༄༅། །མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ།

ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཟེར་པའི་རྒྱལ་སྤྱིའི་སྒྲིག་འཛུགས་འདིའི་ངོ་བོ་དང་དམིགས་བཀར་གྱི་འོས་འགན་གང་ཡིན་དང་། ལས་ཁུངས་གཙོ་བོ་གང་དག་ཡིན་མིན་ཐད་གོ་རྟོགས་རགས་རིམ་ཙམ་སེམས་ནང་ཡོད་དགོས།
དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱུང་རབས་མདོར་ཙམ་ངོ་སྤྲོད་ཞུ་ན། ཕྱི་ལོ་ ༡༩༤༥ ཟླ་ ༦ ཚེས་ ༢༦ ཉིན་ཨ་རིའི་ནུབ་ཕྱོགས་སུ་ཆགས་པས་གྲོང་ཁྱེར་སན་ཧྥི་རན་སེའུ་ཁོར་དུ། མཉམ་འབྲེལ་རྒྱལ་ཚོགས་ཐོག་མ་དབུ་བརྙེས་མཁན་གྱི་རྒྱལ་ཁབ་ལྔ་བཅུ་ང་གཅིག་གི་ངོས་ནས་ (UN Charter) རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལ་མཚན་རྟགས་བཀོད་ཟིན་པའི་སྒོ་ནས་རྒྱལ་སྤྱིའི་ཁྲིམས་ཡིག་དེ་དང་ཐོག་གཏན་འབེབས་བྱུང་།
ཕྱི་ལོ་ ༡༩༤༥ ཟླ་ ༡༠ ཚེས་ ༢༤ ཉིན་ནས་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱ་འགོ་བཙུགས་ཡོད།

རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱི་གྲངས་འབོར་རིམ་བཞིན་འཕེལ་ནས་ད་ལྟའི་ཆར་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གྲངས་ ༡༩༣ ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་འདི་ཚོགས་མིའི་རྒྱལ་ཁབ་ཁྲོད་ཕན་ཚུན་བསམ་ཚུལ་དང་ལྟ་ཚུལ་བརྗེ་ལེན་བྱ་སའི་གླེང་སྟེགས་སམ་བགྲོ་གླེང་གི་སྡིངས་ཆ་ཆེས་ཤོས་དེ་ཆགས་ཡོད། དཔེར་ན་ལོ་ལྟར་ཕྱི་ཟླ་ ༩ ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་ལྟ་བུ་དང་། ཡང་ན་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལྟ་བུ། རྒྱལ་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་སྐབས་སུ་ཚོགས་ཞུགས་རྒྱལ་ཁབ་ཚོ་ངོས་ནས་ཚོགས་འདུ་ཆེ་མ་ཆུང་གསུམ་གྱི་གླེང་གཞི་གནད་དོན་གང་ཡིན་ཐོག་སྐབས་འབབ་ཀྱི་སོ་སོའི་ལྟ་ཚུལ་གང་ཡིན་གསུང་ཆོག་པ་མ་ཟད་བགྲོ་གླེང་ཡང་ལྷུག་པོར་བྱ་ཆོག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་དང་གཉིས་པ་གཉིས་ཀྱི་ནང་མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་འཛུགས་དོན་གྱི་དགོས་དོན་དང་རྩ་དོན་གཙོ་བོ་ཁག་ཅིག་བཀོད་ཡོད།

  • འཛམ་གླིང་ནང་ཞི་བདེ་དང་བདེ་འཇགས་རྒྱུན་སྲིང་བྱ་དགོས། གོ་མཚོན་བེད་སྤྱོད་ཀྱིས་འཁྲུག་རྩོད་རིགས་བཀག་འགོག་བྱ་དགོས།

  • བདག་དབང་འདྲ་མཉམ། རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚོས་ཕན་ཚུན་སོ་སོའི་བདག་དབང་འདྲ་མཚུངས་ཀྱིས་རྩིས་བཀུར་བྱ་དགོས།

  • སྤྱིའི་ཆ་ནས་དམག་དཔུང་བེད་སྤྱོད་བཀག་སྡོམ།

  • མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཐག་གཅོད་དམ་ཡང་ན་ཁྲིམས་མཐུན་བདག་སྲུང་གི་སྐབས་སུ་མ་གཏོགས་གཞན་གང་བྱུང་དྲག་པོའི་དམག་དཔུང་བེད་སྤྱོད་ལ་ངོས་ལེན་མི་བྱེད།

  • དབྱེ་འབྱེད་མེད་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ཁག་ཁྱབ་སྤེལ་དང་རྩིས་སྲུང་བྱ་དགོས།

