བོད། ལྷ་ཡུལ་ཁུར་པའི་བྱེ་ཐང་གི་རྔ་ཁྱུ།

གློག་ཞགས། (ཨ་རི།)

མི་ཡུལ་གྱི་ལག་དམར། མེ་ཏོག་དམར་པོ་དམར་པོ་ཞིག་ཡིན་ཟེར།
ཀླུ་ཡུལ་གྱི་གཤེད་མ། ས་ཡོམ་ནག་པོ་ནག་པོ་ཞིག་རེད་འདུག
བོད། ལྷ་ཡུལ་ཁུར་བའི་བྱེ་ཐང་གི་རྔ་ཁྱུ།

སེམས་པ་ཡོད་ཚད་རྡུལ་ཚུབ་བེར།
དུར་ཁྲོད་དང་འདྲ་བའི་གཞིས་ཤུལ་དག་ཏུ་འགྲེང་ནས།
གཞིས་མིས་དམྱལ་ཁམས་ལ་བལྟས་ཤིང་། བྱེས་མི་གཞིས་ལ་འཁྲེང་།
བླ་འཁྱམས་པ་ལྟ་བུའི་ང་ཚོས། སེམས་པ་རེ་ལག་ཏུ་བཟུང་ནས།
མགོ་བོ་གཡུག་གཡུག་ཙམ་ལས། མིག་ཆུ་ཡང་སྐམ་ཚར་དུས།
ཤི་བའི་ན་ཟུག་མཐོང་ངམ། གསོན་པའི་ངུ་སྐད་ཐོས་སམ།
ངུ་ངག་གིས་བོས་ན་ནམ་མཁའ་སྟོང་སང་སང་། ཤི་གསོན་ངོ་མི་ཐུག
འོ་དོད་ཀྱིས་བརྒྱུགས་ན་ས་གཞི་འཁྱགས་སིབ་སིབ། གཞིས་བྱེས་གདོང་མི་འཕྲོད།
ཕལ་ཆེར་ང་ཚོ་ཡོད་ས་འདི། དམྱལ་ཁམས་ཤིག་གི་ཁྱིམ་མཚེས་ཡིན་ནམ།

གངས་རི་དག་ལྷ་ཆེན་གྱི་ཀང་རུས་ཡིན་ནམ།
དཀར་སང་སང་། སུ་ཞིག་ལ་དགོད་པའི་སོ་ཞོ་བཞིན།
འདི་འདྲའི་དཀར་པོ་དཀར་པོ་ཞིག འོ་མ་བཞིན།
བུ་ཕྲུག་བསྡམས་ནས་གྲོངས་ཟིན་པའི་ཨ་མའི་ནུ་ཞོ་དག་ཡིན་ནམ།

རྩྭ་ཐང་དང་མེ་ཏོག་གིས་ཀྱང་མི་འདོད་པའི་ང་ཚོ།
བྱ་ཁྱུས་གཞིས་མལ་བསྙེགས་ན་འཇིགས་ཡེར་ཡེར།
ཁྲུང་ཁྲུང་བྱེས་སུ་འཕུར་ན་སྐྱོ་ལྷང་ལྷང་།
ང་ཚོ། བྱེ་ཐང་དུ་ལྗང་མདོག་ཁུར་བའི་རྔ་ཁྱུ་བཞིན།
ཨམ་གཙིགས་དང་ན་ཟུག་རྒྱབ་གང་ཁྱེར་ནས་གང་ལ་འགྲོ་ཨང་།
ཨང་གིས་མཐོ། རི་བོ་ཁུར་ནས།
ཨང་གིས་དམའ། རྒྱ་མཚོ་བརྒྱུད་ནས།

ས་མཐར། ཁྱེད་ཅག་བདེ་བར་སྨོན་བཞིན་རྒྱང་དུ་བལྟས།
ཐག་རིང་ཐག་རིང་ནས། གནམ་མཐའི་རི་ཚོགས་ཁུ་སིམ་མེར་ཅེར་ཐེངས་རེར།
མ་ཎི་ལྡོག་མ་རེ་ལ་མགོའི་ན་བུན་ཇི་བཞིན། ལན་རེར་འཁོར་ཞིང་མཚམས་རེར་ཡལ།

ལན་ཆགས་ཁུར་བའི་སྨོན་ལམ་རེ་རེ། ས་རྡོར་ཧ་ཅང་སྡང་ལ།
མི་རབས་ཤིག་གསོན་དུར་བྱེད་མཁན་དག་གིས།
ལག་ཤུབས་དཀར་པོ་གྱོན་མཁན་དག་གིས།
ཤ་ཚ་མདོག་གིས། རུས་འདུར་མདོག་གིས།
ཡང་བསྐྱར་མི་རབས་འདིའི་དུར་ས་སྔོག་བཞིན་པར་ཤིན་ཏུ་སྡང་ཨང་།

མི་ཡུལ་གྱི་ལག་དམར། མེ་ཏོག་དམར་པོ་དམར་པོ་ཞིག་ཡིན་ཟེར།
ཀླུ་ཡུལ་གྱི་གཤེད་མ། ས་ཡོམ་ནག་པོ་ནག་པོ་ཞིག་རེད་འདུག
བོད། ལྷ་ཡུལ་ཁུར་བའི་བྱེ་ཐང་གི་རྔ་ཁྱུ།

 

སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ༠༡པོའི་ཚེས༠༨ཉིན་བྱང་ཨ་རིའི་རྒྱལ་ས་ནས།

 

སྔོན་མ།
དིང་རི་བཅུ་བ།
རྗེས་མ།
ངས་འདི་ལྟར་བཤད་འདོད། 

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up