གློག་ཞགས། ཨ་རི།
ཚིག་གི་དབུ་ཁྱུད།
སྤྱིར་བོད་བཙན་པོའི་རྒྱལ་རབས་ནི་སྐབས་དེའི་ཨེ་ཤ་ཡའི་ས་ཆེན་པོར་དབང་སྒྱུར་པའི་རྒྱལ་རབས་བཙན་ཤོས་དེ་ཡིན་སྟབས། སྐབས་དེའི་རྒྱལ་བོ་དག་གི་མཚན་དེ་ཁུངས་ལུང་མེད་པར་བཏགས་ཆོག་ཆོག་ཅིག་མིན་མོད། འདིར་བགྲོ་བར་བྱ་རྒྱུ་དེ་ནི་སྤྱི་ནོར་༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ང་ཁྲི་སྲུང་ལྡེའུ་བཙན་གྱི་སྐྱེས་པ་ཡིན་པར་དྲན་གྱིན་འདུག་ཅེས་ཐེངས་མང་གསུངས་མྱོང་བའི་དབང་གིས་ཁ་བརྡ་ཐུང་ངུ་འདིའི་བརྗོད་བྱ་ཡང་ཁྲི་སྲུང་ལྡེའུ་བཙན་གྱི་མཚན་གྱི་གནའ་ཡིག་གི་འབྲུ་འགྲེལ་ཙམ་ཡིན་པ་གང་ཞིག་ལ། ལོ་རྒྱུས་ནི་ལོ་རྒྱུས་རིག་པ་ནས་ལོ་རྒྱུས་མཚན་ཉིད་རིག་པར་འཕེལ་ཏེ་ལོ་རྒྱུས་ཀྱི་མངོན་སུམ་དེ་ཡུལ་དང་ཡུལ་ཅན་གང་གི་སྟེང་དུ་འཇོག་ཆོག་མིན་གྱི་རིགས་པའི་རྣོ་དབལ་འབྲོང་རྭ་བརྡར་བ་ལྟར་བྱེད་བཞིན་པའི་སྐབས་འདིར། ཆབ་སྲིད་དང་ཆོས་ལུགས་ཀྱི་ཞེན་པས་བསྐྱེད་པའི་འདོད་སྲེད་དང་དད་པ་རྐྱང་བ་ཙམ་གྱི་དམིགས་པ་སྔོན་དུ་བཏང་ནས་བདེན་དོན་ལ་གཡོལ་ཐབས་ཀྱི་བསྟུད་ཞུགས་དོར་ཏེ་གནའ་རབས་ཀྱི་བརྡ་དོན་ལ་གཞིགས་ནས་ཤིན་ཏུ་མདོར་བསྡུས་སུ་འགྲེལ་བར་བྱ་རྒྱུ་ཡིན།
ཚིག་གི་རྩ་བ།
སྤྱིར་བོད་རྗེ་འདིར་བསམ་ཡས་རྒྱལ་པོ་དང་ཁྲི་བཙན་པོ་ཞེས་པའིི་མཚན་གྱི་རྣམ་གྲངས་ཡོད་མོད། འཕྱོང་རྒྱས་སྟག་རྩེ་རྡོ་རིང་གི་ཡི་གེ་དང་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་དོན་ཆེན་གནད་བསྡུས། བསམ་ཡས་རྡོ་རིང་དང་ཅོང་ངོས་ཀྱི་ཡི་གེ ཁྲི་སྲོང་ལྡེ་བཙན་སྐབས་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཀྱི་ཡི་གེ་དང་པོ་དང་ཏུང་ཧོང་ཡིག་རྙིང་བཅས་སུ་ཁྲི་སྲོང་ལྡེ་བཙན་ནམ་ཁྲི་སྲོང་ལྡེའུ་བཙན་ཞེས་ཞུ་བཞིན་པའི་ཡིག་རྙིང་ཁུངས་ལྡན་དག་ལ་གཞི་བཅོལ་ནས་ཁྲི་སྲོང་ལྡེ་བཙན་ནམ་ཁྲི་སྲོང་ལྡེའུ་བཙན་པོ་ཞེས་པའི་མཚན་འདིར་འབྲུ་འགྲེལ་ཙམ་ཞུས་པ་ཡིན་ན། ཁྲི་དང་སྲོང་། ལྡེ་དང་ལྡེའུ། བཙན་པོ་ཞེས་པ་ལས་ཁྲི་ཞེས་པའི་བརྡའི་གཉུག་དོན་ལས་འཕྲོས་ཏེ་རྗེས་གྲུབ་ལྟ་བུའི་བཞུགས་སྟེགས་སམ་མཆོད་