  • མཉམ་སྦྲེལ་ ( coopération)།

  • རྒྱལ་སྤྱི་ནང་ཕན་ཚུན་རོགས་སྐྱོར་འོག་སྤྱི་ཚོགས། དཔལ་འབྱོར། རིག་གཞུང་ངམ་ལེགས་བྱང་། མི་ཆོས་རོགས་རམ་བཅས་ཐོག་འབྲེལ་ཡོད་ཚང་མས་མཉམ་སྦྲེལ་བྱ་དགོས།

  • རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་གསལ་བའི་དགོས་དོན་དང་རྩ་དོན་དག་ལེགས་པར་འགྲུབ་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཙུགས་བཞག་པའི་ལས་ཁུངས་གཙོ་བོ་ཁག་ཅིག་གཤམ་གསལ་ལྟར། ་

  • རྒྱལ་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན། ཚོགས་མིའི་རྒྱལ་ཁབ་སོ་སོའི་སྐུ་ཚབ་རྣམ་པའི་གཏམ་བཤད། བགྲོ་གླེང་། མཐའ་མར་བསྒྲགས་གཏམ་གྱི་རིན་ཐང་ལས་མ་བརྒལ་བའི་གྲོས་ཆོདའཇོག་པ་སྟེ།

  • བདེ་འཇགས་ལྷན་ཚོགས། འཛམ་གླིང་ནང་ཞི་བདེ་དང་བདེ་འཇགས་བཅས་རྒྱུན་སྲིང་གི་གནད་དོན་ཐོག་ལག་ལེན་གྱི་ནུས་སྟོབས་ལྡན་པའི་གྲོས་ཆོད་བཞག་དང་འཇོག་བཞིན་ཡོད། འོན་ཀྱང་བདེ་འཇགས་ལྷན་ཚོགས་ཀྱི་གྲོས་ཆོད་གང་བཞག་ཀྱང་ཚང་མ་སྤྱི་མོས་སྒོ་ནས་ཐག་གཅོད་བྱ་དགོས། བདེ་འཇགས་ལྷན་ཚོགས་ནང་གཏན་འཇགས་ཚོགས་མིའི་རྒྱལ་ཁབ་ལྔ་མ་གཏོགས་མེད། བདེ་འཇགས་ལྷན་ཚོགས་ཀྱི་གྲོས་ཆོད་གྲོས་འཆར་གང་ཞིག་ལ་གཏན་འཇགས་ཚོགས་མིའི་རྒྱལ་ཁབ་གང་རུང་གི་སྐུ་ཚབ་ཀྱིས་( Veto-Power) འགག་བཞག་དབང་ཚད་བེད་སྤྱོད་བཏང་ན་ལས་དོན་རང་བཞིན་འགག་འགྲོ་གིན་ཡོད།

  • རྒྱལ་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལས་ཁུངས། ལས་དོན་གཙོ་བོ་སྤྱི་ཚོགས་དང་དཔལ་འབྱོར་དང་འབྲེལ་བའི་ལས་འཆར་ཐོག་མཉམ་སྦྲེལ་བྱ་དགོས།

  • དྲང་བདེན་གྱི་རྒྱལ་སྤྱིའི་ཁྲིམས་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྩ་འཛུགས་བྱས་པའི་( ICJ) ཁྲིམས་ལུགས་དབང་འཛིན་པ་གཙོ་བོ་དང་མཐོ་ཤོས་དེ་ཡིན།

  • བང་རིམ་གྱི་མཐའ་མར་མཉམ་འབྲེལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་ཁོང་གི་ཉིན་རེར་འཛིན་སྐྱོང་གི་ལས་དོན་སྒྲུབ་སའི་དྲུང་ཡིག་ལས་ཁུངས་ཅིག་ཡོད།

སྐབས་སུ་འབབ་པའི་བརྗོད་བྱ་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་”ཟུར་ཉན་ཚོགས་མིའི་གནས་བབ”་ཞེས་པའི་ཚིག་དྲུག་གི་ཁྲོད་ནས་མཐའ་མ་གཉིས་པོ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། གནས་བབ་ནི་ཁྲིམས་ལུགས་སུ་ཡང་ཡང་བེད་སྤྱོད་བྱེད་བཞིན་བརྡ་ཆད་ཅིག་ཡིན་སྟབས། ཁྲིམས་ཐོག་ནས་སྔོན་ཚུད་ནས་གཏན་འབེབས་ཡོད་པའི་ཐོབ་ཐང་དང་ཁེ་དབང་བཅས་ལ་གོ་དགོས།

