འཁྲུངས་སྐར་སྔ་རྗེས་ཀྱི་བོད་ནང་གི་དམ་དྲག་གནས་སྟངས། 

དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོ་༸གོང་ས་སྐྱབས་མགོན་ཆེན་པོའི་༸སྐུའི་འཁྲུངས་སྐར་གྱི་སྔ་རོལ་ནས་རྒྱ་གཞུང་གིས་དྲག་ཆས་དམག་མི་དང་ཉེན་རྟོགས་པ། གསང་བའི་མི་སྣ་སོགས་མང་དུ་བཏང་ནས་བོད་ཀྱི་ས་ཁུལ་ཁག་ལ་དམ་དྲག་ཤུགས་ཆེར་བྱས་ཡོད་པའི་གནས་སྟངས་དེ། འཁྲུངས་སྐར་ཚར་རྗེས་སྟེ་ཕྱི་ཟླ་བདུན་པའི་ཟླ་མཇུག་ནས་ཅུང་ལྷོད་དུ་བཏང་ཡོད་སྐོར་ཡོ་རོབ་ནས་བོད་ནང་གཉེན་འཕྲད་དུ་སོང་བའི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་ནས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་སོང་། 

ཁོང་གིས་ངོ་སྤྲོད་གནང་དོན། ༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་སྔ་ནུབ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ལ་དམ་དྲག་དང་མཆོད་མཇལ་བ་དགོན་པར་མི་གཏོང་བ་དང་། དགེ་འདུན་པ་རྣམས་ཕྱི་ལོག་ལ་མི་གཏོང་བ། རང་སྐྱོང་ཁུལ་ནས་ཁུལ་དང་། རྫོང་ཁག་སོ་སོའི་བར་ཞིབ་བཤེར་ས་ཚུགས་བཙུགས་ཏེ། འགྲོ་འོང་བྱེད་བཞིན་པའི་རླངས་འཁོར་དང་མི་སྣ་རེ་རེ་བྱས་ཏེ་བརྟག་དཔྱད་དང་ཐོ་འགོད་བྱེད་དུ་འཇུག་པ་མ་ཟད། གང་ནས་ཡོང་བ་དང་གང་དུ་འགྲོ་བ། ཅིའི་ཕྱིར་འགྲོ་བ་སོགས་འདྲི་རྩད་ཀྱིས་དམ་དྲག་སྔར་ལས་ལྷག་པ་བྱེད་བཞིན་པ་མ་ཟད། ང་རང་གཉེན་འཕྲད་དུ་སོང་སའི་གྲོང་སྡེའི་ནང་དུའང་རྒྱ་གཞུང་གི་མི་སྣ་རྩ་འཛུགས་བྱས་ཏེ། བསང་གསོལ་དང་མི་མང་འདུ་འཛོམས་རིགས་བྱ་མི་ཆོག་པའི་བཙན་བཀའ་དང་ཉིན་མཚན་དུས་དྲུག་ཏུ་ལྟ་རྟོག་བྱེད་བཞིན་ཡོད་པ་དང། དུས་སྐབས་དེར་ཐ་ན་མི་ཚང་སོ་སོའི་ནང་ཁྱིམ་དུ་གླུ་ལེན་གར་རྩེད་སོགས་ཀྱང་བྱ་མི་ཆོག་པའི་བཀག་རྒྱ་བཟོས་སོང་།

འབྲེལ་ཡོད་མི་སྣ་དེས་བརྗོད་དོན། རྒྱ་གཞུང་གི་དམ་དྲག་དང་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར། གཞིས་བཞུགས་བོད་མི་རྣམས་ནས་ཁུ་སིམ་སིམ་ངང་རང་ཁྱིམ་དུ་བསང་གསོལ་དང་རླུང་རྟའི་དར་འཛུགས། ནང་མི་མཉམ་འཛོམས་ཀྱིས་གུང་སེང་རོལ་བ་སོགས་ཐབས་ལམ་འདྲ་མིན་སྤྱད་ཏེ་འཁྲུངས་སྐར་སྲུང་བརྩི་བྱས་ཏེ། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས་བཞིན་འདུག

ཁོང་གིས་མུ་མཐུད་དུ་ངོ་སྤྲོད་གནང་བར། ང་རང་ཕ་ཡུལ་ཏུ་ཡོད་པའི་ཉིན་ཞིག། རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་སུ་ལས་ཀ་བྱེད་བཞིན་པའི་གྲོགས་པོ་ཞིག་ཆེད་དུ་ཐུག་འཕྲད་དུ་ཡོང་སྟེ། ཁོས་ང་ལ་བཤད་རྒྱུར། གོང་རིམ་ནས་བཀོད་ཁྱབ་འབྱོར་ཏེ་ཉིན་འདི་ཚོར་ས་ཁུལ་སོ་སོར་ཞིབ་བཤེེར་དང་དོ་དམ་ནན་མོ་བྱེད་དགོས་ཟེར་བས། རང་ཁྱིམ་དུ་ལྷོད་ལྷོད་བྱས་ནས་འདུག་རོགས། སྤྱིར་ཁྱོད་ལ་ཕྱི་རྒྱལ་གྱི་ལག་ཁྱེར་ཡོད་པས། དམིགས་བསལ་ཅི་ཡང་བྱ་ཐབས་མེད་ཀྱང་། ཕ་མ་སྤུན་མཆེད་སོགས་ལ་མ་འོངས་པར་དཀའ་ངལ་འཕྲད་སྲིད་ཀྱི་རེད་ཅེས་སེམས་གཏམ་ཡིན་ཁུལ་གྱིས་འཇིགས་སྐུལ་བྱས་སོང་། 

ཤེས་རྟོགས་བྱུང་བར། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་། ཕྱི་སྡོད་བོད་རིགས་སྤུན་ཟླའི་འབྲེལ་མཐུད་ལས་ཁུངས་ཟེར་བ་སོགས་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་མཁན་བོད་མི་ཚང་མར། མ་འོངས་པར་མུ་མཐུད་བོད་ནང་ཡོང་ཐུབ་པའི་ཆེད། རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་དང་བཀའ་གསུང་དང་ལེན་ཞུ་དགོས་པ་དང་། སོ་སོའི་འགྲོ་འདུག་སྤྱོད་གསུམ་དང་ལྷག་པར་ཕྱི་ལོག་གི་གནས་ཚུལ་རིགས་ལབ་གླེང་མི་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་གོ་སྐོན་སློབ་གསོ་གཏོང་བཞིན་ཡོད་པ་མ་ཟད། ཁོ་བོ་ཅག་བརྒྱུད་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་གནད་ཡོད་མི་སྣ་དག་གི་གནས་སྟངས་རྒྱུས་ལོན་བྱ་ཐབས་དང་། དེ་དག་གིས་ལས་དོན་ཅི་ཞིག་སྒྲུབ་ཀྱིན་ཡོད་པ་སོགས་འདྲི་རྩད་ཀྱང་བྱ་བཞིན་ཡོད་པ་རེད་འདུག

གསར་འགོད་པ། རྒྱ་སྡང་།

སྔོན་མ།
གུ་ཤྲཱི་ཁཱང་གིས་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་ཚུན་ལྔ་པ་ཆེན་པོའི་ལྷ་འབངས་སུ་ཕུལ་ཡོད་པའི་སྐོར་ལ་དྲི་བ་དྲིས་ལན།
རྗེས་མ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་སུ་དམིགས་བསལ་བཅར་འདྲི། དང་པོ།

Leave a Reply

keyboard_arrow_up