ལྡོང་ཕྱིང་གུར་བ་རྒྱལ་ལོ།
གླེང་སློང་བ།
འདས་བྱས་གང་ཞིག་དེ་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་སྐྱེ་འགག་གི་རྒྱུན་ལས་མ་འདུས་ཤིང་། གང་ཟག་གི་ལུས་ངག་ཡིད་གསུམ་ཀྱི་བྱེད་ལས་ལ་བརྟེན་ནས་འཕོ་འགྱུར་སྣ་ཚོགས་བྱུང་དང་འབྱུང་བཞིན་པའི་སྤྱི་ཚོགས་འཕོ་འགྱུར་ཞེས་པ་འདིར། འཕོ་འགྱུར་གྱི་ཁ་ཕྱོགས་རང་ལག་ཏུ་ཟིན་མ་ཟིན་དང་ཟིན་མི་ཟིན་གྱི་དབང་གིས་སྤྱི་ཚོགས་ཀྱི་ཡར་རྒྱས་དང་དར་རྒུད་ལ་ཁྱད་པར་ཆེན་པོ་བྱུང་ཞིང་། འཕོ་འགྱུར་གང་རུང་དེ་སྤྱི་ཚོགས་ཀྱི་བྱེད་པོ་སྟེ་གང་ཟག་མི་ཡི་ལག་ལེན་གང་བྱེད་པ་དེར་རག་ལས་པས། ལག་ལེན་ཐམས་ཅད་ལག་ལེན་གྱི་འདུ་ཤེས་ལ་བརྟེན་ནས་སྒོ་གསུམ་ལས་སུ་བསྟར་ཏེ་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་ལམ་ཆགས་ཤིང་འཕོ་འགྱུར་བྱུང་དང་འབྱུང་བཞིན་པའི་ནང་། འདོད་ཐོག་ཏུ་འགྲོ་བཞིན་པའི་སྤྱི་ཚོགས་འཕོ་འགྱུར་དང་ཆུ་ངན་ལམ་ཤོར་ཏུ་འགྲོ་བཞིན་པ་ལྟ་བུའི་སྤྱི་ཚོགས་འཕོ་འགྱུར་སོགས་འདྲ་མིན་ཐ་དད་པ་མང་པོ་མིག་མཐོང་ལག་ཟིན་ཏུ་གདའ་བའི་ནང་། རང་རེའི་གངས་ཅན་པའི་སྤྱི་ཚོགས་འཕོ་འགྱུར་ནང་དད་པའི་སྟོབས་ཤུགས་ཀྱིས་ས་གལ་ཆེན་ཟིན་མྱོང་ལ། ད་ལྟའང་དམངས་གཙོ་དང་། སྲིད་ལུགས། རིག་གནས་དཔྱོད་འཇུག ཆོས་ལུགས་དད་པ། ཚན་རིག་རྗེས་འབྲིང་། སྤྱི་ཚོགས་འཕེལ་ཕྱོགས་བཅས་ཀྱི་ཁྲོད་གོ་ས་གལ་གནད་ཅན་བཟུང་འདུག་པའི་གནས་ཚུལ་དེ་དག་ལྐོག་གྱུར་ཞིག་མ་ཡིན་པར་ཉི་མ་ཤར་ཤར་ཏུ་གདའ།
རང་རེའི་གངས་ཅན་པའི་སྤྱི་ཚོགས་ཡར་རྒྱས་དང་འཕོ་འགྱུར་ཕྱིན་སྟངས་དང་འགྲོ་སྟངས་ལ་རིགས་ཐ་དད་སྣ་ཚོགས་བྱུང་བའི་རྒྱུ་དང་རྐྱེན་ལས། དད་པ་ཞེས་པ་གལ་གནད་དུ་ཆགས་འདུག་པས། རྩོམ་འདིར་དད་པ་དང་སྤྱི་ཚོགས་འཕོ་འགྱུར་བར་གྱི་འབྲེལ་བ་ཆེད་དམིགས་ཀྱིས་བརྗོད་བྱར་བཟུང་སྟེ་དཔྱད་ན་བསམ། པཎ་ཆེན་སྐུ་ཕྲིང་བཅུ་བ་མཆོག་གིས། དགོན་པ་མེད་ན་བཏབ་ཆོག་ལ། ལྷ་སྐུ་མེད་ན་བཞེང་ཆོག དཔེ་ཆ་མེད་ན་དཔར་ཆོག འོན་ཀྱང་། དམངས་ཚོགས་ཀྱི་དད་པ་ཉམས་ཚར་དུས་ཡོད་ཚད་མཇུག་རྫོགས་པ་རེད། ཅེས་གསུངས་ཤིང་། རང་རེའི་སྲོལ་རྒྱུན་ཤེས་བྱའི་རྣམ་གྲངས་སུ་དད་པ་ལ་ཡུལ་གསུམ་དང་རིགས་གསུམ་དུ་འགྲེལ་ལུགས་ལས། དུང་དཀར་ཚིག་མཛོད་དུ། དད་པ་ཞེས་པ་ནི་དད་བྱའི་ཡུལ་གསུམ་༼བདེན་པ། ཡོད་པ། མི་བསླུ་བ།༽ གང་རུང་ལ་དམིགས་ནས་ཡིད་ཆེས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་ཟེར་ཞིང་། དེ་ལ་རིགས་གསུམ་མཆིས་ཏེ། དང་བའི་དད་པ་༼དད་ཡུལ་གྱི་ཡོན་ཏན་ཤེས་ནས་སྐྱེས་པའི་མོས་པ།༽ ཡིད་ཆེས་ཀྱི་དད་པ་༼ལས་འབྲས་ཀྱི་རྣམ་གཞག་དང་དཀོན་མཆོག་ལ་ཡིད་ཆེས་པ།༽ མངོན་འདོད་ཀྱི་དད་པ་༼དད་ཡུལ་གྱི་ཡོན་ཏན་དེ་ཉིད་རང་རྒྱུད་ལ་ཐོབ་འདོད་ཀྱི་འདུན་པ།༽བཅས་སོ།
ཡང་། རྨོངས་པའི་དད་པ་ཞེས་པའི་ཚིག་སྡུད་ལས་བྱུང་ཞིང་རང་རེའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ལ་ཤུགས་རྐྱེན་རབས་དང་རིམ་པ་ཐེབས་དང་ཐེབས་བཞིན་པའི་རྨོངས་དད་ཅེས་པ་སྤྱི་ཚོགས་འཕོ་འགྱུར་གྱི་ནང་རྐྱེན་དུ་གྱུར་འདུག་ཚུལ་རྟོགས་དགོས། འདིར་རྨོངས་པའི་དད་པས་བོད་སྤྱི་ཚོགས་ཀྱི་འཕོ་འགྱུར་ནང་ཤུགས་རྐྱེན་བཟང་ངན་ག་ཚད་ཐེབས་ཡོད་ཚུལ་གྱི་གནས་སྟངས་དཔྱིས་ཕྱིན་པར་རྟོགས་ཤིང་། དེ་ལེགས་ལམ་དུ་འདོམས་བྱེད་དཔྱོད་འཇུག་གི་ནུས་པ་དང་མཐོང་རྒྱ་གསར་བའི་བསྐྱེད་སྟོབས་ཤིག་བསླེབ་ཆེད་དུ། རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་ནང་ཚན་ཚད་མ་རིག་པའི་རྣམ་བཞག་ལས་མུ་བཞི་འགོད་སྟངས་ཀྱི་རིགས་ལམ་དང་དེང་རབས་སྤྱི་ཚོགས་རིག་པའི་དཔྱད་ཐབས་ཟུང་འབྲེལ་གྱི་དཔྱད་ཐབས་སྤྱད་དེ། སྤྱི་ཚོགས་འཕོ་འགྱུར་གྱི་རྒྱུ་རྐྱེན་སྣ་ཚོགས་ལས། ནང་རྐྱེན་ཏུ་གྱུར་བའི་རྨོངས་དད་དང་དེས་བསྐྱེད་པའི་སྤྱི་ཚོགས་གནད་དོན་གལ་ཆེན་འགའ་དཔྱད་བྱར་བདམས་ཤིང་། དེ་ལས་རྨོངས་དད་ཅན་གྱི་མི་འབོར་མུ་བཞིར་བཀར་ཏེ། དེ་དག་རེ་རེའི་བྱེད་ལས་སོགས་སྤྱི་ཚོགས་འཕོ་འགྱུར་དང་འབྲེལ་ཚད་ག་རེ་མཆིས་པ་དང་། དེའི་འབྲེལ་སྟངས་བཅས་དཔྱད་བྱ་གནད་འགག་ཅན་ཏུ་སྣང་བས། དེང་རབས་སྤྱི་ཚོགས་རིག་པ་ལས་སྒྲིག་གཞིའི་འབྱུང་རྒྱུན་སྨྲ་བའི་གཞུང་ལུགས་དང་སྦྱར་ཏེ་རང་རེའི་སྤྱི་ཚོགས་འཕོ་འགྱུར་གྱི་ནང་རྐྱེན་ལ་བརྟག་དབྱེ་དཔྱོད་འཇུག་མདོ་ཙམ་ཞུ་བ་ལ།
དེ་ཡང་། ཤར་གངས་རི་མ་ལས།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།
གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།
ཞེས་དང་།
མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས།།
ཡིད་ཕྱོགས་སུ་ལྷུང་བས་མ་འཆིང་བར།།
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས།།
ལམ་དྲང་བོར་ཞུགས་པ་ཅིས་ཀྱང་ལེགས།།
ཞེས་རྗེ་དགེ་འདུན་གྲུབ་ཀྱི་གསུངས་ཇི་བཞིན་ཏུ། སྤྱི་ཚོགས་ཡར་རྒྱས་སུ་སྒྲུབ་ཕྱོགས་ཐད་ཤར་ནུབ་ཀྱི་སྒོ་མ་ནོར་བར་ཕྱོགས་ལྷུང་དོར་ཞིང་བློ་གཟུར་གནས་ཀྱིས་དཔྱོད་འཇུག་གནངས་སྟེ་སྤྱི་ཚོགས་ལེགས་ལམ་དུ་འཇུག་མུར། འཇིག་རྟེན་སྤྱོད་ལམ་བཞི་དང་བཅས་པའི་འཇུག་ལྡོག་དང་། རིག་གནས་ལག་ལེན་ལས་བྱུང་བའི་སྤྱི་ཚོགས་འབྲེལ་ལམ་དང་སྒྲིག་གཞིའམ་སྒྲོམ་གཞི། མི་ཡི་སེམས་རྒྱུད་འདུལ་སྦྱོང་དང་། དྲང་བདེན། བྱམས་སྙིང་རྗེ། ཀུན་སྤྱོད་དང་མཛེས་མི་མཛེས་སོགས་ཕྱི་དང་ནང་གི་བདེ་སྐྱིད་དང་འབྲེལ་བའི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་འཕོ་འགྱུར་བྱུང་དང་འབྱུང་བཞིན་པའི་སྒང་འདིར། མི་དམངས་ཀྱི་མངོན་འདོད་དང་མཐུན་པའི་སྤྱི་ཚོགས་འཕོ་འགྱུར་དང་། མི་དམངས་ཀྱི་མངོན་འདོད་དང་འགལ་བའི་སྤྱི་ཚོགས་འཕོ་འགྱུར་གཉིས་ཀྱི་དབྱེ་བ་གསལ་ཐང་དུ་འབྱེད་པ་ནི་སྤྱི་ཚོགས་སྣེ་འཁྲིད་ཀྱི་ལས་དང་པོར་ཆགས།
སྤྱིར་རྙིང་བ་ལྷ་ཡི་སྲོལ་དང་གསར་བ་བདུད་འཕྲུལ་དུ་བརློམས་པའི་སྲོལ་ངན་གྱི་རྒྱ་ལས་གྲོལ་ཏེ། སྤྱི་ཚོགས་འཕོ་འགྱུར་གྱི་གནས་ཚུལ་དང་སྣང་ཚུལ་བཅས་ཀྱི་ཐད་ལ་ལྟ་སྟངས་ཆོས་ཉིད་དང་མཐུན་ཞིང་དུས་ཀྱི་རྗེས་ཡང་ཆོད་པ་ཞིག་འཛིན་རྒྱུ་ནི་ཤིན་ཏུ་གལ། སྔར་ནས་ད་ལྟའི་བར་རང་རེའི་སྤྱི་ཚོགས་ལ་དར་རྒུད་དང་ཡར་རྒྱས་གོང་འཕེལ་གྱི་འཕོ་འགྱུར་རིམ་གྱིས་བྱུང་ཞིང་། ཡར་རྒྱས་གོང་འཕེལ་དང་དར་རྒུད་ཡོང་བྱེད་ཀྱི་རྒྱུ་རྐྱེན་དེ་དག་གང་གང་ཡིན་པར་སྤྱི་ཚོགས་རིག་པའི་སྒང་ནས་བརྟག་དཔྱད་ཞིབ་འཇུག་ཚད་ཐུབ་ཏུ་བསྐྱངས་སྟེ་སྤྱི་ཚོགས་འཕོ་འགྱུར་གྱི་གནས་ལུགས་གནད་སྨིན་ཏུ་རྟོགས་ན་དགེ་མཚན་ཆེན་པོར་མཐོང་བའི་མོད་ལ། སྤྱི་ཚོགས་རེ་རེའི་ནང་དཔྱད་བྱ་གལ་ཆེན་མང་པོ་མཆིས་ཀྱང་། རང་རེའི་སྤྱི་ཚོགས་ནང་སྤྱི་དོན་ལེགས་བཅོས་འགྲུབ་མིན་གྱི་གནད་འགགས་དེ་དད་པའི་སྟོབས་ཤུགས་ལ་རག་ལས་པས། བབ་འདིར་དད་པ་སྤྱི་ཚོགས་འཕོ་འགྱུར་དང་འབྲེལ་བ་ཕྱོགས་གང་གང་ན་འདུག་ཚུལ་བརྟག་པ་ལ།
ཇི་སྐད་དུ།
དགེ་སློང་དག་གམ་མཁས་རྣམས་ཀྱིས།
སྲེག་བཅད་བརྡར་བའི་གསེར་བཞིན་ཏུ།
ལེགས་པར་བརྟག་ལ་ང་ཡི་བཀའ།
བླང་བར་བྱ་ཡི་གུས་ཕྱིར་མིན།
ཞེས་ཚན་རིག་གི་རྣོ་ངར་ལྡན་ཞིང་ཚད་ཐུབ་ཀྱི་བདེན་པར་ཡིད་བཅོལ་ཏེ་བརྟག་བྱའི་ཆོས་ཀྱི་དེ་ཉིད་རྟོགས་པའི་གནས་ལུགས་ལྟར་འགྲོ་དགོས་པའི་བསླབ་བྱ་ཇི་བཞིན། གང་འཕྲད་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་རྟགས་གཏན་ཚིགས་དང་། དྲང་བདེན་གཞིར་བཅོལ་བའི་ངང་བསྒྲུབ་པ་ཡིན་ན། ཕུགས་རིང་ཞིང་མཐའ་དག་པའི་དགེ་མཚན་མཆིས་པས། དཔྱོད་འཇུག་གི་ལས་ལ་གཞོལ་བའི་ཆེད་ལས་པ་སུ་དང་སུ་ཡིན་ཀྱང་བསླབ་བྱ་དེ་ཚངས་ཐིག་སྲོག་གི་བསྡེབས་ཡར་འཛིན་དགོས་ཤིང་། དེ་ལྟར། ཆོས་དང་རིག་གཞུང་གི་གནད་གང་ལ་འཕྲད་ཀྱང་མངོན་རྗེས་གཉིས་དཔག་གི་ཚད་མས་སྒྲུབ་ཏེ་བདེན་མཐའ་བསྐྱང་རྒྱུ་ནི། ལོ་རྒྱུས་གྱི་མར་མེ་ལ་སྣུམ་བསྣན་པ་ཇི་བཞིན་ཏུ་འཁུམས། ཡང་བྱེ་བྲག་ཏུ། དམངས་ཚོགས་ཀྱི་སྐྱིད་སྡུག་དང་འབྲེལ་བའི་བྱ་བ་ཆེ་ཕྲ་བར་མ་ཐམས་ཅད་དང་། སྤྱི་ཚོགས་འགྲེལ་བརྗོད་དང་། ལྟ་བའི་ལངས་ཕྱོགས། ལོ་རྒྱུས་ཞིབ་འཇུག སྤྱི་ཚོགས་བཀོད་འདོམས། ཆབ་སྲིད་སྐྱོང་ལུགས། ལྟ་གྲུབ་རྗེས་འབྲང་། ཆོས་དད་སོགས་དམངས་ཚོགས་སྤྱི་ཡི་བདེ་སྐྱིད་ཀྱི་ཁ་ཕྱོགས་དང་འབྲེལ་དམ་པའི་དཔྱད་བྱ་གང་ལ་འཇུག་ཀྱང་རྣམ་པ་ཐམས་ཅད་དུ་ཚད་ཐུབ་ཀྱི་བདེན་པ་གར་གནས་དེའི་རྗེས་སུ་འབྲང་བ་ལས། ཆུ་སྣ་གར་འཁྲིད་ཀྱི་དཔེར་མི་འགྲོ་བ་དང་གཏན་ཚིགས་ཡང་དག་གིས་གནས་ལུགས་གཞིར་གདིང་དེ་དྲང་བདེན་གྱི་མཐའ་བསྐྱངས་ཤིང་། སྤྱི་ཚོགས་ཡར་འགྲོའི་ཕྱོགས་སུ་འགོད་རྒྱུ་དེ་གལ་གནད་ཤིན་ཏུ་ཆེ་ཞིང་། མང་པོའི་ནང་ནས་དད་པའི་སྟོབས་ཤུགས་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་དང་ཡར་རྒྱས་གཉིས་ཀ་ལམ་འགྲོ་འོངས་ཐུབ་མིན་ལ་འབྲེལ་ཤིན་ཏུ་ཟབ་པས། དད་པའི་རྣམ་གྲངས་དང་དེ་དག་གི་ཤུགས་རྐྱེན་རེ་རེ་སྤྱི་ཚོགས་ཀྱི་འགྱུར་ཁ་དང་འཕེལ་ཁའི་ཕྱོགས་གང་གང་ལ་ཟུག་ཡོད་ཚུལ་དབྱེ་ཞིབ་བྱེད་རྒྱུ་གནད་འགགས་སུ་འཁུམས་འདུག
སྤྱིར་དད་པ་ཞེས་པ་རང་གི་སྲོལ་རྒྱུན་དང་། འཛམ་གླིང་རིག་གནས་མ་ལག་ཏུ་དོན་གྱི་རྣམ་གྲངས་དང་རིགས་ཐ་དད་དུ་སྣང་བས། དེ་རེ་རེ་ནས་སྤྱི་ཚོགས་ཀྱི་འཕེལ་སྟོབས་སམ་གནོད་རྐྱེན་ཏུ་ག་འདྲ་བྱས་སྟེ་གྱུར་བ་དང་མངོན་ཚུལ་གསལ་བོ་རྟོགས་ཚེ། གནོད་རྐྱེན་སེལ་ཞིང་འཕེལ་སྟོབས་སྤེལ་ཐུབ། མིའི་ལག་ལེན་གྱི་འདུ་ཤེས་དང་དད་པའི་བར་གྱི་འབྲེལ་བ་གཏིང་ཤིན་ཏུ་ཟབ་པས། མི་འབོར་སྤྱི་ཡི་རིག་གནས་ལག་ལེན་ལས་སྤྱི་ཚོགས་ཀྱི་སྒྲིག་གཞིའམ་སྒྲོམ་གཞི་གྲུབ་ཅིང་།[1] སྤྱི་ཚོགས་རིག་པའི་གྲུབ་མཐའ་གསར་རྙིང་གང་ཡིན་ཀྱང་སྤྱི་ཚོགས་ཀྱི་སྒྲིག་གཞིའམ་སྒྲོམ་གཞི་གནད་འགགས་སུ་བཟུང་ཏེ་དཔྱད། དཔེར་ན། བྱེད་ལས་སྨྲ་བ་[Functionalism]། སྒྲིག་གཞིའམ་སྒྲོམ་གཞི་སྨྲ་བ་[Structuralism]དང་། སྒྲིག་གཞའི་འབྱུང་རྒྱུན་སྨྲ་བ་ [the theory of structuration] སོགས་རེས་མེད་དུ་སྤྱི་ཚོགས་ཀྱི་གཞི་དབྱིབས་འཛིན་བྱེད་སྟེ། སྤྱི་ཚོགས་ཀྱི་སྒྲིག་གཞིའམ་སྒྲོམ་གཞི་ཡི་དཔྱད་ཡུལ་དུ་འཛིན།
༡༽སྐུ་ཞབསAnthony Giddens ལགས་ཀྱིས་དགོངས་པ་གཙོ་བོ་ཞིག ཞིབ་ཕྲ་སྤྱི་ཚོགས་རིག་པའི་དགོངས་འགྲེལ་ཞེས་པའི་དེབ་མཇུག་གི་བརྡ་ཆད་འགྲེལ་བཤད་དུ་གསལ་བས་དེར་གཟིགས་པར་འཚལ།
