༸སྐུའི་གོ་སྟོན་དང་རྒྱ་གཞུང་གི་དམ་དྲག

བོད་རྒྱལ་ལོ་༢༡༥༢ཤིང་ཕོ་སྦྲུལ་ལོ་སྟེ། ཕྱི་ལོ་༢༠༢༥ལོ་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་། སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ། དེ་བཞིན་ཞི་བདེ་དང་དྲང་བདེན་ལ་དགའ་བའི་འགྲོ་བ་ཀུན་ལ་དམིགས་བཀར་གྱི་ལོ་ཞིག་ཆགས་ཡོད་པ་དང་། དེ་ནི་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་ལོ་དུས་ཁྱད་པར་ཅན་ཞིག་ཡིན་པ་ལྟར། འཛམ་གླིང་དམངས་གཙོའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། ད་དུང་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ནས་༸སྐུའི་མཛད་འཕྲིན་ཁྱབ་སྤེལ་དང་འབྲེལ་བའི་འགྲེམས་སྟོན་དང་གློག་བརྙན་གཟིགས་འབུལ། དྲ་ཚིགས་གསར་བཟོ། ཞབས་རིམ་གསོག་སྒྲུབ། བརྟན་བཞུགས་བསྟར་འབུལ། རིན་མེད་སྨན་བཅོས་དང་དབུལ་ཕོངས་ཟས་སྦྱིན། དེ་བཞིན་སློབ་གྲྭ་ཁག་ཏུ་རིག་གཞུང་བགྲོ་གླེང་དང་མཁས་པའི་གཏམ་བཤད། སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱིས་མཚོན་པའི་ལས་རིམ་སྣ་མང་བརྒྱུད་༸སྐུའི་གོ་སྟོན་སྲུང་བརྩི་དང་༸མགོན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་ཏུ་བརྟན་པའི་སྨོན་འདུན་ཞུ་བཞིན་ཡོད་པ་རེད།

ཡིན་ནའང་རྒྱ་ནག་གཞུང་ས་གཉིས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་མ་སླེབས་པའི་ཟླ་བ་གཅིག་ལྷག་གི་སྔོན་ཚུད་ནས། བོད་ས་ཡོངས་སུ་སྔར་རྒྱུན་བཞིན་དམ་དྲག་བྱ་མགོ་བཙུགས་ཡོད་པ་དང་། དམིགས་བསལ་ལྷ་སའི་གཙུག་ལག་ཁང་གི་གཙོས་གདན་ས་གསུམ་དང། མདོ་སྨད་ཀྱི་རྗེ་སྐུ་འབུམ་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་དགོན་སྡེ་ཁག་ཏུ་ཉེན་རྟོག་མི་སྣ་དང་གསང་མྱུལ་བ་སྔར་ལས་མང་བ་འགྲེམས་འཇོག་བྱས་ཏེ། ས་གནས་གཞན་ནས་ཡོང་བའི་མཆོད་མཇལ་བ་དགོན་པའི་ནང་དུ་མི་གཏོང་བ་མ་ཟད། དགོན་པའི་ཉེ་འཁོར་ཏུ་མི་མང་འདུ་འཛོམས་སོགས་བྱ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ལ། ད་དུང་ས་ཁུལ་ཁ་ཤས་སུ་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་མི་མ་ཡིན་པའི་བོད་མི་གཞུང་ཞབས་པ་རྣམས་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྟེ། བསང་གསོལ་དང་ལབ་བསྟོད་སོགས་སྲོལ་རྒྱུན་གྱི་འདུ་འཛོམས་རིགས་ནང་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཞལ་འདེབས་སོགས་ཀྱང་ཕུལ་མི་ཆོག་པ་བཟོས་ཡོད་སྐོར་མཚན་བརྗོད་ཐབས་མེད་པའི་བོད་མི་ཞིག་ནས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་སོང།

དེ་ཡང་༸གོང་ས་༸སྐྱབས་མགོན་རིན་པོ་ཆེས་སྔ་ཕྱིའི་བཀའ་སློབ་རིམ་ཕེབས་ནང་། གཞིས་བཞུགས་བོད་མིའི་ལར་ཞེན་དང་དད་སྟོབས་ལ་ངོ་མཚར་ཆེའོ་ཞེས་བཀའ་བསྩལ་བ་ལྟར། གཞིས་བཞུགས་བོད་མི་རྣམས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་དང་སུན་བཙིར་ལ་མ་ལྟོས་པར། དངོས་ཤུགས་བརྒྱུད་གསུམ་ནས་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཆེད། ཞབས་རིམ་གསོག་སྒྲུབ་དང་སྡིག་སྤོངས་དགེ་སྒྲུབ། སྲོག་བླུ་ཚེ་ཐར། སྐད་ཡིག་དང་སྲོལ་རྒྱུན་རྒྱུན་འཛིན། ནང་ཁུལ་འཆམ་མཐུན་གྱི་དམ་འཇོག དེ་བཞིན་༸སྐུའི་གོ་སྟོན་ལ་ཞལ་འདེབས་སོགས་གནང་སྟེ། ལུས་པོ་བཙན་འོག་ཏུ་ཡོད་ཀྱང་དད་སེམས་འགྱུར་མེད་དུ་ཡོད་པ་གསལ་སྟོན་གནང་ཞིང་། ༸མགོན་པོ་མཆོག་སྐུ་ཚེ་བརྟན་ཞིང་གཞིས་བྱེས་ལྷན་འཛོམས་མགྱོགས་མྱུར་ཡོང་བའི་སྨོན་འདུན་ཡང་ཞུ་བཞིན་ཡོད་པ་རེད་འདུག

གསར་འགོད་པ། རྒྱ་སྡང་།

 

 

 

སྔོན་མ།
ཨ་རིའི་མཚན་གཞུང་གི་ཐོ་བ་དེ་ནི་འཛམ་གླིང་ནག་ཕྱོགས་ཀྱི་སྒྲིག་འཛུགས་གཏོར་བའི་ཐོ་བ་ཞིག་ཏུ་གྱུར་ཡོད་པའི་སྐོར་འགྲེལ་ཡོད་འདུག
རྗེས་མ།
འཛམ་བུ་གླིང་གི་མཁས་དགུའི་གཙུག་རྒྱན་ཏུ་གྱུར་པའི་བོད་མི་ཐོག་མ་གང་དེའི་གོ་སྟོན་དང་རྒྱ་ནག་གཞུང་གིས་ཉིན་ཉི་ཤུ་ལ་ཕྱི་ཕྱོགས་སུ་འབྲེལ་བ་སྤུ་ཙམ་ཡང་བྱ་མི་ཆོག་ཟེར་བ་དེ་ནི་ང་ཚོར་མཚོན་ན་ཉིན་ཉི་ཤུ་ལ་སྔར་ལས་ལྷག་པའི་སྨོན་ལམ་དང་གསོལ་བ་ཕུར་ཚུགས་སུ་ཐོབས་ཟེར་བ་དང་འདྲ་ཟེར།

Leave a Reply

keyboard_arrow_up