༡ མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་”ཟུར་ཉན་ཚོགས་མིའི་གནས་བབ”་ཀྱི་སྐོར་དམིགས་བསལ་ཅི་ཡང་སྨོས་མེད། ཟུར་ཉན་ཚོགས་མིའི་གནས་བབ་ཟེར་དུས་ན་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་མིན་པ་ཞིག་ཡིན་དགོས།
དང་ཐོག་ཟུར་ཉན་ཚོགས་མིའི་འབྱུང་གནས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལག་བསྟར་གྱི་ལམ་སྲོལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག རྒྱལ་ཚོགས་ཀྱི་ལམ་དང་ལུགས་སྲོལ་ལ་ཡང་ཁྲིམས་ཀྱི་ནུས་པ་དང་རིན་ཐང་བཅས་ཡོད་པ་གསལ་བོར་མངོན་ཐུབ།
༢ ཟུར་ཉན་ཚོགས་མི་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཆེ་མ་ཆུང་གསུམ་གྱི་ནང་ཚོགས་ཞུགས་ཀྱི་ཐོབ་ཐང་ཡོད་མོད་ཀྱང་ཐག་གཅོད་དང་འོས་འཕེན་བཅས་ཀྱི་ཐོང་ཐང་མེད།
༣ འོན་ཀྱང་ཟུར་ཉན་ཚོགས་མི་ཚོར་རྒྱལ་ཚོགས་ཀྱིས་སྒྲུབ་བཞིན་པའི་ལས་དོན་ཚང་མ་ཐོག་ལ་་ « droit de regard »ལྟ་སྐུལ་བྱ་རྒྱུའི་ཐོབ་ཐང་ཡོད།
༤ མཚམས་རེར་རྒྱལ་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དགོངས་དོན་ལྟར་བགྲོ་གླེང་ཚོགས་འདུ་ཁ་ཤས་ནང་དུ་དུས་ཚོད་ཚད་བཀག་གིས་ཆ་ཤས་ལེན་རྒྱུ་དང་བཀའ་མོལ་གནང་རྒྱུའི་ཐོབ་ཐང་ཡོད།
༥ ཟུར་ཉན་ཚོགས་མི་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་གྱི་སྙན་ཐོ་ཁག་དང་གཞུང་འབྲེལ་ཡིག་ཆ་ཁག་ཚང་མར་གཟིགས་ཞིབ་དང་ངོས་བཤོས་ཚར་རེར་ཟུར་ཉན་ཚོགས་མི་ཚོའི་ལག་ཏུ་ངེས་སོན་བྱ་རྒྱུའི་ཐོབ་ཐང་ཡོད།
༦ རྒྱལ་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་འཚོགས་སའི་ཚོགས་ཁང་ནང་དུ་ཁྲིམས་སྒྲིག་ལྟར་སྔོན་ཚུད་ནས་གཏན་འབེབས་ཡོད་པའི་གདན་ཐོབ་ཀྱིས་ཞབས་སྟེགས་ཅིག་ཡོད་དགོས།
ཟུར་ཉན་ཚོགས་མི་ཚོར་ཚད་བཀག
* རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་གྲོས་ཆོད་འཇོག་སྐབས་དང་ཐག་གཅོད་བྱེད་དུས་ཟུར་ཉན་ཚོགས་མི་ཚོར་འོས་འཕེན་གྱི་ཁེ་དབང་མེད།

  • དམིགས་བསལ་ཡུ་རོབ་མནའ་སྦྲེལ་ཚོགས་པ་མ་གཏོགས་ཟུར་ཉན་ཚོགས་མི་ཚོར་གྲོས་ཆོད་གྲོས་འཆར་གང་ཞིག་གྲོས་འགོ་འདོན་རྒྱུ་དང་གྲོས་ཆོད་གྲོས་འཆར་ལ་མཚན་རྟགས་འགོད་རྒྱུའི་དབང་ཆ་མེད།

  • ཟུར་ཉན་ཚོགས་མི་ཚོར་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་ལྷན་ཚོགས་ཀྱི་འགོ་འཁྲིད་འོས་གཞིར་ལངས་མི་ཆོག

  • འོ་ན་ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་བཞེས་ཡོད་པའི་གཏན་འཇགས་ཀྱི་ཟུར་ཉན་ཚོགས་མིའི་རྒྱལ་ཁབ་དང་སྒྲིག་འཛུགས་ཇི་ཙམ་ཡོད་དམ།