མི་ཚེ་དང་སྤྱི་ཚོགས་རྒུད་བྱེད་ཀྱི་རྩ་བ་སྟེ་རྨོངས་དད་ཅེས་པའི་སྐོར་ལ་བོད་ཡིག་གི་སྒང་ནས་ཆེད་མངགས་ཞིབ་འཇུག་ཅིག་ད་སྔ་མཐོང་མྱོངས་མེད་ཚོད་དུ་སྣང་བས། དེའི་གནོད་པའི་ཤུགས་རྐྱེན་ཚབ་ཆེར་འགྲོ་བཞིན་པ་དང་། རྨོངས་དད་རྨོངས་དད་ཡིན་པར་རྟོགས་ཆེད་དང་། དེ་ལས་བསྐྱེད་པའི་སྤྱི་ཚོགས་གནད་དོན་རྙིང་བའི་སྟེང་གསར་བ་ཕང་འཁེལ་སྐུད་པ་བརྩེགས་པ་ཇི་བཞིན་ཇེ་ཆེ་ཇེ་སྡུག་དུ་འགྲོ་བཞིན་པ་དང་། འདིའི་རྒྱུན་མུ་མཐུད་དེ་འཕེལ་ན་རྗེས་རབས་པའི་གཞིས་དེ་འབྲོག་པའི་ཚེར་ཤུལ་རྙིང་བ་ལྟ་བུར་ལྷགས་རྒྱུ་ལས་འོས་གཞན་གང་ཡང་མེད་པ་དཔག་སླ་ཞིང་། དེ་འདྲའི་གནས་སྟངས་དེ་འགོགས་ཐབས་དང་དགག་ཐབས་ཀྱི་ཆུ་རགས་དེ་གང་ཡིན་དང་དེ་འདྲའི་གནད་དོན་ཇི་ལྟར་སེལ་ཐུབ་པའི་རིགས་པའི་རྣམ་བཞག་ཅིག་སྔར་ནས་མེད་པ་ནི་མ་ཡིན་པར། གལ་གནད་དེ་རྟོགས་བྱེད་ཀྱི་བློ་ཤེད་མ་རྒྱས་པའི་དབང་གིས། གངས་ལྗོངས་མི་འབོར་ཕལ་ཆེ་བ་དད་པ་རིགས་གསུམ་ལས་དྭངས་བ་དང་ཡིད་ཆེས་ཀྱི་དད་པ་བྱས་ཏེ་ནང་པའི་རྗེས་འབྲང་ཞིང་། རེ་བ་ཡོད་ཚད་དད་པ་དེའི་སྒང་ནས་ལམ་འགྲོ་འོངས་པར་བཅོལ། རང་རེའི་སྤྱི་ཚོགས་ནང་། སྔོན་དང་ད་ལྟ་གཉིས་ཀར་ནང་པ་རིགས་གཉིས་མཆིས་པ་ལས། གཅིག་ཤོས་ནི། ལུང་དང་རྟོགས་པའི་ཡོན་ཏན་ལ་མངའ་བརྙས་ཤིང་ལྷག་པར་ཐུན་མོང་གནས་ལྔ་རིག་པར་ནང་བྱན་ཆུད་ཅིང་འཆད་རྩོད་རྩོམ་གསུམ་ལ་ཆག་ཐོག་བྲལ་བའི་མཁས་ཆེན་དང་དགེ་བཤེས་རྣམ་པ། འདིའི་རིགས་ཀྱིས་མི་འབོར་བརྒྱ་ཆ་ཉེར་ལྔ་ཟིན་ཙམ་དང་། གཅིག་ཤོས་ནི། ཡིག་རྨོངས་ཡིན་ཅིང་དད་པ་བརྟན་པོས་ཉིན་རེའི་འཚོ་བ་དང་འབྲེལ་བའི་བྱ་བའི་འཇུག་ལྡོག་མ་ནོར་བར་སྐྱོང་ཤེས་པའི་དམངས་ཚོགས།
དེ་འདྲའི་དམངས་ཚོགས་ཀྱིས་བོད་ཀྱི་མི་འབོར་ལས་བརྒྱ་ཆ་དོན་ལྔའི་ལྷག་ཟིན་པས། དཔྱོད་འཇུག་གི་ལས་ལ་གཞོལ་བའི་གང་ཟག་མཐོ་དམའ་བར་གསུམ་སུ་ཡིན་ཀྱང་གནད་དོན་འདི་ནི་བྱོལ་ཐབས་བྲལ་བའི་དཔྱད་བྱ་གལ་ཆེན་ཞིག་ཏུ་ལྷགས་འདུག གནད་དོན་འདི་དཔྱད་པར་དེང་རབས་དཔྱད་ཐབས་ཁོ་ནས་མི་འཐུས་པས། སྲོལ་རྒྱུན་ཤེས་བྱའི་མ་ལག་ལས་དཔྱད་ཐབས་སུ་རུང་བའི་འབྲེལ་ཡོད་རིགས་ལམ་འགའ་དེང་རབས་སྤྱི་ཚོགས་རིག་པའི་དཔྱད་ཐབས་དང་སྦྱར་ཏེ་གསར་རྙིང་ཟུང་འབྲེལ་སྒོས་བརྟག་དཔྱད་བཏང་ན་གནད་ཀྱི་མཐུལ་བརྡོལ་ཐུབ།
སྤྱི་ཚོགས་ཀྱི་བདག་པོ་སྟེ། མི་འབོར་སྤུས་ཀར་བརྟེན་སྤྱི་ཚོགས་ལེགས་བཅོས་རབས་དང་རིམ་པ་བྱུང་ཞིང་། སྤྱི་སྒེར་གཉིས་ཀྱི་བདེ་ལམ་མ་ནོར་བ་ཞིག་ལ་བསྙེག་རྒྱུ་ནི། འཇིན་རྟེན་ཐུན་མོང་གི་འགྲོ་སྟངས་སུ་གྲུབ་འདུག་ཀྱང་། དེ་ལས་ལོགས་སུ་བྱུང་བའི་སྤྱི་ཚོགས་འཕོ་འགྱུར་འགྲོ་སྟངས་གཞན་གཉིས་མཆིས་པ་ནི། རང་བཞིན་ལས་ཀྱིས་བྱུང་བའི་འཕོ་འགྱུར་དང་། གཞན་གྱིས་རང་ལ་བཟོས་པའི་འཕོ་འགྱུར་གཉིས་ལགས་ན། རང་གི་འདོད་མོས་དང་རིག་གནས་ཡར་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་འཕོ་འགྱུར་འབྱུང་ཁག་པོར་སྣང་བའི་གནས་སྟངས་དེ་མི་འབོར་རྨོངས་དད་ཅན་གྱི་སྤྱི་ཚོགས་ཁྱད་ཆོས་ཡིན་པས། རྨོངས་དད་དང་འབྲེལ་བའི་སྤྱི་ཚོགས་གནད་དོན་ས་སྤུངས་རྡོ་སྤུངས་སུ་གདའ་བའི་གནས་ཚུལ་ལ་སྤྱི་ཚོགས་རིག་པ་དང་སློབ་གསོ་རིག་པ་ཟུང་འབྲེལ་གྱིས་བརྟག་དཔྱད་བཏང་ན་གནད་ཀྱི་ངོ་བོ་བསྔོགས་ཕྱོད་ཇེ་ཆེར་བསྐྱེད་པར་དགེ་མཚན་ཆེ་ཞེས་སྙམ་པས་སྐུལ་ཏེ་མདོ་ཙམ་དཔྱད་པ་ལ།
རྨོངས་དད་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་འདི་ལོ་རྒྱུས་སྟེང་ནས་མཆིས་ཤིང་ད་ལྟའི་བར་བསླེབས་ཀྱང་། རྟེན་འབྱུང་རྩོད་སྒྲུབ་རིགས་པའི་རྣམ་བཞག་གི་སྒང་ནས་གནད་དོན་འདི་ཐེར་འདོན་བྱེད་ཐུབ་མཁན་མེད་པ་མ་ཡིན་པར། མ་ཉེས་ཁ་གཡོག་གི་འོག་ཏུ་ཚུད་རྒྱུར་དོགས་ཏེ་དུག་སྡོང་གཅོད་བྱེད་ཀྱི་སྟ་རེ་དེ་ཁྱེར་མཁན་དགེ་འདུན་ཆོས་འཕེལ[2]་གཅིག་པུ་ལས་ད་སྔ་མེད་པར་ལྷགས། རང་རེའི་སྤྱི་ཚོགས་ནང་རྨོངས་དད་ཀྱིས་བསྐྱེད་པའི་གནད་དོན་ཚབས་ཆེ་བས། གནད་ཆེ་བའི་ཕྱོགས་འགར་དཔྱད་འཆར་ལས། རྨོངས་དད་ཀྱི་གོ་དོན། རྨོངས་དད་དང་སྤྱི་ཚོགས་བར་གྱི་འབྲེལ་བ། རྨོངས་དད་དང་མི་འབོར། རྨོངས་དད་དང་རིག་གནས། རྨོངས་དད་དང་སློབ་གསོ་ལས་དགེ་རྒན་གྱི་རྨོངས་དད་དང་སློབ་མའི་རྨོངས་དད། རྨོངས་དད་དང་སྤྱི་ཚོགས་འཕོ་འགྱུར་གྱི་འགྲོ་ཕྱོགས། མཇུག་བསྡོམས་བཅས་རིམ་པར་དཔྱད་པ་ལ།
གོང་ས་མཆོག་གི་ཞལ་ནས། ཤེས་རབ་ཀྱི་གྲོགས་སུ་འགྲོ་བའི་དད་པ་ཞིག་དགོས་རེད། ཅེས་གསུང་པར་གལ་གནད་ཤིན་ཏུ་ཆེ་ཞིང་། དཔྱད་མི་གཟོད་པའམ་རྒྱུ་མཚན་དང་རིགས་ལམ་གང་རུང་ནས་ཁུངས་བསྐྱེལ་མེད་པའི་དད་པ་ཞིག་གིས་སྤྱི་སྒེར་གཉིས་ཆར་ཕན་པ་ལས་གནོད་ཆེ་ཚུལ་གྱི་གནས་ལུགས་འདི་རྟོགས་ཤིན་དུ་སྨ་བའི་གནས་ཤིག་ལགས་ཤིང་། ལྷག་དོན་མི་རིགས་དང་རིག་གཞུང་གི་ལས་ཀ་དང་འབྲེལ་བའི་འཆར་གཞི་དང་ལག་ལེན་ཐམས་ཅད་ཤེས་རབ་ཀྱི་གྲོགས་སུ་འགྲོ་བའི་དད་པ་དམ་ཚིག་ཅིག་ལ་བརྟེན་དགོས་པ་སྨྲས་ཅི་དགོས། དེས་ན། ཤེས་རབ་ཀྱི་གྲོགས་སུ་འགྲོ་བའི་དད་པ་ཞིག་དགོས་རེད། ཅེས་པའི་བཀའ་དགོངས་འདི་ལག་ལེན་གསེར་གྱི་ཐིགས་པར་ཆགས་སླད་དུ། འགོག་རྐྱེན་ཏུ་གྱུར་བའི་རྨོངས་དད་ཅེས་པ་དཔྱིས་ཕྱིན་པར་རྟོགས་ན་ཕན་རླབས་ཆེ་བར་སྙམ་པས་དེར་འཇུག་པར་བྱ་སྟེ།
རྨོངས་དད་ཅེས་པའི་གོ་དོན་མཐའ་དཔྱད།
