འབུམ་རམས་པ་དགེ་བཤེས་་ཆོས་འཁོར་ཚང་། (ཅེག་སྤྱི་མཐུན་རྒྱལ་ཁབ)
ང་ནི་སྙན་ངག་ཡིན།
སྒྱུ་རྩལ་གྱི་ཐ་སྙད་ཅིག
ཡིག་འབྲུའི་རྫོགས་མཚམས་སུ་མངོན།
ཚིག་འབྲུའི་རྒྱབ་ལོགས་སུ་འཁོད།
གསལ་པོར་ཨེ་རིག
ང་ནི་སྙན་ངག་ཡིན།
སྒྱུ་རྩལ་གྱི་ཁ་བརྡ་ཞིག
སྐད་ཆའི་བར་སྟོང་ནས་གླེངས།
བརྗོད་བྱ་ཟབ་མོ་རུ་ཐོན།
ནང་དོན་ཨེ་གོ།
ང་ནི་སྙན་ངག་ཡིན།
སྒྱུ་རྩལ་གྱི་འཚོ་རླུང་ཞིག
ཁ་ཁུ་སིམ་མེ་རུ་བླངས།
རང་ལ་བསིལ་སྣང་ཞིག་སྟེར།
བརྔུབས་པ་ཨེ་ཚོར།
ང་ནི་སྙན་ངག་ཡིན།
སྒྱུ་རྩལ་གྱི་དབུགས་རླུང་ཞིག
དལ་འཇམ་ཅག་གེ་རུ་བཏང་།
གཞན་ལ་དྲོད་ཁོལ་ཡང་བྱིན།
ཕྱུང་པ་ཨེ་ཚོར།
ང་ནི་སྙན་ངག་ཡིན།
སྒྱུ་རྩལ་གྱི་ཟུངས་ཁྲག་ཅིག
ལྷིང་རྩའི་སྦུབས་ལམ་དུ་འཁྱིལ།
ས་བོན་དྭངས་མ་རུ་བསྐྲུན།
དྲོས་པ་ཨེ་མྱངས།
ང་ནི་སྙན་ངག་ཡིན།
སྒྱུ་རྩལ་གྱི་སྙིང་དམར་ཞིག
འཚོ་ནི་རང་སྲོག་གིས་གཞེས།
འཕར་ནི་གཞན་དུངས་ཀྱིས་ལྡིང་།
གསོན་པར་ཨེ་ཤེས།
༠༩།༠༨།༢༠༢༤ པཱ་རག