང་ནས་སངས་འགྲོ་བས་ཡིན། སྙན་ངག་པk.པྰ་བོའུ་སི་ཐོ་ཧྥུ་སི་ཁེ་བྱ་བས་འདི་ལྟར་བཤད་ཡོད་དེ།  དེ་ལྟ་བུའི་སྙན་ངག་ལ་མི་སེམས་བསྒུལ་ནུས་པའི་ཁྱད་ཆོས་ཤིག་ཡོད་ཅིང་།  དེས་ཡིག་འབྲུ་རེ་རེར་ཡང་གདོད་མའི་མེ་ཏོག་ཁ་མ་འབུས་པ་ལྟ་བུའི་གསར་གཙང་གི་ཉམས་སྣང་ཞིག་སླར་གསོ་བྱེད་ནུས་ལ།   གཏོར་བརླག་ཐེབས་ཏེ་སྣང་བརྙན་བོར་ཞིང་ཐེར་ཚལ་སྦར་ཚལ་དུ་སོང་བའི་ཡིག་འབྲུ་དག་ཀྱང་སྙན་ངག་དེའི་ཁྲོད་དུ་ཐོན་དུས།  འོད་མདངས་བཀྲག་ཆིལ་ལེར་མངོན་ཞིང་དྲི་བསུང་ཡིད་དུ་འོང་བས་ཁེབས་འགྲོ་ཞེས་བཤད་པ་རེད།

དེ་ན་དེ་ལྟ་བུའི་སྙན་ངག་གི་དྲི་བསུང་དེ་ངེས་པར་དུ་ཀློག་མཁན་གྱི་སྣ་ཤེས་བརྒྱུད་ནས་སྣོམ་དགོས་ཏེ།  སྣ་ཤེས་ཀྱི་ཚོར་བ་མི་རྣོ་བ་ཞིག་ཡིན་ན།   དེའི་སྟེང་ནས་ཁྱབ་འོངས་པའི་དྲི་བསུང་དེ་ཇི་ལྟར་ཤེས་ཐུབ་བམ།

བདག་གི་ལག་པས

ཁྱེད་རང་འཚོ་གནས་ཀྱི་ཡོལ་བ་ཡོངས་སུ་ཕྱེས་ཏེ

སྔར་ལས་ཀློང་ཡངས་པའི་དངོས་སྣང་ཞིག་གིས

ཁྱེད་རང་ཁྱབ་པར་བྱས་ཏེ

ཁྱེད་ཀྱི་ལུས་ཕུང་ནང་རིམ་གྱི་ལུས་ཕུང་གསལ་བར་བྱེད་ཅིང

བདག་གི་ལག་པས

ཁྱེད་ཀྱི་ལུས་ཕུང་གི་སླད་དུ

ལུས་ཕུང་གཞན་ཞིག་གསར་བཟོ་བྱེད་འདོད

འདི་ནི་མའོ་སི་ཀའོ་ཡི་སྙན་ངག་པ་ཨོ་ཕ་སི་ཡི་མིང་ལ་« མྱོང་རེག» བྱ་བའི་སྙན་ངག་ཅིག་ཡིན།   དེའི་ཀློང་ནས་མིའི་ལྷན་སྐྱེས་ཀྱི་འདོད་ཆགས་རིགས་ཤིག་ཤོད་བཞིན་ཡོད་ནའང་དེ་ནི་དྭངས་གསལ་དང་སྤུས་དག་གི་བར་ནས་ཐོན་པའི་ཡིག་འབྲུ་རེ་རེ་ཡི་འོད་མདངས་ལྷད་མ་ཞུགས་པ་ཞིག་ཡིན་ཏེ།  སྣ་ཤེས་ཀྱི་ཚོར་བ་རྣོ་བའི་ཀློག་མཁན་ཞིག་ལ་མཚོན་ན་ནང་དོན་ག་འདྲ་ཞིག་ཡིན་ནའང་སྙན་ངག་དེ་ལས་འཐུལ་བའི་བྲོ་བ་ནམ་ཡང་འགྱུར་མི་སྲིད་པ་ཞིག་རེད།

