མར་ཡུལ་ལྗོངས་ཀྱི་ཕྱིར་མིག

ཤིས་ཚང་ལྗང་མྱུག (རྒྱ་གར།)

 

བཙན་པོའི་མངའ་རིས་བསམས་ཏེ།།
རིགས་ཀྱི་འདུ་ཤེས་བཅངས་ཏེ།།
མར་ཡུལ་གངས་ཅན་ལྗོངས་ལ།།
ཡང་ཡང་འགྲུལ་དགོས་བྱུང་སོང་།།

མངའ་རིས་སྐོར་གསུམ་རི་མོ།།
ཡིག་ཚང་ལྡེབས་ལ་འཁོད་ཡོད།།
སེང་གེ་གཙང་བོའི་འབབ་སྒྲ།།
མ་ཉམས་དལ་གྱིས་རྒྱུ་འོ།།

དུས་ཀྱི་འཚུབ་རླུང་བར་ནས།།
སྣོད་བཅུད་ཁ་དོག་འགྱུར་ཡང་།།
མངའ་རིས་ཁམ་བུའི་བྲོ་བ།།
ད་དུང་མ་ཉམས་འཁྱིལ་ཡོད།།

ལས་ཀྱི་ཁ་སྟབས་སྐྱོ་བོས།།
རིགས་མཐུན་ཁ་ཁར་བཏང་ཡང་།།
ཀ་ཁ་སུམ་ཅུའི་ཕྲེང་བས།།
འུ་ཅག་གཅིག་ཏུ་སྦྲེལ་ཡོད།།

སྐད་ཆའི་སྦྱོར་བའི་སྡེབ་ལ།།
དབྱངས་གསལ་བྲོ་བ་བསྣམས་ཡོད།།
ལུས་ངག་སྤྱོད་པའི་གཤིས་ལ།།
ལྷད་མེད་དད་པ་མངོན་ཡོད།།

འཇུ་འཇུ་ངག་གི་དབྱངས་རྟ།།
ཕྱག་འཚལ་གུས་པའི་རྣམ་འགྱུར།།
མེས་པོའི་གོམས་སྲོལ་ཡག་མོ།།
མ་འགྱུར་བརྟན་པར་གནས་ཤོག།

ཕ་སར་བྲལ་བའི་གདུང་བ།།
བྱང་ཁོག་ཧྲིལ་བོར་ཁྱབ་ཀྱང་།།
མར་ཡུལ་ལྗོངས་ལ་སླེབས་པས།།
རེ་ཞིག་སངས་པར་བྱས་སོང་།།

མར་ཡུལ་སྤུན་ཟླའི་བརྩེ་བ།།
ཤ་དང་མཆིན་པར་གླན་ཡོད།།
སང་ལོ་དབྱར་གཞུང་ཚེས་དུས།།
སླར་ཡང་མཇལ་འཛོམས་ཞུ་ཆོག།

༢༠༢༤ ལོའི་ཟླ་ ༠༨ ཚེས་ ༡༢ ཉིན་མར་ཡུལ་གཞུང་དང་ཁ་གྱེས་ཁར་བ་ཀུ་ལའི་གནམ་ཐང་ནས།

 

 

 

སྔོན་མ།
སྐྱེས་ཡུལ་གྱི་སྐད་དང་དེའི་རི་མོ།
རྗེས་མ།
སྐྱོ་བའི་ཚོར་འདུ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up