རྨོངས་དད་ཅེས་པའི་གོ་དོན་ལ་དཔྱད་སྐབས་སུ། སྲོལ་རྒྱུན་གསར་རྙིང་དང་རྒྱལ་ཁབ་ཕྱི་ནང་གི་རིགས་པའི་རྣམ་བཞག་ཚན་རིག་དང་མཐུན་ཞིང་། ལྷག་པར་དུ་རང་རེའི་ཚད་མ་རིག་པ་ལས། མུ་བཞི་འགོད་སྟངས་དང་མཚན་མཚོན་གཞི་གསུམ་ཚང་བའི་སྒོ་ནས་དཔྱད་ན་འཐུས་བཙན་ཞིང་དཔྱད་འབྲས་དག་ཅིང་ཁས་ལེན་གྱི་ཁྱབ་རྒྱ་ཇེ་ཆེར་འགྲོ་རྒྱུར་ཕན་རླབས་ཆེ། རྨོངས་དད་ཅེས་པའི་བརྡ་ཆད་འདི་འགྲུབ་བྱེད་ཀྱི་ཚིག་ཏེ། རྨོངས་དང་དད་ཅེས་པ་རེ་རེའི་དོན་སྤྱིའི་རྩ་བར་གོ་བ་ཡང་དག་པ་ཞིག་ཆགས་ན་ད་གཟོད། བརྡ་ཆད་ཉིད་ལ་གོ་བ་ཚད་ཐུབ་ཅིག་ལེན་པར་ཕན། རྨོངས་ཞེས་པ་ནི། མ་ཤེས་པའི་དོན། ཞེས་བཀྲལ་ཞིང་། དད་ཅེས་པ་ནི། དགའ་བའམ་སྲེད་པ་ལངས་པའི་དོན་དང་། དད་པ་ཞེས་པ་ནི། དང་བས་ཡིད་ཆེས་པ་དང་། དགའ་བ་དང་ཆགས་པ་དང་སྲེད་པ་བཅས་ཀྱི་དོན་ལ་འཇུག རྨོངས་དད་ཅེས་པ་ནི། སྨོན་ལམ་ཚིག་མཛོད་དང་དག་ཡིག་གསར་བསྒྲིགས་སོགས་ཚིག་མཛོད་ཁག་ཏུ། གནས་ལུགས་སམ་རྒྱུ་མཚན་མ་རྟོགས་པའི་དད་པ། ཞེས་འཁོད་ཅིང་། གཞིས་ཀྱི་ཞལ་བཞུགས་མཁས་པའི་གཙུག་རྒྱན་ཨ་ལགས་དོར་ཞི་ཚང་གིས། རྨོངས་དད་ཅེས་པ་ནི། རྒྱུ་མཚན་སོགས་མ་ཤེས་མ་རྟོགས་པའི་ངོར་ཡིད་ཆེས་ཤིང་རྗེས་སུ་འབྲང་བའི་དོན་ལ་འཇུག་ཅེས་གསུངས།
ཡང་། ཡིག་རིགས་གཞན་དག་ཏུ་བཞག་པའི་མཚན་ཉིད་ལ། དབྱིན་ཡིག་ཏུ་རྨོངས་དད་ལ་superstitionཟེར་ཞིང་། མཚན་ཉིད་དུ། དད་པའམ་ཡང་ན་བསམ་ཚུལ་ཞིག་ཏེ། རྒྱུ་མཚན་དང་སྒྲུབ་བྱེད་གང་ཡང་མེད་པར་རྩ་ཆེན་དང་གལ་ཆེན་ཏུ་རྩིས་ཏེ་ཡིད་ཆེས་ཤིང་རྗེས་སུ་འབྲང་བའི་བྱ་སྤྱོད་ཅིག་གམ། དད་པ་མ་ལག་ཅན་ཞིག་གམ་ཕྱོགས་བསྡུས་ཅན། གོམས་སྲོལ་ཞིག་གམ་བྱ་སྤྱོད་ཅིག་གང་དེ་ཚད་མའི་སྒྲུབ་བྱེད་གང་ཡང་མེད་པར་ཡིད་ཆེས་ཁོ་ནར་བརྟེན་རྗེས་སུ་འབྲང་བའི་བྱེད་ལུགས་དང་། རྟགས་གཏན་ཚིགས་དང་རྗེས་དཔག་ཚད་མ་གཞིར་བྱས་པའི་གནས་ལུགས་རྗེས་འབྲང་བྱེད་པ་མ་ཡིན་པར་ཆོས་ལུགས་རྒྱུ་མཚན་ཏུ་བྱས་པའི་བསམ་པའི་འཛིན་སྟངས་ཤིག་ལ་ཟེར། ལྷག་པར་དུ་རྒྱུ་མཚན་ལ་མ་ལྟོས་པར་རྗེས་སུ་འབྲང་བའམ་དད་པ་བྱེད་པའི་བྱ་སྤྱོད་ཅིག་ལ་ཟེར།
ཡང་། རྒྱ་ཡིག་ཏུ་རྨོངས་དད་ལ迷信ཟེར་ཞིང་། གོ་དོན་ལ་རིམ་པ་གཉིས་ཏེ། ལྷ་འདྲེ་སོགས་གཟུགས་མེད་དངོས་མེད་ཀྱི་རྟོག་བཏགས་ནུས་པ་ཞིག་ལ་དད་པ་དང་། གནས་ལུགས་མ་ཤེས་པའི་ངང་དད་པ་དང་རྗེས་སུ་འབྲང་བའི་བྱ་སྤྱོད། ཅེས་དང་། 迷ཞེས་པ་ནི་དཀར་ནག་བཟང་ངན་གྱི་དབྱེ་བ་འབྱེད་མི་ཐུབ་ཅིང་། བརྟག་དབྱེའི་བློ་ཤེད་མེད་པའི་དོན་ལ་འཇུག 信ཞེས་པ་ནི། དོགས་སློང་ཅི་ཡང་མེད་པར་མཐའ་གཅིག་ཏུ་ཡིད་ཆེས་བྱེད་པའི་དོན་ལ་འཇུག རྨོངས་དད་ཅེས་པའི་གོ་དོན་འདི་ཐོག་མར་ནང་ཆོས་སུ་བྱུང་ཞིང་བེད་སྤྱད། རིམ་གྱིས་ནང་ཆོས་དར་སའི་ཡུལ་ཁམས་ཐ་དད་པ་སོ་སོར་ས་གནས་རང་གི་ཡིག་རིགས་ནང་བེད་སྤྱད་དེ་དར་ཁྱབ་བྱུང་། ཞེས་དེང་རབས་རྒྱ་ཡིག་ཚིག་མཛོད་ཁག་ཏུ་འཁོད་འདུག
ཡང་། ཉི་ཧོང་གི་ཚིག་མཛོད་དུ། རྨོངས་དད་ལ名·サ变 ཟེར་ཞིང་། གོ་དོན་ལ། ཚན་རིག་གི་སྒྲུབ་བྱེད་མེད་པར། སྤྱི་ཚོགས་འཚོ་བར་བཀག་རྒྱ་སྣ་ཚོགས་བསྐྱེད་པའི་དད་པའི་རིགས་ཤིག་གོ་ཅེས་མཚན་ཉིད་བཞག དཔེར་ན། མོ་འདེབས། རྩིས་འདེབས། ལྷ་འབེབས་སོགས་ལྟ་བུ་དང་འབྲེལ་བ་ཡོད་པའི་དད་པའི་རིགས་ཤིག ཅེས་འཁོད། འདི་བོད་ཀྱི་གྲོང་བའི་གཏམ་དཔེ་སྟེ། མོ་བ་རྩིས་པ་ལྷ་བ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ། ཞེས་པའི་འདོད་ཚུལ་དང་ཀུན་ནས་མཚུངས།
ཡིག་རིགས་དང་རིག་གནས་གཞན་དག་ཏུ་འཁོད་པའི་རྨོངས་དད་ཀྱི་མཚན་ཉིད་ཙམ་མ་ཡིན་པར། དུང་དཀར་ཚིག་མཛོད་དུ། རྨོངས་པའི་རྣམ་གྲངས་འདྲེན་པ་ལ། དུས་ལ་རྨོངས་པ། དངོས་པོ་ལ་རྨོངས་པ། འཕོ་བ་ལ་རྨོངས་པ། མཆོག་ལ་རྨོངས་པ། དེ་ཁོ་ན་ཉིད་ལ་རྨོངས་པ། ཀུན་ལ་རྨོངས་པ། བྱང་ལ་རྨོངས་པ། མངོན་པའི་ང་རྒྱལ་ལ་རྨོངས་པ་དང་བདུན་ནོ། ། ཞེས་འཁོད་འདུག། ཡང་། རྨོངས་དད་དཔྱོད་རིམ་ལ་གསུམ་དེ། ༡༽ལོ་རྒྱུས་ཀྱི་རིམ་པ་དང་། ༢༽རིག་གནས་ཀྱི་རིམ་པ། ༣༽སེམས་ཁམས་ཀྱི་རིམ་པ་བཅས་ཀྱི་སྒང་ནས་རྨོངས་དད་ཀྱི་ཆགས་རིམ་ལ་དབྱེ་ཞིབ་བརྟག་དཔྱད་བགྱིད་ན་དེ་འབྱུང་བྱེད་ཀྱི་གཏིང་རིམ་རྒྱུ་རྐྱེན་བསྔོག་ཐུབ།
མི་འབོར་མུ་བཞི་འགོད་ལུགས་དང་སྦྱར་ཏེ་བཀར་ན། རྨོངས་ཀྱང་མི་དད་པ། དད་ཀྱང་མི་རྨོངས་པ། རྨོངས་པ་དང་དད་པ་གཉིས་ཀ་ཡིན་པ། རྨོངས་པ་དང་དད་པ་གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་ལྟ་བུའི་སྒང་ནས་དཔྱད་ན་མཐའ་གཉིས་སུ་མི་ལྷུང་། རྨོངས་དད་རྨོངས་དད་དུ་གོ་ཐུབ་ཀྱང་ཁས་མི་ལེན་པ། རྨོངས་དད་རྨོངས་དད་དུ་གོ་མི་ནུས་ཀྱང་ཁས་ལེན་པ། རྨོངས་དད་རྨོངས་དད་དུ་གོ་ཐུབ་ལ་ཁས་ཡང་ལེན་པ། རྨོངས་དད་རྨོངས་དད་དུ་གོ་མི་ཐུབ་ལ་ཁས་ཡང་མི་ལེན་པ། ལྟ་བུ།
མདོར་དྲིལ་ན། རྨོངས་དད་ཅེས་པ་གསར་རྙིང་ཕྱི་ནང་གི་འགྲེལ་བཤད་ལ་བརྟགས་ན། ཆོས་ལུགས་ཀྱི་ཁྱབ་ཁོངས་གཅིག་པུ་མ་ཡིན་པར། ཚན་རིག་གི་ཕྱོགས་ནའང་རྨོངས་དད་ཅེས་པའི་གནས་ཚུལ་མཆིས་ཤིང་། ཆོས་ལུགས་ཀྱི་རྨོངས་དད་དང་ཚན་རིག་གི་རྨོངས་དད་གཉིས་ལས། སྔ་མར་ཆོ་ག་སོགས་ལུགས་སྲོལ་སྣ་ཚོགས་མཆིས། ཕྱི་མར་ཆོ་ག་སོགས་ལུགས་སྲོལ་མེད། དེ་གཉིས་ཀའི་ཐུན་མོང་ཁྱད་ཆོས་ལ། ༡༽འོལ་ཚོད་ཀྱིས་རྗེས་སུ་འབྲངས་ཤིང་དད་པ་དང་། ༢༽རྒྱུ་མཚན་མ་ཤེས་པར་རྗེས་སུ་འབྲངས་ཤིང་དད་པ་དང་། ༣༽གནས་ལུགས་མ་ཤེས་པར་རྗེས་སུ་འབྲངས་ཤིང་དད་པ་དང་། ༤༽ཚན་རིག་གི་སྒྲུབ་བྱེད་གང་ཡང་མེད་པར་རྗེས་སུ་འབྲངས་ཤིང་དད་པ། ༥༽ཆོས་ལུགས་ཤིག་ལ་ཡིད་ཆེས་མཐའ་གཅིག་ཏུ་བྱས་ཏེ་རྒྱུ་མཚན་མ་རྟོགས་པའི་ངང་རྗེས་སུ་འབྲངས་ཤིང་དད་པ་བཅས་ནི་རྨོངས་དད་ཀྱི་ཁྱད་ཆོས་ཡིན་པ་ཐུན་མོང་གི་འདོད་ཚུལ་དུ་གསལ། རྨོངས་དད་ཅེས་པ་སྐབས་འདིར་ཆོས་ལུགས་པ་ཁོ་ནར་གོ་བ་ནི་མ་ཡིན་པར། ཚན་རིག་སོགས་དེང་རབས་རིག་ཚན་གཞན་དུའང་མཆིས་པའི་སྤྱི་ཚོགས་སྣང་ཚུལ་ཞིག་ལ་ངེས་བཟུང་སྟེ་དཔྱད་པའི་རིགས་ལམ་ཞིག