དེས་ན་འགྱུར་མའི་སྙན་ངག་དག་གི་བྲོ་བ་གདོད་མའི་མ་ཡིག་གི་བྲོ་བ་ལས་འགྱུར་སྲིད་དམ་ཞེ་ན།   དེ་ལ་ཁོ་བོས་བཤད་པའི་ཚྭ་ཁུ་འདེབས་དགོས་པ་དེ་རེད།  དེ་ལྟར་ཤོད་དོན་ནི་འགྱུར་མ་ནི་བསྐྱར་བཟོ་ཐེངས་ཤིག་གི་གོ་རིམ་ལས་ཐོན་དགོས་ཤིང་།  སྙན་ངག་གང་དེའི་ནང་དོན་དང་ཚོར་ཤེས་ཀྱི་ཆ་སོགས་མ་འགྱུར་བའི་སྒོ་ནས་གསར་བཟོ་བྱས་ཏེ།  འགྱུར་ཡིག་གི་ཐ་སྙད་འདེམས་སྟངས་སོགས་ཀྱིས་བྲོ་བ་དེ་བསྐྱར་དུ་བཟོ་དགོས་པ་ཞིག་རེད་འདོད་ཀྱིན་ཡོད།  དེ་ན་བྲོ་བ་འགྱུར་བའི་སྙན་ངག་ཡོད་དམ་སྙམ་ན་ཡོད་དེ།  དེ་ལྟ་བུའི་སྙན་ངག་དེ་གདོད་མའི་མ་ཡིག་ནས་འགྱུར་མའི་གོ་རིམ་གང་དུའང་བྲོ་བ་སྐྱུགས་རྫོབ་པོ་ཅན་ཡིན་ཞིང་།  དེ་ལྟ་བུའི་སྙན་ངག་ལ་གང་ནས་བསྣམ་ཀྱང་སྐྱུར་དྲི་ཁ་བོ་ཞིག་ཡིན་པ་འདྲ་མཚུངས་ཡིན།  དཔེར་ན།  ཨ་རིའི་སྙན་ངག་པར་འབོད་པའི་པིས་རྡི་ཨོ་ལོ་ཧྥུ་སི་ཁེ་ཡི་སྙན་ངག«ཏན་ནེ་སི་ལ་སྤྱོད་ཐེངས་ཤིག» ཞེས་པ་ལྟ་བུར།

ཁོ་མོའི་ལུས་པོ་ཁ་སྦུབ་ཏུ་ཀོག་ཡོད་ཅིང

ཁོ་མོའི་ལུས་རྒྱབ་ནས

བདག་གིས་སྤྱོད་ཀྱིན་ཡོད

ཁོ་མོའི་འཕོངས་ཚོས་ལ་གཏད་ནས

མཛེས་ཤིང་ཡུན་རིང་ལ་ཤུགས་ཆེན་པོས་སྤྱོད་ཀྱིན་ཡོད

……

སོགས་ལྟ་བུ་དེའི་མན་དུ་བསྒྱུར་མཁན་རང་ཡང་ངོ་མདངས་དམར་པོ་ཆགས་དགོས་པ་འབྱུང་བའི་ཚིག་དག་འབྱུང་བཞིན་པ་ལྟ་བུ་རེད།  དེ་ལྟ་བུའི་སྙན་ངག་དག་བཀླགས་པ་ཙམ་གྱིས་ཁོ་བོར་ནི་སྐྱུགས་མེར་བའི་འདུ་ཤེས་ཤིག་ལས་དེའི་ཁྲོད་དུ་བྲོ་བ་གཞན་གང་ཞིག་ཀྱང་ཚོར་ཐུབ་ཀྱིན་མི་འདུག  དེ་ལྟ་བུའི་སྙན་ངག་ནི་སྙན་དང་ངག་གི་རང་གཤིས་ལས་འདས་ཤིང་ཆགས་སྲེད་རྐྱང་བའི་ངོས་ཐད་ནས་འབྱུང་བའི་བྲོ་བ་སྐྱུར་ལངས་བ་ཞིག་ལས་མེད་པ་ལྟ་བུ་རེད།

སྒྱུ་རྩལ་གྱི་ལས་དོན་གཉེར་མཁན་གྲངས་མེད་པའི་ཁྲོད་ནས་སྙན་ངག་པ་ནི་ཆེས་དྭངས་གཙང་གི་མི་ཞིག་ཡིན་དགོས་པར་ཁོ་བོས་ནམ་དུ་ཡང་སེམས་ཀྱིན་ཡོད་ཅིང་།  སྙན་ངག་པའི་ལག་པ་ནི་ངལ་རྩོལ་ཀྱི་དཀའ་ཚེགས་ཁྲོད་ནས་ནག་དྲེགས་ཀྱིས་ཟིན་ཞིང་ཤིན་ཏུ་སྐྱུགས་རྫོབ་པོ་རུ་སྣང་ནའང་དེའི་སེམས་ཁམས་ནི་ནམ་དུ་ཡང་དྭངས་གཙང་གི་ཤོག་བུ་ཞིག་དང་འདྲ་བའི་སྣང་བ་སྐྱེས་བཞིན་ཡོད།  དེའི་དབང་གིས་སྙན་ངག་གི་ཁྲོད་ཀྱི་བྲོ་བ་སྣོམ་རྒྱུ་ནི་ཤིན་ཏུ་ནས་འགངས་ཆེ་ཞིང་།  བྲོ་བ་ངོས་ཟིན་རྒྱུ་དེའང་ཧ་ཅང་གིས་གལ་ཆེ།  པོ་ལན་གྱི་སྙན་ངག་པ་ཨེན་རྡིར་ཚེད་པོར་ཟ་ཞེས་པའི་སྙན་ངག་ཅིག་ཏུ།

སྙན་ངག་ཁྲོད་དུ་བྲོ་བ་ཇི་ལྟར་འདོན་སྙམ་ན

དེ་ནི་ཐད་ཀར་དུ་ཤོད་ནུས་པ་ཞིག་གཏན་ནས་མིན་ཏེ

སྙན་ངག་ཧྲིལ་བོ་ལས་བྲོ་བ་ཁྱབ་པར་བྱེད་དགོས་ཕྱིན

ཚིག་རྐང་དང     ཚིག་འགྲོས

ཡོད་ཚད་ལ་ནགས་ཚལ་དབུས་ཀྱི་མངར་བསུང་དང

དྲོད་འཇམ་གྱིས་ཁེངས་པར་བྱེད་དགོས་ལ

ཚིག་འགྲོས་ཀྱི་འཕར་འགུལ་རེ་རེ་ལའང

རྒྱ་སེ་མེ་ཏོག་གི་དྲི་མ་མེ་ཏོག་གླིང་ཀ་རུ་ཁྱབ་པ་ནང་བཞིན་བྱེད་དགོས

ཞེས་བྲིས་ཡོད་པ་བཞིན་དུ།   འུ་ཅག་གི་སྙན་ངག་དག་ལ་རྒྱ་སེ་མེ་ཏོག་གི་དྲི་མ་མེད་ནའང་མེ་ཏོག་སེར་ཆེན་གྱི་དྲི་མའམ།  གངས་རྒྱན་མེ་ཏོག་གི་དྲི་མའམ།   ཨ་གར་མེ་ཏོག་གི་དྲི་མ་ཙམ་ངེས་ཅན་དུ་ཡོད་ན་ཅི་མ་རུང་ཨང་སྙམ་པ་དུས་རྒྱུན་དུ་ཡིད་ལ་བརྣག་འོངས།

 

༢༠༡༠ལོའི་ཟླ༡༠པར།

སྔོན་མ།
༄༅། ། བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའི་རྣམ་བཤད་ཅེས་བྱ་བ་བཞུགས་སོ།།
རྗེས་མ།
སྨྲ་རུ་མེད་པའི་སྙན་ངག

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up