— གློག་ཞགས།
དར་མ་འུ་དམ་བཙན་པོའི་མཚན་གྱི་རྣམ་གྲངས།
ཏུང་ཧོང་ཡིག་རྙིང་དུ་ལྷ་སྲས་དར་མའམ་འུ་ཝུའྀ་དུམ་བརྟན། འུ་འྀ་དུན་བརྟན། རྦ་བཞེད་ཞབས་བདེགས་མ་དང་འབྲུག་པའི་ཆོས་འབྱུང་། ཉང་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་དང་ཆོས་འབྱུང་དཔག་བསམ་ལྗོན་བཟང་། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་སུ་གླང་དར་མ་འུ་དམ་བཙན། ལྡེའུ་ཆོས་འབྱུང་རྒྱས་པ་དང་ཇོ་སྲས་ལྡེའུ་ལས་སེང་གེའི་མགོ་ཅན་གླང་དར་མ། ལ་དྭགས་རྒྱལ་རབས་སོགས་སུ་དར་མ་དབྱིག་དུར་བཙན། མཁས་པའི་དགའ་སྟོན་དང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་སོགས་སུ་ཨུ་དུམ་བཙན། སྲིད་པ་རྒྱུད་ཀྱི་ཁ་བྱང་དང་ལེགས་བཤད་རིན་པོ་ཆེའི་མཛོད་སོགས་སུ་དར་མ་སྤྲེའུ་མགོ ཡར་ཀླུང་ཆོས་འབྱུང་དང་དེབ་དམར། དེབ་སྔོན། རྒྱ་བོད་ཡིག་ཚངས་ཆེན་མོ་སོགས་སུ་གླང་དར་མའམ་དར་མ། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས་དར་མ་ཁྲི་འུ་དུམ་བཙན། རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ལས་བེའུ་དར་མ་སོགས་བཀོད་ཡོད།
འཁྲུངས་ལོ།
ལུག་གི་ལོ་ལ་འཁྲུངས་པར་ཕལ་ཆེར་མཐུན་མོད་ལོ་དང་ཁམས་ཀྱི་དབང་གིས་ཤིང་ལུགས་དང་ཆུ་མོ་ལུགས་བཅས་གཉིས་སུ་གྱུར་ཡོད་པ་སྟེ། སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་དང་ལྡེའུ་ཆོས་འབྱུང་རྒྱས་བསྡུས་གཉིས། སྦ་བཞེད་ཞབས་བདེགས་མ། ཀློང་ཆེན་ཆོས་འབྱུང་། ལ་དྭགས་རྒྱལ་རབས། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན། ཀ་ཐོག་ཆོས་འབྱུང་སོགས་ལས་དངོས་ཤུགས་གཉིས་སུ་ཤིང་ལུག་གམ་སྤྱི་ལོ་༨༡༥བར་འཁྲུངས་པར་བཞེད།རྒྱ་བོད་ཡིག་ཚངས་ཆེན་མོ་དང་ཆོས་འབྱུང་མཁས་པའི་དགའ་སྟོན། ཡར་ལུང་ཆོས་འབྱུང་སོགས་སུ་ཆུ་མོ་ལུག་གམ་སྤྱི་ལོ་༨༠༣ལ་འཁྲུངས་པར་བཞེད།
འདས་ལོས་བསྐྱེད་པའི་ཡིག་ཚང་གི་འགལ་འདུ་དང་བཀའ་མ་ལོག