རང་རེའི་སྔ་རབས་པས་རྨོངས་པ་ལ་རིགས་བརྒྱད་བཀར་བ་སྟེ། ༡༽དུས་ལ་རྨོངས་པ། ༢༽དངོས་པོ་ལ་རྨོངས་པ། ༣༽འཕོ་བ་ལ་རྨོངས་པ། ༤༽མཆོག་ལ་རྨོངས་པ། ༥༽དེ་ཁོ་ན་ཉིད་ལ་རྨོངས་པ། ༦༽ཀུན་ལ་རྨོངས་པ། ༧༽བྱང་ལ་རྨོངས་པ། ༨༽མངོན་པའི་ང་རྒྱལ་ལ་རྨོངས་པ་བཅས་སོ། འདི་དག་གནས་ལུགས་གང་ཞིག་དེ་མ་རྟོགས་མ་ཤེས་པའི་རྣམ་བཞག་ཙམ་བསྟན་པ་ལས། རྨོངས་དད་ཅེས་པའི་དོན་སྤྱི་སྟེ། རྒྱུ་མཚན་མ་རྟོགས་མ་ཤེས་པར་ཡུལ་གང་དེར་ཡིད་ཆེས་ཤིང་རྗེས་སུ་འབྲང་བའི་སྒོ་གསུམ་གྱི་བྱེད་ལས་དང་བྱ་སྤྱོད་ཅེས་པ་དང་ཁྱད་པར་ཆེན་པོ་མཆིས་པས་རྒྱས་པར་རྩོམ་གཞན་ཞིག་ཏུ་གླེང་བར་བྱའོ།།
༣༽རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་ཏུ་བསྒྲགས། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས། ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ། འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ། ཞེས་རྨོངས་དད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྲོལ་ངན་ལ་བཞག་པའི་བསྡོམས་ཚིག་ལྟ་བུ།
རྨོངས་དད་དང་སྤྱི་ཚོགས་བར་གྱི་འབྲེལ་བ།
སྤྱི་ཚོགས་ཀྱི་གྲུབ་ཆ་རྣམ་བཞི་སྟེ། ངོ་བོ་འགྲུབ་བྱེདཀྱི་རྒྱུ་གཉིས་ལས་ཁོར་ཡུག་དང་། མི་འབོར། ཁྱད་པར་སྐྱེད་བྱེད་ཀྱི་རྐྱེན་གཉིས་ལས་སྐད་རིགས་དང་། རིག་གནས་བཅས་ལས་རྨོངས་དད་དང་འབྲེལ་བ་ཐད་ཀར་མཆིས་པ་ནི་མི་འབོར་དང་རིག་གནས་གཉིས་ཡིན་པས། དེ་གཉིས་གཙོས་དཔྱད་རྩིས་ཡིན་པས་རིམ་པར་གཟིགས། གསལ་འདེབས་ཤིག་ལ་ཁོར་ཡུག་དང་སྐད་རིགས་གཉིས་རྨོངས་དད་དང་འབྲེལ་རྩ་བ་ནས་མེད་ཅེས་པ་ནི་མ་ཡིན་པར། གཙོ་ཕལ་གཉིས་ལ་རིགས་པ་ཕྲ་མོའི་ཁྱད་པར་ཕྱེས་ཏེ་དཔྱད་པ་ལས་གཞན་མེད། སྤྱི་ཚོགས་ཀྱི་ངོ་བོ་འགྲུབ་བྱེད་ཀྱི་རྒྱུ་གཉིས་ལས་བདག་རྐྱེན་ཏེ། གང་ཟག་མི་ཡི་བྱེད་ལས་ལ་བརྟེན་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཐ་དད་ཅིང་དེའི་མ་ལག་སྣ་ཚོགས་ཆགས་ཤིང་། ལུས་ངག་ཡིད་གསུམ་གྱི་ལས་ཀ་མཐའ་དག་བྱེད་པ་པོ་རང་གང་ལ་ཡིད་ཆེས་བ་དེ་ཡི་རྗེས་སུ་འབྲང་སྟེ་རྩོལ་བ་དང་བརྩམས་པར་སྣང་བས། སྤྱི་ཚོགས་ཀྱི་ཡར་རྒྱས་དང་། འཕེལ་ཁ། ཉམས་རྒུད་བཅས་ཀྱི་ཁྱད་པར་ཐམས་ཅད་ཀྱང་རིགས་པའི་རྗེས་འབྲང་དང་རྨོངས་དད་རྗེས་འབྲང་གི་ལས་བསགས་ཏེ་ཕྱེས།
གཅིག རྨོངས་དད་དང་མི་འབོར།
རྨོངས་དད་མི་འབོར་གྱི་ཁྱད་ཆོས་སུ་སྣང་བའི་རྨོངས་གཉིད་ནི། ཁུག་པ་དང་འདྲ་བའི་ཤེས་རིག་བླུན་པོ། མི་གསར་ལ་སློབ་གསོ་བཏང་ནས་རྨོངས་གཉིད་བསངས་པ། ལུགས་རྙིང་ལ་ཞེན་པའི་རྨོངས་གཉིད་སད་ནས་འགྲོ་ལམ་བཟང་པོ་རྙེད་པ། ཞེས་སྨོན་ལམ་ཚིག་མཛོད་སོགས་རང་རེའི་རིག་མཛོད་མང་པོའི་ནང་གསལ་ཞིང་། རི་བོང་ཅལ་འདྲོགས་ཀྱི་གཏམ་རྒྱུད་ནི་རྨོངས་དད་མི་འབོར་གྱི་ཁྱད་ཆོས་གཙོ་བོར་འདྲེན་འོས་ཤིང་། སྤྱི་ཚོགས་གང་ཞིག་གི་ནང་རྨོངས་དད་ཅན་གྱི་མི་འབོར་མང་ཕྱོགས་སུ་གྱུར་ཚེ། སྤྱི་ཚོགས་དེར་ཡར་རྒྱས་འཕོ་འགྱུར་འབྱུང་ཁག་པོ་ཡིན་ཞིང་། དེ་ལས་ལོག་སྟེ་མེས་པོའི་ཕྱག་རྒྱུན་དང་རྣམ་དཔྱོད་ཀྱིས་བསྐྲུན་པའི་སྤྱི་ཚོགས་མ་རྩ་སྔར་ཡོད་ཀྱི་ཙན་ཏན་མང་པོའང་སོ་བར་བསྲེག་སྲིད་ལ། སྤྱི་ཡི་འདུན་ལམ་གྱི་ཁ་ཕྱོགས་ཀྱང་མོ་བ་ལྷ་བ་རྩིས་པ་གསུམ་ལ་བཅོལ། འཇིག་རྟེན་གྱི་བྱ་བའི་འཇུག་ལྡོག་ཡོད་དོ་ཅོག་སྲེག་བཅད་བརྡར་བའི་རྒྱུད་རིམ་ལ་མ་དྲངས་པར། འོལ་ཚོད་དང་། ཡང་ན་རྒྱུ་མཚན་དང་རྟགས་གཏན་ཚིགས་ཡང་དག་ཅིག་མེད་པའི་སྒང་ཆུ་སྣ་གར་འཁྲིད་དུ་རྗེས་སུ་འབྲངས། དེ་བས་མང་ཁ་ཉུང་ལེན་མ་ཡིན་པར་ཉུང་བས་འདོད་པ་མང་པོས་བསྒྲུབས།
ཡང་སྒེར་རེ་རེ་ནས་བྱ་བ་དང་ལས་དོན་གང་ལ་འཕྲད་ཀྱང་རང་གི་རིགས་པ་དང་རྣམ་དཔྱོད་ལ་ཡིད་ཆེས་བཅོལ་ཏེ་དབྱེ་ཞིབ་རྒྱུ་མཚན་དང་ལྡན་པ་བྱས་པ་ཡིན་ན་རང་གི་ལས་དབང་རང་ལག་ཏུ་ཟིན་ཐུབ་ཅིང་། བྱ་བའི་འཇུག་ལྡོག་མ་ནོར་བ་ཞིག་གི་ལམ་ཀར་འགྲོ་ཐུབ་པ་མ་ཟད། དེ་འདྲའི་སྒེར་མང་པོས་སྤྱི་ཚོགས་གྲུབ་པ་ཡིན་ན། འཕོ་འགྱུར་གང་རུང་ཡར་རྒྱས་གྱི་ཕྱོགས་སུ་སྙེག་བྱེད་ཀྱི་སྟོབས་ཤུགས་འཛོམས་ཤིང་། རྨོངས་དད་ཅན་འབྱུང་བྱེད་ཀྱི་སྤྱི་ཚོགས་ཁོར་ཡུག་མེད་པར་བཟོ་ཐུབ། སྤྱི་ཚོགས་རྨོངས་དད་ཅན་ཡིན་མིན་དེ་རྨོངས་དད་ཅན་གྱི་མི་འབོར་མང་ཉུང་གི་སྒང་ནས་འཇོག་དགོས་པས། མི་འབོར་གྱི་སྤུས་ཀ་བཟང་ངན་ལ་ཐུག། ཡང་། མི་འབོར་གྱི་སྤུས་ཀ་བཟང་ངན་དེ་སློབ་གསོ་སྤེལ་ཚད་ལ་རག་ལས་པས། སློབ་གསོའི་ཁྲོད་ཀྱི་རྨོངས་དད་གནས་ཚུལ་རྟོགས་རྒྱུ་གལ་གནད་དུ་ཆགས།
གཉིས། རྨོངས་དད་དང་རིག་གནས།
རྨོངས་དད་ཅེས་པ་དེར་འབྱུང་ས་འབྱུང་ཁུངས་ཤིག་ཡོད་པས། རིག་གནས་ཤིག་གི་མ་ལག་ནང་དེའི་རྩ་བ་རྙེད་ཐུབ། རྨོངས་དད་དང་རིག་གནས་གཉིས་ཕན་ཚུན་རྟེན་ཅིང་འབྲེལ་བར་བྱུང་དང་འབྱུང་བཞིན་པ་ཞིག་ཡིན་པ་ལས་ཁུངས་དང་རྒྱུ་རྐྱེན་གང་ཡང་མེད་པར་གློ་བུར་དུ་གཞི་གྲུབ་པ་ཞིག་མ་ཡིན་པར། བློ་གཟུར་གནས་ཀྱིས་བརྟག་དབྱེ་དཔྱོད་འཇུག་གི་ལས་བགྱིད་ན། དེ་གཉིས་བར་གྱི་རྟེན་བྱ་དང་བརྟེན་བྱེད་གང་ཡིན་རྟོགས་སླ་བར་འགྱུར་ཅིང་།