  • རྒྱལ་ཁབ་ཆ་ནས་བཤད་ན་གཉིས་ཡོད། ཕྱི་ལོ་ ༡༩༦༤ ལོ་ནས་བཟུང་The State of Vatican ཝ་ཊེ་ཀན་ཟུར་ཉན་ཚོགས་མི་རྒྱལ་ཁབ་དང་པོ་དེ་ཆགས། རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ཏུ་ཨི་ཊ་ལེའི་རྒྱལ་ས་རཱོམ་ལ་ཡོད་པའི་རོ་མཱན་ཁ་ཐོ་ལེ་གུའི་ཡི་ཤཱུའི་ཆོས་པ་སྒྲིག་འཛུགས་དེ་སྲིད་གཞུང་ཞིག་གནས་བབ་ལ་ངོས་འཛིན་ཡོད།

  • ཕྱི་ལོ་ ༢༠༡༢ ནས་བཟུང་ The State of Palestine པཱ་ལེ་སུ་ཊན་གྱི་གཞུང་ནི་ཟུར་ཉན་ཚོགས་མིའི་རྒྱལ་ཁབ་གཉིས་པ་ཆགས་ཡོད། ཕྱི་ལོ་ ༢༠༡༤ ནས་བཟུང་པཱ་ལེ་སུ་ཊན་གྱི་སྐུ་ཚབ་རིམ་བཞིན་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་ཆ་ཤས་ལེན་རྒྱུ་གོ་སྐབས་དང་ཐོབ་ཐང་ཆེ་རུ་སོང་ཡོད་འདུག

  • རྒྱལ་ཚོགས་ཀྱིས་གཞུང་དུ་མའི་ལྷན་དུ་བཙུགས་པའི་སྒྲིག་འཛུགས་ཡུ་རོབ་མནའ་འབྲེལ་ཚོགས་པ་(European Union) དང་ཡང་ན་ཨ་ཧྥེ་རི་གའི་མནའ་འབྲེལ་ཚོགས་པ་(African Union) བཅས་ལ་ཟུར་ཉན་ཚོགས་མིའི་གནས་བབ་ཐོབ་ཡོད།

  • གཞུང་ཁོངས་མིན་པའི་ཚོགས་སྡེ་དཔེར་ན་སུད་སིའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་(CICR) ཚོགས་པ་ལྟ་བུར་ཟུར་ཉན་ཚོགས་མི་ཁོངས་སུ་ཚུད།

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ་གསར་བ་ངོས་ལེན་བྱ་རྒྱུའི་སྐུ་དབང་སུ་ལ་ཡོད་དམ།
UN General Assembly རྒྱལ་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་འཚོགས་སྐབས་སུ་གྲོས་ཆོད་བཞག་ཏེ་ཟུར་ཉན་ཚོགས་མི་གསར་བ་ངོས་བཞེས་གནང་སྲོལ་ཡོད་པ་ཡིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་ཚོགས་ཆེན་གྱི་མཛད་རིམ་རགས་ཟིན་ནང་གནད་དོན་གསར་བ་གང་འཇུག་མིན་ཐད་སྐུ་དབང་ཆ་ཚང་ཡོད་འདུག

མཇུག་སྡུད་ཀྱི་གཏམ།

དབུས་བོད་མིའི་སྒྲིག་འཛུགས་ལ་མཉམ་འབྲེལ་རྒྱལ་ཚོགས་ནང་”ཟུར་ཉན་ཚོགས་མིའི་གནས་བབ”་ཐོབ་ན་ཕན་ཐོགས་གང་ཡོད་དམ། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་སྲུང་ལམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུ་འཁྲིད་རྣམ་པར་ཐད་ཀར་འབྲེལ་བ་བྱ་ཐུབ་རྒྱུ་དང་ཚོགས་མིའི་རྒྱལ་ཁབ་ ༡༩༣ གྱི་སྐུ་ཚབ་ཚོར་སྐབས་དང་དུས་སུ་བོད་དོན་ཞུ་གཏུག་ཐད་ཀར་བྱ་ཐུབ་རྒྱུ་ཡིན་པ་དང་། ཟུར་ཉན་ཚོགས་མི་ཞིག་ཡིན་པའི་ཆ་ནས་ ( Tibet’s International Visibility) རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ཀྱི་མཐོང་ཆའི་ནུས་པ་གོང་འཕེལ་ཡོང་བར་གདོན་མི་ཟའོ། གོ་སྐབས་འདིས་བརྒྱུད་ནས་བོད་དོན་ཞུ་གཏུག་གི་ལས་དོན་ཡོངས་ལ་དོན་འབྲས་མི་དམན་པ་ཞིག་སོན་ངེས་ཡིན་སྙམ།།

 

 

 

སྔོན་མ།
ལྕགས་མོའི་སྨྱན་སྦྱོར། སུམ་ཅུ་སོ་གཅིག་པ།

Leave a Reply

keyboard_arrow_up