འདས་ལོ་ལ་ལྕགས་བྱ་དང་ཆུ་ཁྱི། ཆུ་ཕག ཤིང་བྱ། མེ་སྟག་བཅས་བཞེད་ཚུལ་མི་མཐུན་པ་སྟེ། དེབ་སྔོན་དང་དེབ་དམར། རྒྱལ་རབས་འཕྲུལ་གྱི་ལྡེ་མིག ཆོས་འབྱུང་དཔག་བསམ་ལྗོན་བཟང་སོགས་སུ་ལྕགས་བྱའམ་སྤྱི་ལོ་༨༤༡པར་བཞེད་པ་དང་། ས་ཆེན་གྲགས་པ་རྒྱལ་མཚན་གྱི་རྒྱལ་རབས་དང་བསྟན་རྩིས་གསལ་བའི་ཉིན་བྱེད་སོགས་སུ་ཆུ་ཁྱི་སྟེ་སྤྱི་ལོ་༨༤༢ལ་བཞེད་པ། ཆོས་འབྱུང་མེ་ཏོག་སྙིང་བོ་སྤྲང་རྩིའི་བཅུད་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་བཅས་སུ་ཆུ་ཕག་གམ་སྤྱི་ལོ་༨༤༣པར་བཞེད་པ། བུ་སྟོན་ཆོས་འབྱུང་དུ་ཤིང་བྱིའམ་སྤྱི་ལོ་༨༤༤བར་བཞེད་པ། ལྡེའུ་ཆོས་འབྱུང་རྒྱས་པ་དང་རྒྱ་བོད་ཡིག་ཚངས་ཆེན་མོ། ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱལ་རབས་གསལ་བའི་མེ་ལོང་སོགས་སུ་མེ་སྟག་གམ་སྤྱི་ལོ་༨༤༦པར་བཞེད་པ་བཅས་སོ།
འདིར་བརྗོད་པར་བྱ་བ་ནི་ཧན་གྱི་སུང་རྒྱལ་རབས་སྐབས་སུ་བྲིས་པའི་སྲིད་སྐྱོང་མེ་ལོང་(资治通鉴)ལས། སྤྱི་ལོ་༩༠༦ལོའི་དཔྱིད་ཟླ་དང་པོའམ་ཧོར་ཐང་གུར་གྱི་རྒྱལ་རབས(ཐང་རྒྱལ་རབས་ནི་ཧན་གྱི་རྒྱལ་རབས་ཤིག་ལ་ངོས་འཛིན་ཐབས་མི་འདུག)་མ་འཐོར་བའི་ལོ་གཅིག་གི་སྔོན་ཙམ་ལའང་བོད་བཙན་པོའི་རྟ་དམག་བདུན་སྟོང་ལྷག་གི་རུ་དཔུང་ལེང་ཅུའི་ཙུང་གོ་ཀོའུ་ལ་བབས་ནས་བཱ་མའོ་ལ་རྒོལ་བར་བྱས་ཏེ་ལེང་ཅུ་ལེན་རྒྱུའི་གྲབས་བཤམས་ཞེས་པ་ལས། ལེང་ཅུའི་ཙུང་གོ་ཀོའུ(宗高谷)་ཟེར་དེ་ནི་ཏུང་ཧོང་ཡིག་རྙིང་དུ་མཁར་ཙན་ནམ་མཁར་བཙན་བ་མགོ་ཞེས་པ་དེའི་འབོད་སྟངས་ཤིག་ཡིན་ནམ་ཡིག་རྙིང་དུ་ཐོན་བཞིན་པའི་འགྀ་ལོག་སྒང་ཟེར་བ་དེའི་གང་རུང་ཡིན་མིན་ལ་དཔྱད་དགོས་མོད། བཱ་མའོ(嗢wa末,溫末)ཟེར་བ་དེ་ནི་རྒྱའི་ཡིག་ཚངས་ལྟར་ན་བོད་བཙན་པོའི་དམག་གིས་མཐའ་བཞི་དབང་དུ་བསྡུ་བཞིན་པའི་སྐབས་སུ། ཏུང་ཧོང་ཡིག་རྙིང་ལས་ཐོན་བཞིན་པའི་ཀམ་ཅུ (甘州)དང་སུག་ཅུ(肃州) ཀྭ་ཅུ(瓜州) ཤ་ཅུ(沙州) ཧི་ཅུ(河州) མཁར་ཏེའུ་ཅུ(叠州)གོག་ཅུ(廓州)སོགས་སུ་མངགས་པའི་བོད་དམག་ཡིན་པའི་སྐོར་བཀོད་ཡོད་སྟབས་བཱ་མའོ་ཞེས་པ་ནི་བོད་དམག་གི་སྒྲ་སོར་འཇོག་བྱས་པ་ཞིག་ཡིན་པར་གསལ་འདུག་ལ། རྗེས་སུ་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་པ་དང་བསྟུན་ནས་མཐའ་མཚམས་སུ་ལྷག་ཅིང་། རིམ་བཞིན་ཧན་གྱི་རིག་གནས་ཀྱིས་ཤན་ཞུགས་བཞིན་པ་དག་ལས་སྐོར་ཞིག་གིས་ལེང་ཅུར་ས་བཟུང་ནས་ཡུལ་དེའི་ས་འཛིན་གྱི་གཞི་མ་ལྡོང་དང་འ་ཞ། ཞང་ཞུང་དང་སུམ་པ། གཞན་དྲུ་གུ་ཡང་འདུས་པའི་རང་རྐྱ་བའི་སྟོབས་ཤུགས་སུ་གྱུར་ཏེ། སྤྱི་ལོ་༨༦༢ཙམ་ལ་ཧོར་ཐང་གུར་དང་ཡང་འབྲེལ་ལམ་བཟུང་མཐར། སྤྱི་ལོ་༨༧༡ནས་ཐང་གུར་ལ་ལེང་ཅུར་ཇུས་གཏོགས་བྱ་དབང་མེད་པར་གྱུར་འདུག་པ་མ་ཟད། སྤྱིར་བོད་བཙན་པོས་བཀའ་ལྟར་ཕྱིར་ལོག་མ་བྱས་པར་མཐའ་མཚམས་སུ་ཡུན་རིང་ལྷག་པའི་བོད་དམག་གཤའ་མ་ཡིན་ནའང་། རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་ལས་བོད་བཙན་པོའི་བཀའ་ལའང་མི་འདུ་བའི་ཚོགས་སྡེ་ཞིག་ཏུ་གྱུར་ཅིང་། ཚོགས་སྡེ་དེར་རྒྱའི་ཡིག་ཚང་དུ་ཐུ་བྷོད་ཀྱི་དམག་དཔུང་ཕྱིར་འཐེན་མ་བྱས་པའི་བོད་དམག་ལ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། ང་ཚོ་བོད་ཀྱི་ཡིག་ཚང་དུ་བཙན་པོའི་བཀའ་ལྟར་ཕྱིར་མ་ལོག་པར་བསྡད་པའི་བོད་དམག་དག་རྗེས་སུ་བཙན་པོའི་བཀའ་ཡང་མི་རྩི་བར་གྱུར་པའི་དབང་གིས་བཙན་པོའི་དམག་དཔུང་གིས་རང་གི་བོད་དམག་ལ་རྒོལ་དགོས་བྱུང་བ་ཞིག་ཡིན་པར་མངོན་ལ། རྒྱའི་ཡིག་ཚང་ལྟར་ན་སྤྱི་ལོ་༩༠༧ཙམ་ནས་སྤྱི་ལོ་༩༦༠ཙམ་གྱི་བར་དུ་བཀའ་མ་ལོག་གི་བོད་དམག་དང་ལེང་ཅུའི་དཔའ་རིས་ལུང་དྲུག་(凉州六谷部)གཉིས་མཉམ་འབྲེལ་གྱིས་ལེང་ཅུར་དབང་བསྒྱུར་ཡོད་འདུག ཡིན་ནའང་བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་བོ་མཐའ་མ་དར་མ་འུ་དམ་བཙན་པོ་བཀྲོངས་ཏེ་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་ནས་མི་ལོ་དྲུག་ཅུ་ལྷག་གམ་མི་རབས་གཅིག་ཙམ་གྱི་རྗེས་སུའང་བོད་བཙན་པོའི་དམག་གི་དཔུང་ཆེན་པོས་ལེང་ཅུར་རྒོལ་བཞིན་པའི་དངོས་དོན་འདི་ཇི་ལྟར་འགྲེལ་ལམ། ཡང་ན་མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས་མཛད་པའི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་དུ་མེ་སྟག་གམ་སྤྱི་ལོ་༩༠༦ལོར་གླང་དར་འདས་ཞེས་པར་སྦྱར་བ་ཡིན་ན་སྲིད་སྐྱོང་མེ་ལོང་དུ་བཙན་པོས་བཱ་མའོ་ལའམ་བོད་དམག་ལ་དམག་དྲངས་པའི་ལོ་དེ་ནི་བཙན་པོའི་རྒྱལ་པོ་མཐའ་མ་འུ་དམ་བཙན་པོ་འདས་པའི་ལོ་དང་ཁེལ་འདུག་པས་འགྲེལ་བདེ་བ་ཞིག་ཡོད་མོད། དེ་ལྟར་ལགས་ན་བཙན་པོ་རང་གི་གཅེན་གཅུང་གི་འདས་ལོ་དང་བཙན་པོའི་རྒྱལ་བོ་དག་གི་འཁྲུངས་འདས་ཀྱང་ཡིག་ཚང་ཚད་ལྡན་དག་ལ་གཞི་འཛིན་ཡུལ་མེད་པ་ལྟ་བུ་ཞིག་ཏུ་གྱུར་པ་མ་རེད་དམ། དཔྱད་དོ།།