གཡུ་མཚོ། (བོད)
ཁང་ཁྱིམ་གྲུ་བཞི་དེ་བརྡིབས་སོང་། དེའི་ནང་དུ་ལྷན་འཛོམས་ཀྱི་དགོད་སྒྲ་ཡོད། དེའི་ནང་དུ་བྱམས་བརྩེའི་འོད་སྣང་ཡོད། དེའི་ནང་དུ་ལོ་ཟླའི་རྗེས་ཤུལ་ཡོད། མདོར་ན་དེའི་ནང་དུ་ཁྱིམ་ཚང་གི་སྐྱིད་སྡུག་ཡོད། སེམས་མ་སྡུག། ཡིད་མ་སྐྱོ་ཟེར་བའི་ཐ་སྙད། ངས་ཅི་ལྟར་བཤད། བཤད་མ་ཕོད། སེམས་དང་བསམ་པ་འདྲེས་པའི་མི་དེ་ཆས་སོང་། སྔོན་བསགས་ལས་ཀྱིས་བསྡུས་པའི་མི་དེ་བུད་སོང་། དེ་ནི་ཚེ་འདི་ཕྱིའི་བར་ཐག་ཡིན། སྙིང་ཐེངས་བརྒྱ་ལ་གས་པའི་ན་ཟུག་དེ། སུ་ཡིས་ཤེས། སུ་གཅིག་གིས་ཀྱང་ཤེས་དཀའ། སེམས་མ་སྡུག། ཡིད་མ་སྐྱོ་ཟེར་བའི་ཐ་སྙད། ངས་ཅི་ལྟར་བཤད། བཤད་མ་ཕོད། འཇིགས་སྐྲག་གིས་ཁེངས་བའི་ཞོགས་པ་དེ། སྡུག་བསྔལ་གྱིས་གང་བའི་ཞོགས་པ་དེ། ཞོགས་པ་དེ་ནི་ཟླ་ལས་རིང་། ཞོགས་པ་དེ་ནི་ལོ་ལས་རིང་། ཞོགས་པ་དེ་ནི་ཚེ་ལས་རིང་། ངུ་འབོད་དང་གདུང་འབོད་ཀྱིས་གང་བའི་ཞོགས་པ། དེ་འདྲའི་ཞོགས་པ་དེ་མེད་ན་ང་ཚོས་ཐེངས་ཁྲི་ལ་བསམ་མྱོང་ལོས་ཡོད། སེམས་མ་སྡུག། ཡིད་མ་སྐྱོ་ཟེར་བའི་ཐ་སྙད་དེ། ངས་ཅི་ལྟར་བཤད། བཤད་མ་ཕོད། བརྡིབས་སོང་བའི་ཁང་ཁྱིམ་གྲུ་བཞི་དེ་ཡང་བསྐྱར་རིག་དུས། རྣམ་ཤེས་སྤུར་སོང་བའི་སྙིང་ཉེ་དེ་ཡང་བསྐྱར་མཐོང་དུས། འཁོར་བ་འདི་ལ་ཡིད་རེ་ཆད། འཇིག་རྟེན་འདི་ལ་ཞེན་པ་ལོག། ཆགས་ཞེན་མེད་པ། སྐྱོ་སྡུག་གིས་གང་བས་སྐབས་འདིར། ཁྱོད་ལ་ཞོགས་པ་དེ་ཡི་འཇིགས་པ་གླེང་བ་ནི། ཁྱོད་ལ་ཞོགས་པ་དེ་ཡིས་སྡུག་བསྔལ་དྲི་བ་ནི། ཡང་བསྐྱར་ས་གཞི་ཆེན་པོ་སྒུར་སོང་བ་དང་འདྲ། སྐབས་འདིར་སེམས་མ་སྡུག། ཡིད་མ་སྐྱོ་ཟེར་བའི་ཐ་སྙད་འདི། ངས་ཅི་ལྟར་བཤད། སྐབས་འདིར། ཐ་སྙད་སྐམ་པོ་གང་གིས་ཀྱང་སེམས་གསོ་དཀའ། སྐབས་འདིར། རྒྱུ་འབྱོར་བ་གང་གིས་ཀྱང་སེམས་དགའ་དཀའ། སྐབས་འདིར། ལས་ལུགས་ལས་སྟངས་གང་གིས་ཀྱང་སེམས་སོས་དཀའ། སྐབས་འདིར། འཇམ་ཐིང་ཐིང་། ཁུ་སིམ་མེ ། ད་དུང་སེམས་ཀྱི་དད་པ་དེ། དེ་ནི་ཁྱོད་ཚོའི་སེམས་གསོ་བའི་སྨན་མཆོག་དེ་ཡིན་ངེས་སྙམ། རེད། ཞོགས་པ་དེའི་འཇིགས་པ། ཞོགས་པ་དེའི་སྡུག་བསྔལ། མང་པོས་གླེང་བཞིན་ཡོད། མང་པོ་སྡུག་བཞིན་ཡོད། མང་པོ་བྲེལ་བཞིན་ཡོད། གདུང་སེམས་མཉམ་བསྐྱེད། ངས་ཀྱང་བཤད་ཡོད། སྐད་ཅིག་སྐད་ཅིག་གི་ན་ཟུག། སྐད་ཅིག་སྐད་ཅིག་གི་མིག་ཆུ། དེ་ནི་སྐད་ཅིག་ཉིད་དོ། ། དེ་ཡིན་དུས། སེམས་མ་སྡུག། ཡིད་མ་སྐྱོ་ཟེར་བའི་ཐ་སྙད་འདི། ངས་ཅི་ལྟར་བཤད། བཤད་མ་ཕོད། དབྱངས་བསལ་སོ་བཞི། དད་པ་བརྟན་པོ། ད་དུང་མེས་པོ་དམ་པའི་ཞབས་རྗེས། འདས་པའི་ལོ་རྒྱུས། ད་ལྟའི་ལས་དབང་། ད་དུང་མ་འོངས་པ། ང་ཚོ་ཟེར་བའི་ཐ་སྙད་དེ་བཤད་ཆོག་ཆོག་ཡིན། འདི་ལྟར་བཤད་ན། ཕན་པ་ཡོད་སྲིད་དམ། སེམས་པ་གསོ་ཨེ་ཡོང་། གང་ལྟར། ང་ཚོ་ནམ་ཡང་མཉམ་དུ་ཡོད་བཤད་འདོད། ཞོགས་པ་དེའི་འཇིགས་པ། ཞོགས་པ་དེའི་སྡུག་བསྔལ། དེས་བཞག་པའི་ང་ཚོའི་སེམས་ཀྱི་རྨ་ཁ་ཆེན་པོ་དེ། ལོ་ཟླ་རིང་མོའི་ནང་དུ། རིམ་གྱིས་རིམ་གྱིས་སོས་དགོས། དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། རིམ་གྱིས་རིམ་གྱིས་དྲག་ཡོང་། དེས། སེམས་མ་སྡུག། ཡིད་མ་སྐྱོ་ཟེར་བའི་ཐ་སྙད་བཤད་མ་ཕོད། སེམས་ཀྱི་སྡུག་དེ་སྙིང་ཉེ་བའི་མི་ལ་བཤད། སེམས་མཐུན་པའི་གྲོགས་ལ་བཤད། སེམས་དད་པའི་དཀོན་མཆོག་ལ་ཞུ། སྐྱོ་བའི་མིག་ཆུ་གཏོང་བཞིན་བཤད། ལྷག་ལུས་མེད་པར་ཞུ། རེད་དེ། ངས་ནི་སེམས་མ་སྡུག། ཡིད་མ་སྐྱོད་ཟེར་མ་ཕོད། ང་ཚོ་ནམ་ཡང་མཉམ་དུ་ཡོད། གཏམ་དེ་ཡང་ཡང་བཤད་འདོད། གཏམ་དེ་དགུན་འཁྱགས་མོ་ནང་གི་དྲོད་ཐིག་རེ་འགྱུར་བར་སྨོན། མུན་ནག་པོའི་ཁྲོད་ཀྱི་འོད་ཐིག་རེ་འགྱུར་བར་སྨོན། སྡུག་བསྔལ་ནང་གི་རེ་བའི་ས་བོན་དུ་འགྱུར་བར་སྨོན། ང་ཡི་སྤུན་ཟླ། ང་ཡི་སྙིང་ཉེ།