རིག་གནས་ཀྱི་བྱེད་ལས་བརྒྱད་དེ། ༡༽སྤྱི་ཚོགས་ཀྱི་འབྲེལ་ལམ་ཆགས་བྱེད། ༢༽མི་རིགས་ཀྱི་གོ་རྟོགས་སྐྱེད་བྱེད། ༣༽མི་རིགས་ཀྱི་ངོ་རྟགས་འགྲུབ་བྱེད། ༤༽སྤྱི་ཚོགས་ཀྱི་རིན་ཐང་འཛིན་བྱེད། ༥༽ཀུན་སློང་གི་ཁྱད་པར་སྐྱེད་བྱེད། ༦༽སྤྱི་ཚོགས་ཀྱི་ཁྱད་པར་སྐྱེད་བྱེད། ༧༽སྤྱི་ཚོགས་ཀྱི་ཐོན་ལས་དང་སྤྱོད་སྒོ་འདོམས་བྱེད། ༨༽སྐད་རིགས་ཀྱི་གཞི་ཁྱོན་འཛིན་བྱེད།
སྐད་རིགས་ཀྱི་བྱེད་ལས་བཅུ་སྟེ། ༡༽སྤྱི་ཚོགས་ཀྱི་ཟུངས་འཛིན་པ། ༢༽རང་བྱུང་ཆགས་བབ་དང་ཡུལ་མི་བར་གྱི་རྩོད་སྒྱུབ་འབྲེལ་བ་མཚོན་པ། ༣༽སྤྱི་ཚོགས་གང་དེའི་འབྲེལ་འདྲིས་ཀྱི་ལག་ཆ་དང་ཤེས་རིག་འགྲེམ་སྦྱོར་གྱི་ལས་དང་དེའི་འབྲས་བུ་མཚོན། ༤༽ རིག་གནས་ཀྱི་རང་བཞིན་མཚོན་བྱེད། [The Doxicality of Language] ༥༽ བརྗོད་ངག་གི་རང་བཞིན་མཚོན་བྱེད། [The Discursivity of Language] ༦༽ རིག་གནས་ཐོབ་དབང་མཚོན་བྱེད། [The Legitimacy of Language] ༧༽རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་མཚོན་བྱེད། [The Ideology of Language] ༩༽ རིག་གནས་ཀྱི་ཕྱོད་ནུས་མཚོན་བྱེད། [The Contestability of Language] ༡༠༽ རིག་གནས་ཀྱི་བསྐྱེད་སྟོབས་མཚོན་བྱེད། [The Communicability of Language] ༡༡༽ རིག་གནས་ཀྱི་མཚོན་སྟོབས་ཏེ། [The Symbolic Power of Language] སྤྱི་ཚོགས་དང་འབྲེལ་ཏེ་གནས་པ་དང། འབྲེལ་འདྲིས་འཛིན་བྱེད་ཀྱི་ལག་ཆ། རིགས་ཀྱི་ཐུན་མོང་བའི་འཇིག་རྟེན་མཐོང་སྣང་འཛིན་པ། བེད་སྤྱོད་ཀྱི་ནུས་པ་མཚོན་པ། རྩ་བའི་ཐོབ་ཐང་མཚོན་པ་བཅས་སོ།།
གསུམ། རྨོངས་དད་དང་ཤེས་ཡོན་སློབ་གསོ།
སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་ནས། ཤེས་རབ་ཀྱི་གྲོགས་སུ་འགྲོ་ཐུབ་པའི་དད་པ་ཞིག་དགོས་རེད་མ་གཏོགས་རྨོངས་དད་བྱས་ནས་ཡར་རྒྱས་ཡོང་གི་མ་རེད། ཅེས་བཀའ་གསུང་གནང་ཟིན་པ་དེ་བཞིན་ཏུ་སྤྱི་སྒེར་གཉིས་ཀྱི་ལས་དང་བྱ་བ་གང་རུང་ལ་འཇུག་དུས། ཚད་ཐུབ་རིགས་པས་དཔྱད་བཟོད་ཅིང་འཕྲལ་ཕུགས་གཉིས་ཕན་གྱི་དོན་མཐོང་ཐུབ་པའི་མི་རབས་གསར་བ་གསོ་སྐྱོང་ལ་དགོངས་དོན་བླ་ལྷག་ཏུ་ཆེ་ཞིང། ལས་སྒོ་སྟོང་གི་མདོ་རྩ་ཡང་མ་འོངས་པའི་མི་འབོར་སྤུས་དག་ཅན་བསྐྱང་རྒྱུ་དེ་མི་རིགས་ཤིག་ཡུན་གནས་ཡར་རྒྱས་ཡོང་ཐུབ་མིན་གྱི་གནད་ལ་ཐུག་འདུག་པས། གནད་དེ་སེལ་ཐུབ་པའི་བརྒྱུད་ལམ་ཉག་ཅིག་ནི་ཤེས་ཡོན་སློབ་གསོ་སྤུས་དག་སྒྲུབ་ཐུབ་མིན་ལ་ཐུག སྤྱི་སྒེར་གཉིས་ཀྱི་མདུན་ལམ་བཟང་པོའི་རྨང་འདིང་ཐུབ་མིན་དེ་རྨོངས་དད་ཀྱི་དྲི་མས་མ་གོས་པའི་ཤེས་ཡོན་སློབ་གསོ་བསྒྲུབ་དགོས།
བརྗོད་བྱ་འདི་སློབ་གསོ་རིག་པའི་དཔྱད་ཁོངས་ཤིག་ཡིན་ཞིང་། སློབ་གསོ་འགྲུབ་བྱེད་ཀྱི་ཀ་བ་རྣམ་གསུམ་སྟེ། ཁྲིད་གཞི། དགེ་རྒན། སློབ་མ་བཅས་ལས། ཕྱི་མ་གཉིས་ལྷག་པར་གལ་འགངས་ཆེ་བས། དེ་གཉིས་རྨོངས་དད་ཀྱི་དབང་དུ་ཤོར་ཚེ། སྤྱི་ཡི་སྐྱིད་སྡུག་འཁོར་ཕྱོགས་ཀྱི་ཁ་སྐྱོགས་ལྟ་བུར་འགྱུར་འགྲོ་བས། གཟབ་གནད་ཤིན་ཏུ་ཆེ་ཞིང་། འདི་ལས་ལྷག་པར་དུ་དགེ་རྒན་གྱི་རྨོངས་དད་ཀྱིས་མི་རབས་གསར་བ་ལོགས་ལམ་དུ་འཁྲིད་སྲིད་པ་དང་། སློབ་མའི་རྨོངས་དད་ཀྱིས་སྤྱི་ཚོགས་འཕེལ་ཤུགས་ཉམས་རྒུད་དུ་གཏོང་། ཅི་ཞིག་ལ་དགེ་རྒན་གྱི་རྨོངས་དད་ཟེར་ཞིང་། ཅི་ཞིག་ལ་སློབ་མའི་རྨོངས་དད་ཟེར་ཞེ་ན། འདི་རྨོངས་དད་ཀྱི་རྣམ་གྲངས་བདུན་དང་སྦྱར་ཏེ་དབྱེ་ཞིབ་བྱས་ན་དཔྱད་བདེ་ཞིང་། རང་གི་རིག་གནས་མ་ལག་ལ་བརྟེན་ནས་རང་གི་སྤྱི་ཚོགས་གནད་དོན་བརྟག་དཔྱད་བགྱིས་ན་དེའི་དཔྱད་འབྲས་དེ་རང་གི་སྤྱི་ཚོགས་ནང་ཁས་ལེན་ཐོབ་སླ་བའི་དགེ་མཚན་མཆིས། ཤེས་ཡོན་སློབ་གསོའི་ཁྱབ་ཁོངས་སུ་རྨོངས་པ་རྣམ་བདུན་ལས་གང་བེད་སྤྱད་དེ་དཔྱོད་འཇུག་བྱས་ན་འཐུས་ཞེས་ན། དུས་ལ་རྨོངས་པ། དངོས་པོ་ལ་རྨོངས་པ། འཕོ་བ་ལ་རྨོངས་པ། མཆོག་ལ་རྨོངས་པ། དེ་ཁོ་ན་ཉིད་ལ་རྨོངས་པ། ཀུན་ལ་རྨོངས་པ། བྱང་ལ་རྨོངས་པ། མངོན་པའི་ང་རྒྱལ་ལ་རྨོངས་པ་བཅས་རེ་རེ་ནས་འཇུག་བདེ་ནའང་། དགེ་རྒན་ཞིག་ལ་མཚོན་ན་གང་འཐུས་དང་སློབ་མ་ལ་མཚོན་ན་གང་འཐུས་འཇོག་བྱེད་ལ་ཁྱད་པར་ཅུང་ཟད་མཆིས་ཚུལ་གཤམ་གསལ་ལྟར་ཏེ།
༡༽ དགེ་རྒན་གྱི་རྨོངས་དད་སློབ་མའི་མི་ཚེ།
བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་ཞེས་པའི་མིང་ཡང་མེད། ཅེས་པའི་བཤད་ལུགས་ལྟར། དགེ་རྒན་གལ་ཆེན་ཡིན་ཚུལ་དེ་འཇིག་རྟེན་གསར་རྙིང་སྔོན་ཐོན་རྗེས་ལུས་སོགས་སྤྱི་ཚོགས་ཕལ་ཆེར་ཁ་བརྒྱ་མགྲིན་གཅིག་ཏུ་མཐུན་ཞིང་རྩོད་མེད་ཀྱི་ལྟ་བ་ཞིག་ཏུ་ཆགས་འདུག དེ་ལས་དགེ་རྒན་རྨོངས་དད་ཅན་ཞིག་ཡིན་མིན་རྟོགས་རྒྱུ་དེ་སློབ་གསོ་ཞིབ་འཇུག་གི་གནད་དོན་གལ་ཆེན་ཡིན་པ་སྨྲས་མ་དགོས་པ་ཞིག་ལགས་ན། སྤྱི་དང་འབྲེལ་བའི་རྨོངས་དད་དང་སྒེར་ངོས་ཀྱི་རྨོངས་དད་གཉིས་ལས་སྔ་མ་སློབ་གསོ་རིག་པའི་སེལ་བྱ་ཞིག་ཡིན་ཞིང་། ཕྱི་མ་དགེ་རྒན་རང་གི་སྤུས་ཀར་ཐུག་ཡོད་པས་རང་འདོད་ཀྱི་སེལ་བྱ་ཡིན་པས། འདིར་སློབ་གསོ་རིག་པའི་སེལ་བྱར་གྱུར་བའི་དགེ་རྒན་གྱི་རྨོངས་དད་ཅེས་པ། དེེའི་མཚན་ཉིད་དང་། དེའི་གནོད་སྐྱོན། དེའི་སེལ་ཐབས་བཅས་ཀྱི་ཐད་ནས་དཔྱད་ན། དགེ་རྒན་གྱི་རྨོངས་དད་ཅེས་པའི་མཚན་ཉིད་དེ་རྨོངས་པ་བདུན་དང་སྦྱར་ཏེ་བཞག་ན་འཐུས་པས། རྨོངས་པ་བདུན་ནི། དུས་ལ་རྨོངས་པ། དངོས་པོ་ལ་རྨོངས་པ། འཕོ་བ་ལ་རྨོངས་པ། མཆོག་ལ་རྨོངས་པ། དེ་ཁོ་ན་ཉིད་ལ་རྨོངས་པ། ཀུན་ལ་རྨོངས་པ། བྱང་ལ་རྨོངས་པ། མངོན་པའི་ང་རྒྱལ་ལ་རྨོངས་པ་བཅས་སོ། དགེ་རྒན་ཞིག་ལ་མཚོན་ན། འདུས་བྱས་ཀྱི་དེ་ཁོ་ན་ཉིད་ལ་རྨོངས་པ་དང་། ཀུན་ལ་རྨོངས་པ། བྱང་ལ་རྨོངས་པ་བཅས་ལ་རྨོངས་མི་རྨོངས་བརྟག་རྒྱུ་དེ་གལ་ཆེན་ཏུ་སྣང་ལ། ལྷག་པར་དུ་འཁྲིད་བྱ་དང་ཁྲིད་བྱེད་ལ་མི་རྨོངས་པར་དཔེ་ཁྲིད་ཀྱི་ལག་ལེན་སྣ་ཚོགས་བརྒྱུད་དེ་སྐབས་བབ་དང་བསྟུན་ཁྲིད་ཐབས་གསར་བཏོད་དང་ནང་འདྲེན། འཁྲིད་བྱའི་ནང་དོན་ལའང་བླང་དོར་ཡུལ་དུས་བསྟུན་འཇུག་གནང་ཐུབ་རྒྱུ་ཤིན་ཏུ་གལ། བསླབ་དེབ་ཀྱི་ནང་དོན་གང་བསླབ་པ་གང་དེ་ཤེས་རབ་ཀྱི་གྲོགས་སུ་འགྲོ་ཐུབ་ཅིང་སློབ་མར་རྒྱུ་མཚན་ལྡན་པའི་བློ་བསྐྱེད་ཡོང་ཐབས་ལ་འབད་རྒྱུ་དེ་དགེ་རྒན་རྣམ་པའི་ལས་འགན་གཙོ་བོར་འཇོག་དགོས། བསླབ་དེབ་ཀྱི་ནང་དོན་ལ་སྐྱོན་ཤོར་ན་དེ་སྒྲིག་མཁན་གྱི་ལས་འགན་ལ་འཐུས་ཤོར་བྱུང་བར་ངོས་འཛིན་གནང་དགོས་ལ་སྐྱོན་དེའི་རིགས་མ་བརྟག་མ་དཔྱད་པར་སློབ་མར་དཔེ་ཁྲིད་གནང་ན་དགེ་རྒན་གྱིས་འགན་མ་ཁུར་བའི་སྐྱོན་ཏུ་འགྲོ།
རིགས་ལམ་དང་བསམ་བློ་གཏོང་སྟངས་ལ་དོ་ཁུར་མ་བྱས་པར་རྨོངས་པའི་སྒང་ནས་བསླབ་དེབ་ཀྱི་ནང་དོན་གང་མཆིས་པ་དེ་བཞིན་ཏུ་སློབ་ཁྲིད་གནང་བ་མང་པོ་བྱུང་རྗེས་སློབ་མའི་འཇོན་ཐང་ཡར་རྒྱས་འཐུས་ཤོར་ཕྱིན་པས། སློབ་མའི་མི་ཚེ་ལམ་འགྲོ་ཡོང་བར་ཕན་པ་ལས་གནོད་པ་ཆེན་པོ་བཟོ། དེ་འདྲའི་སློབ་མ་དེ་ཡི་མི་འབོར་བརྒྱ་ཆ་སྤྱི་ཚོགས་ནང་མང་རུ་ཕྱིན་ན་མི་རིགས་གང་དེའི་སྤྱི་ཚོགས་ཧྲིལ་བོའི་སྟོབས་ཤུགས་ཉམས་འགྲོ།
༢༽ སློབ་མའི་རྨོངས་དད་མ་འོངས་པའི་སྤྱི་ཚོགས་ཡར་རྒྱས།
སྤྱི་ཚོགས་དང་མི་རིགས་ཀྱི་འབྱུང་འགྱུར་བདག་པོ་སྟེ་བོད་ཀྱི་མི་རབས་གསར་བ་ལམ་ག་ག་རེ་ཞིག་ཏུ་འཁྲིད་རྒྱུ་དེ་ནི་མི་རིགས་དེའི་མདུན་ལམ་རྒྱང་བྱུས་ཀྱི་ཁོངས་སུ་གཏོགས་པས། ཆབ་སྲིད་ཀྱི་རྒྱུན་སྐྱོང་ཐུབ་མིན་དང་། རིག་གནས་རྒྱུན་འཛིན་ཚད་ཐུབ་ཏུ་བྱེད་ཐུབ་མིན། མི་རིགས་ཀྱི་ངོ་རྟགས་འགྱུར་མིན་གྱི་གནད་དོན་དང་ཐད་ཀར་འབྲེལ་ཞིང་མ་འོངས་བོད་གངས་ཅན་པའི་མི་འབོར་སྤུས་ཚད་ཡག་མིན་བཅས་དང་རག་ལས། མངོན་རྗེས་ཚད་མའི་རིགས་ལམ་རྣོ་ཞིང་དེང་རབས་བསམ་བློ་ཡི་ཁྱད་ཆོས་མངོན་པར་ཕྱུག་པའི་སློབ་མ་བསྐྱང་དགོས་པས་རྨོངས་དད་ཀྱི་དྲི་མ་ཙམ་ཡང་འགོས་མི་རུང་བ་སློབ་གསོ་སྨྲ་བ་ཡོངས་ཀྱི་དགོངས་འཆར་ཏུ་གདའ།
ཐམས་ཅད་ཤེས་ཤིང་རྟོགས་པའི་ལས་ལ་གེགས་བྱེད་པའི་ཤེས་སྒྲིབ་དང་རྒྱུ་མཚན་མ་རྟོགས་པར་རྗེས་སུ་འབྲང་ཞིང་རྨོངས་པ་ལས་ཐར་བར་གེགས་བྱེད་པ་ཉོན་སྒྲིབ་བཅས་གཉིས་ནི་སློབ་གསོ་ཡི་བསལ་བྱ་གཉིས་སུ་ཆགས། དཔེར་ན། རྨོངས་པ་བདུན་ལས། དུས་ལ་རྨོངས་པ། དངོས་པོ་ལ་རྨོངས་པ། འཕོ་བ་ལ་རྨོངས་པ། མཆོག་ལ་རྨོངས་པ། དེ་ཁོ་ན་ཉིད་ལ་རྨོངས་པ། ཀུན་ལ་རྨོངས་པ། བྱང་ལ་རྨོངས་པ། མངོན་པའི་ང་རྒྱལ་ལ་རྨོངས་པ་བཅས་སློབ་མ་དང་འབྲེལ་བའི་དབྱེ་ཞིབ་ལ།
༣༽ བསླབ་གཞི་དང་རིག་གནས་རྨོངས་དད།
བསླབ་གཞི་དང་རིག་གནས་གཉིས་ཀྱི་བར་ན་འབྲེལ་བ་དམིགས་བསལ་ཅན་ཞིག་མཆིས་པས། དེ་གཉིས་བར་གྱི་འབྲེལ་བ་ག་རེ་ཡིན་པ་རྟོགས་རྒྱུ་དེ་ནི་མི་རིགས་གང་དེའི་སྤྱི་ཚོགས་ཡར་རྒྱས་གཏོང་ཕྱོགས་དང་ཐད་ཀར་འབྲེལ་ཞིང་། ཤེས་ཡོན་སློབ་གསོ་ལམ་འགྲོ་ཡོང་མིན་དེའང་དེ་གཉིས་བར་གྱི་འབྲེལ་བ་མཐོང་སྟངས་ལ་ཐུག་ཡོད་པས། དེང་རབས་ཤེས་ཡོན་སློབ་གསོ་ལས་བསླབ་གཞི་སྨྲ་བའི་མཁས་པ་རྣམས་ཀྱི་དཔྱད་འབྲས་དང་འཛམ་གླིང་ཐུན་མོང་གི་བསླབ་གཞི་སྒྲིག་ལུགས་ལྟར་ན། བསླབ་གཞི་ཡི་འབྱུང་ཁུངས་མི་རིགས་གང་དེའི་རིག་གནས་ཡིན་པ་དང་རིག་གནས་ཡར་རྒྱས་གཏོང་ཐུབ་མིན་དེའང་བསླབ་གཞི་ལེགས་སྒྲིག་ཚད་ལྡན་ཡོང་མིན་ལ་ཐུག
བསླབ་གཞི་སྒྲིག་པ་ནི་རིག་གནས་སྙིག་དོར་བཅུད་ལེན་བྱེད་པའི་བརྒྱུད་རིམ་ཞིག་དང་། མི་རིགས་གང་དེའི་སྤྱི་ཚོགས་ལག་ལེན་ཁྲོད་ཐུན་མོང་ནས་བསགས་པའི་ཤེས་བྱ་གསར་བ་དང་དེ་འབྲེལ་གྱི་བརྡ་ཆད་གསར་བ་ཁ་སྣོན་བྱས་ཏེ་འགྲོ་དགོས། སྲོལ་རྒྱུན་རིག་གནས་ཀྱི་བཅུད་ཐོབ་ཅིང་ཡུལ་དུས་གསར་བའི་ཤེས་བྱ་ཟུང་ལྡན་གྱི་མི་རབས་གསར་བ་བསྐྱངས་ན། རང་སྐད་རང་ཡིག་དེ་ཡུལ་དུས་གསར་བའི་རྗེས་ཆོད་ཐུབ་པ་མ་ཟད་རང་གི་སྤྱི་ཚོགས་ཀྱི་ཁྱད་ཆོས་མ་བརླགས་རང་ཚུགས་མ་ཤོར་བར་འགྲོ་ཐུབ།
གལ་གནད་དེ་འདྲ་ཞིག་ལ་ཐུག་ཡོད་པའི་དབང་གིས། རིག་གནས་ལ་རྨོངས་དད་ཀྱི་དྲི་མ་མེད་ན་རྨོངས་དད་དང་བྲལ་བའི་བསླབ་གཞི་བསྒྲིག་པར་རྩ་བའི་ཆ་རྐྱེན་འཛོམས་པ་དང་། རྨོངས་དད་ཀྱི་ཆ་གང་ཡང་མེད་པའི་མངོན་རྗེས་ཚད་མའི་རིགས་ལམ་གསལ་ཞིང་ཡུལ་དུས་ཀྱི་གནས་བབ་ཚད་ཐུབ་ཏུ་དཔོག་ཐུབ་པའི་ཤེས་འཇོན་གཉིས་ལྡན་གྱི་མི་རབས་གསར་བ་གསོ་སྐྱོང་ལའང་ཕན་རླབས་ཆེའོ།།
རྨོངས་དད་དང་ཆབ་སྲིད་འཕོ་འགྱུར།
སྤྱི་ཚོགས་ཀྱི་འཕོ་འགྱུར་ལ། ཡར་རྒྱས་འཕོ་འགྱུར། ཉམས་རྒུད་འཕོ་འགྱུར། རང་བྱུང་ལས་ཀྱིས་འཕོ་འགྱུར་བཅས་གསུམ་ལས། རྨོངས་དད་དང་འབྲེལ་བའི་སྤྱི་ཚོགས་འཕོ་འགྱུར་དེ་ཕྱི་མ་གཉིས་ལས་གང་རུང་དུ་ངེས་ཤིང་། གནས་སྐབས་ཆ་རྐྱེན་དང་གནས་བབ་བཟང་པོ་འདུག་ཀྱང་རྨོངས་དད་ཀྱིས་ཁེངས་པའི་མི་རིགས་སམ་རྒྱལ་ཁབ་དེ་ཉམས་རྒུད་འཕོ་འགྱུར་རམ་རང་བཞིན་ལས་ཀྱིས་ཉམས་འགྲོ་བ་ལས་ལམ་ག་གཞན་ཞིག་སྙེག་དཀའ། སྤྱི་ཚོགས་ནང་རྨོངས་དད་ཅན་གྱི་མི་འབོར་མང་དྲགས་ན་ཆབ་སྲིད་ཀྱི་ངར་ཁ་རྡུགས་འགྲོ་བ་མ་ཟད། ཕུགས་ལ་ཕན་པའི་ཆབ་སྲིད་ཀྱི་ལམ་ག་གསར་བའང་རྙེད་དཀའ།
ཆབ་སྲིད་འཛིན་སྐྱོང་དང་ཡུན་གནས་འཁྱོངས་བྱེད་ཀྱི་སྒྲིག་འཛུགས་རིམ་པ་གང་ཡིན་ཀྱང་དེ་དག་ལམ་འགྲོ་ཡོང་མིན་དེ་གང་ཟག་མི་ལ་ཐུག་ཡོད་པས། མི་ཡི་ནུས་པ་དང་སྤུས་ཀ་གནད་འགག་ཆགས་ཡོད། རྩ་ཁྲིམས་དང་འགྲིག་ཁྲིམས་ལག་བསྟར་སྤུས་དག་ཚགས་ཚུད་ཡོང་ཐུབ་མིན་དེ་སྲིད་གཞུང་གང་ཞིག་དེ་ཡི་ཆབ་སྲིད་ཀྱི་གཞི་རྩ་བརྟན་མི་བརྟན་གྱི་གནད་ལ་ཐུག བབ་འདིར་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཐམས་ཅད་རྨོངས་དད་ཅན་གྱི་ལས་བྱེད་དང་དེ་འབྲེལ་བསམ་བློར་འཛེམ་ཟོན་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེ། དཔེར་ན། གནས་ལུགས་དང་རྒྱུ་མཚན་གཞིར་བཞག་པའི་དྲང་བདེན་དང་། འདྲ་མཉམ་དང་དམངས་གཙོའི་དོན་རྩ་བཅས་ཡུལ་དུས་བསྟུན་འཇུག་གནང་མཁས་དང་། ཐོག་མཐའ་བར་གསུམ་དུ་དམངས་གཙོའི་དོན་རྩ་གཅིག་གྱུར་ལག་བསྟར་གནང་ཐུབ་པའི་རྨོངས་དད་ཅན་མ་ཡིན་པའི་གུ་ཡངས་གང་ཟག་དག་སྒྲིག་འཛུགས་འཛིན་སྐྱོང་གི་འགན་ཁུར་ཐུབ་ན་ཆབ་སྲིད་འཐུས་ཚང་དུ་འགྲོ་བར་ཕན་རླབས་ཆེ་ཚུལ། ལྟ་བུ། རྨོངས་དད་ཤུགས་ཆེར་ཕྱིན་ན་དམངས་གཙོ་རྒྱུན་འཁྱོངས་བྱེད་མི་ཐུབ་པ་མ་ཟད། ཆབ་སྲིད་སྒྲིག་འཛུགས་ཀྱི་ནུས་པ་རིམ་གྱིས་ཉམས་རྒུད་དུ་ཕྱིན་ཏེ་མི་རིགས་སྤྱི་ཡི་ཆབ་སྲིད་མདུན་ལམ་ཉེན་ཁ་ཅན་ཏུ་འགྱུར་སྲིད། འགལ་བ་ལྟག་སྤྲོད་དུ་སྣང་བའི་རྨོངས་དད་དང་དམངས་གཙོ་བར་གྱི་འབྲེལ་བ་དེེར་འཕྲལ་ཕུགས་གཉིས་ཆ་ནས་དམིགས་ཏེ་བསམ་བློ་གཟབ་ནན་གནང་དགོས་པ་དང་། རྨོངས་དད་གཙང་སེལ་ལམ་འགྲོ་ཡོང་སླད་དུ་གནའ་དེང་གཉིས་འགྲོ་ཡི་ཤེས་ཡོན་སློབ་གསོ་སྤེལ་ཏེ་གངས་ཅན་པའི་སྲིད་ལམ་ཡངས་པོར་བསྙེག་པར་འཚལ་ལོ།།
མདོ་བསྡོམས།
རྗེ་ཙོང་ཁ་ཆེན་མོས།
མང་དུ་ཐོས་པ་སྒྲུབ་པ་ལྷུར་ལེན་ཉུང་།།
སྒྲུབ་ལ་བརྩོན་པ་ཐོས་དང་ལྡན་པ་ཉུང་།།
ཐོས་ལྡན་ཉམས་ལེན་གནད་ལ་མཁས་པ་ཉུང་།།
དེ་ཕྱིར་སྲིད་པའི་ཕ་རོལ་འགྲོ་བ་ཉུང་།།
ཞེས་པ་ད་ལྟའི་དུས་འདིར་མི་ལོ་དྲུག་བརྒྱ་ལྷག་གི་གོང་རོལ་ནས་མེ་ལོང་ནང་གཟིགས་པ་ཇི་བཞིན་གསལ་རྗེན་ཏུ་བསྡོམས་ཤིང་། ལྷག་དོན་ཚར་དགོས་པ་ཞིག་ནི་མི་ལོ་དྲུག་བརྒྱ་ལྷག་གི་དུས་སྐབས་ཏེ། རྗེ་བདག་ཉིད་ཆེན་པོས་ཁོང་སྐུ་བཞུགས་པའི་དུས་སྐབས་ཀྱི་སྤྱི་ཚོགས་གནས་སྟངས་དང་ཉམས་ལེན་པའི་གནས་སྟངས་མཁྱེན་རྟོགས་བྱུང་བའི་བསྡོམས་སུ་འཁུམས། སྐབས་དེར་གང་ཟག་དེ་འདྲ་ཡོད་མྱོང་བ་དེ་ཡི་གཤིས་ངན་དེ་དུས་ད་ལྟའང་གནས་བསྡད་པ་དེ་མ་རེད་དམ། མང་ཐོས་སྐྱེས་བུར་ལག་ལེན་གསེར་གྱི་བདུད་རྩི་དཀོན། བརྩོན་ལྡན་མི་བུར་རྒྱ་ཆེན་ཐོས་པ་དཀོན། མང་ཐོས་བརྩོན་ལྡན་དམ་པ་ཉིན་མོ་སྐར་མ་བཞིན། གདོང་དམར་བོད་ཀྱི་སྲིད་ཤུགས་གང་ནས་རྙེད།།
རྨོངས་དད་ཀྱི་ལམ་གར་འཐོམས་བྱེད་ལ་རྒྱུ་དང་རྐྱེན་སྣ་ཚོགས་མཆིས་ཤིང་། དེ་ལས་གང་ལ་འཇུག་པའི་ཡུལ་གྱི་གནས་ལུགས་དང་རྒྱུ་མཚན་རྟོགས་མ་ཐུབ་པ་དང་། རྟོགས་འདོད་ཀྱང་མེད་པ། རྣམ་དཔྱོད་རྒྱས་བྱེད་ཀྱི་ཤེས་ཡོན་སློབ་གསོ་མ་རེག་པ། གྱོང་བོའི་ཨུ་ཚུགས་དང་བློ་རྟུལ་ཡིད་ཆེས་སོགས་ཀྱི་གནས་སྟངས་འོག་བྱུང་ཞིང་། སྤྱི་སྒེར་གཉིས་ཀྱི་བྱ་བ་ཕྲན་ཚེགས་ལ་སྐྱོན་ཆེན་པོ་མེད་ཀྱང་རྨོངས་དད་ཅན་གྱི་མི་འབོར་མང་དྲགས་ན་སྤྱི་ཚོགས་ཡར་རྒྱས་འགྲོ་དཀའ་ལ། མི་རིགས་རང་ལ་གང་ཡོད་ཀྱི་ཆབ་སྲིད་མངའ་ཐང་དང་བཅས་པ་ལག་ནས་ཤོར་འགྲོ་བའི་གནས་སྟངས་མ་བསམ་ས་ནས་ཆགས་འགྲོ ལྷག་དོན་མི་རིགས་ཀྱི་མདུན་ལམ་དང་སྤྱི་ཡི་ཆབ་སྲིད་ཁ་ཕྱོགས་དང་འབྲེལ་བའི་ཐག་གཅོད་ཐམས་ཅད་རྨོངས་དད་ཀྱི་དྲི་མས་མ་གོས་པར་ཚད་ཐུབ་རིགས་པའི་ལམ་ནས་རྒྱུ་མཚན་དང་གནས་ལུགས་གཞིར་བཞག་ངང་ཐག་གཅོད་རྒྱུ་གལ་ཆེ།
བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད། རིག་གནས། དཔལ་འབྱོར་སོགས་སྲིད་པའི་གཡང་གཞི་རྒྱས་བྱེད་ཀྱི་རྒྱུ་དང་རྐྱེན་དང་ཐད་ཀར་འབྲེལ་བའི་མི་ཡི་ལས་དང་བྱ་བ་སྒྲུབ་སྟངས་ལ་སོགས་པ་ཐམས་ཅད་ཁ་ཡོད་ལག་ཡོད་ཀྱི་ཆ་རྐྱེན་དང་བྱེད་པ་པོའི་འཇོན་ཐང་གཞིར་བཞག་སྟེ་འགྲོ་དགོས་པ་ལས། མ་བརྟག་མ་དཔྱད་པར་གཞན་གྱི་ཟེར་སྒྲོས་ཙམ་ལ་ཡིད་ཆེས་བྱས་ནས་བསྒྲུབ་མི་རུང་། ལྷག་དོན་འཇིག་རྟེན་གྱི་བྱ་བའི་འཇུག་ལྡོག་གཉིས་གང་ཡིན་ཡང་གནས་ལུགས་དང་རྒྱུ་མཚན་རྟོགས་པའི་སྒོ་ནས་བསྒྲུབ་པ་གལ། སྒེར་གྱི་མི་ཚེ་དང་སྤྱི་བའི་ཆབ་སྲིད་ཁ་ཕྱོགས་བཅས་ཀྱང་དེ་ལས་མ་འདས་པ་ཤིན་ཏུ་གསལ།།
གོང་དུ་བརྗོད་ཟིན་པ་ལྟར། རྨོངས་དད་ཀྱི་ངོ་བོ་དང་། རིགས། ཤུགས་རྐྱེན། འགྲོ་ཕྱོགས། གནོད་པ་བཅས་བརྟག་དབྱེ་ཅུང་ཙམ་བྱས་པ་བརྒྱུད་ཤེས་སླ་བ་ཞིག་ནི། ང་ཚོའི་ལག་ནས་ལུང་པ་ཤོར་བ་དེ་རྨོངས་དད་མང་དྲགས་པའི་འབྲས་བུ་ཞིག་གམ་ཡང་ན་དེ་ལ་འབྲེལ་བ་མེད་ཅེས་བརྗོད་ཁག་པོ་རེད། བོད་གངས་ཅན་པར་མདུན་ལམ་ཡག་པོ་ཞིག་དགོས་ན། ཐོག་མར་རྨོངས་དད་ཀྱི་སྲོལ་ངན་གཞི་ནས་སྤངས་ཏེ་རང་གི་མངའ་ཁུངས་སྤྱི་ཚོགས་ནང་གི་མི་འབོར་ཁྱོན་ལ་ཤེས་ཡོན་སློབ་གསོ་ཚད་ལྡན་སྤྲད་དེ་མི་རེ་ངོ་རེ་ནས་སོ་སོའི་ལས་དང་བྱེད་པ་གང་རུང་གི་འགོ་མཇུག་བར་གསུམ་ལ་འགན་ཁུར་ཐུབ་ཅིང་། ཤེས་རབ་ཀྱི་གྲོགས་སུ་འགྲོ་ཐུབ་པའི་དད་པ་དང་འཇིག་རྟེན་གསང་བའི་ཕུགས་བསྔོག་པར་རྣམ་དཔྱོད་ཀྱི་ངར་ཁ་བརྩན་ཞིང་སྤྱི་སེམས་འཚེ་མེད་བརྟན་པོ་ཡོད་པའི་མི་རིགས་ཤིག་ཏུ་ཆགས་ན། གོང་ས་༧ མཆོག་གི་ཐུགས་རེ་ལྟར་ཕྱིན་པའི་ངེས་དོན་ཏུ་སྨིན་ནོ།། །།