སྟེགས་ཞེས་སྟེགས་བུ་མཐོན་པོ་ཞིག་ལ་གོ་བའི་དབང་གིས་ལོ་རྒྱུས་ལ་འགྲེལ་ལོག་དང་ནག་རྒྱག་མང་བོ་ཞིག་འབྱུང་བཞིན་ཡོད་མོད། དོན་དུ་ཁྲི་ཞེས་པ་ནི་བོད་ཀྱི་ཡིག་རྙིང་ཇོ་སྲས་ལྡེའུ་ལས་ཁྲི་ནི་རྒྱལ་བའོ་ཞེས་ཁྲི་ཞེས་པའི་གནའ་ཡིག་གི་གཉུག་དོན་ནི་དགྲ་ལས་རྣམ་པར་རྒྱལ་བའི་དོན་དུ་གོ་བཞིན་ཡོད་པ་གསལ་འགྲེལ་གནང་ཡོད། སྲོང་ཞེས་པ་ནི་འཁྱོག་པོ་མ་ཡིན་པར་དྲང་མོར་བྱེད་པའམ་བདེན་པའི་དོན་ཡིན་པ་དེར་གནའ་དེང་གི་བརྡར་ཚིག་གི་རྣམ་གྲངས་ཙམ་ལས་གཉུག་དོན་གོ་མི་ཐུབ་པ་ཞིག་མིན་སྟབས་སྐྱུང་བར་བྱེད། ལྡེ་ནི་ལྡེ་རྒྱལ་པོ་དང་རྗེ་རྒྱལ་པོ་ཞེས་རྗེ་དང་ལྷ། རྒྱལ་པོ་བཅས་ནི་་བརྡའི་གསར་རྙིང་ཙམ་ལས་དོན་གཅིག་མིང་རྣམ་གྲངས་ཙམ་ཡིན་པ་དེར་ལུང་ཉོག་མང་བོ་འདྲེན་དགོས་དོན་མེད་པར་སྣང་། འུ་དང་རུ། གུ་དང་བུ་བཅས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་སྟེ། དཔེར་ན་སྟག་རུ་གཉན་གཟིགས། སྟག་གུ་སྙ་གཟིགས། སྟག་བུ་སྙ་གཟིགས་ཞེས་སྦྱོར་བཞིན་པ་སོགས་ལས་ཤེས་ཐུབ་ཅིང་། འུ་དང་རུ། གུ་སོགས་ནི་བུའམ་ཞེ་ས་སྦྱར་ན་སྲས་ཞེས་པའི་དོན་ཡིན་པ་སྟེ། དཔེར་ན་སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་བོད་ཀྱི་གདུང་རབས་དང་རྣམ་ཐར་ཐུང་ངུ་དྲུག་ཅེས་པ་ལས། རྒྱལ་པོའི་སྲས་ལ་ལྷ་སྲས་དང་ལྡེ་སྲས་ཞེས་ལྡེའུ་ནི་རྒྱལ་སྲས་ཞེས་པའི་དོན་ཡིན་པ་དེ་གསལ་བོར་བཀོད་མཛད་ཡོད་པ་བཅས་ལས་ཁྲི་སྲོང་ལྡེ་བཙན་ནམ་ཁྲི་སྲོང་ལྡེའུ་བཙན་པོ་ཞེས་པ་ནི་རྒྱལ་བ་བདེན་པའི་རྒྱལ་བོ་བཙན་པོའམ་རྒྱལ་བ་བདེན་པའི་རྒྱལ་སྲས་བཙན་པོ་ཞེས་པའི་དོན་དུ་འབབ་ཅིང་། དེ་ཡང་རྒྱལ་བ་ནི་དྲག་པོའི་དགྲའི་དཔུང་ཚོགས་ལས་རྣམ་པར་རྒྱལ་བ་དང་ཉོན་མོངས་ལས་རྣམ་པར་རྒྱལ་བ་གང་དུ་འགྲེལ་ཆོག་ནའང་། དུས་རབས་ཀྱི་དབང་གིས་བཙན་པོ་སྔོན་མ་དག་གི་ཁྲི་ནི་དྲག་པོའི་དགྲའི་དཔུང་ཚོགས་ལས་རྣམ་པར་རྒྱལ་བ་དང་བོད་ཀྱི་ཐུབ་བསྟན་པ་དག་ལྟར་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་འབོད་པའི་ཁྲི་ནི་སྐབས་དེའི་མཛད་པ་དང་སྦྱར་ན་ཉིས་ཆར་གོ་ཆོག་པ་ལྟ་བུ་ཞིག་ཏུ་སྣང་མོད། བོད་ཀྱི་གཤེན་བསྟན་པ་དག་ལྟར་ན་སྔ་མོ་ནས་གཞུང་དོན་ཐུན་མོང་མ་ཡིན་པ་ཡོད་པར་བཞེད་པས་དཔྱད་དགོས། གཞན་བཙན་པོ་ཞེས་པ་དེའང་གདུང་དང་རུས་ལ་གོ་བཞིན་པ་དང་། རྒྱལ་པོར་གོ་བཞིན་པའི་སྐབས་ཡོད་མོད། གཉུག་དོན་ནི་གཡུལ་གྱི་དཔུང་ཚོགས་ཀྱི་དགྲ་ལ་བཙན་པ་དང་ཉོན་མོངས་ཀྱི་དགྲ་ལ་བཙན་པ་གང་རུང་དུ་བཀྲལ་ཆོག་པའི་རལ་གྲི་སོ་གཉིས་མ་ལྟ་བུའི་བརྡ་དོན་ཡོད་ཀྱང་དུས་རབས་གང་དེའི་རིག་གནས་ཀྱི་ཤུགས་རྐྱེན་དང་འབྲེལདགོས་པ་གལ་ཆེ་བར་སྙམ
འཕྲོས་བཤད་སིལ་མ།
ལྡེ་དང་ལྡེའུའི་གཉུག་དོན་ནི་རྒྱལ་པོ་དང་རྒྱལ་པོའི་སྲས་ཀྱི་བརྒྱུད་པར་གོ་བཞིན་ཡོད་སྟབས། བོད་ཀྱི་ལོ་རྒྱུས་སུ་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པ་དེར་ཡང་ནག་རྒྱག་མང་བོ་ཞིག་བྱེད་ཀྱིན་ཡོད་མོད། དོན་དུ་སྲིད་པའི་སྒྲུང་དང་བོན། རྒྱལ་པོའི་སྲས་རིམ་བརྒྱུད་ཀྱིས་བསྐྱངས་ཞེས་པའི་དོན་ཡིན་པར་གསལ། དེ་བཞིན་བོད་ཀྱི་རྒྱལ་རབས་སུ་གནམ་དང་ཉི་ཟླ། ས་ཆུ་བཅས་ལ་མཆོད་པའི་རིག་གནས་གཞིར་བཟུང་གིས་གནམ་གྱི་ཁྲི་བདུན་ནམ་གནམ་གྱི་རྒྱལ་བོ་བདུན། སའི་རྒྱལ་པོ་དང་ཆུའི་ལྡེ་བརྒྱད་དམ་ཆུའི་རྒྱལ་པོ་བརྒྱད་ཅེས་སོགས་སུ་བཏགས་པ་ལས་གང་འདོད་དུ་བཏགས་པ་ཞིག་མིན་པ་དེ་གསལ་བོ་ཡིན་ཞིང་། དུས་རབས་བཅུ་བ་བཅུ་གཅིག་ཙམ་དུ་ཡང་ད་དུང་རྒྱལ་པོ་ལ་ལྡེ་དང་སྲས་ལ་འུ་ཞེས་བཀོལ་སྲོལ་ཡོད་པ་སྟེ། ང་ཚོས་ཇོ་སྲས་ལྡེའུ་དང་མཁས་པ་ལྡེའུ་ཞེས་བཀར་བཞིན་པའི་ལྡེའུ་ཞེས་པའང་དོན་དུ་རྒྱལ་སྲས་ཀྱི་རིམ་པ་བརྗོད་པའམ་རྒྱལ་རབས་ཞེས་པའི་དོན་ཡིན་འདུག་ཅིང་། གཞན་ཇོ་དང་ཇོ་བོ། ཕ་དང་ཕ་བ་ཞེས་པའི་གཉུག་དོན་ཡང་རྒྱལ་པོའི་དོན་དུ་འགྲོ་བཞིན་ཡོད་པ་སྟེ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། འབངས་ཀྱི་ཆབ་སྲིད་སྐྱོང་ཞིང་རྨང་གི་བུ་གསོ་བས། ཕ་བ་རུ་མཚན་གསོལ་ལོ། ཞེས་དང་། ཁམས་གསུམ་སྲིད་གསུམ་གྲོལ་ཕུགས་ཤེས་པས། ཕ་ཇོ་རུ་མཚན་ཀྱང་གསོལ་ལོ། ཞེས་རྒྱལ་སྲས་ཆེན་པོར་ཕ་ཇོ་རུ་ཞེས་འབོད་བཞིན་པ་སོགས་མང་དུ་མཆིས། མདོར་ན་ཇོ་ནི་རྒྱལ་པོའི་དོན་ཡིན་སྟབས་ཇོ་རུ་དང་ཇོ་སྲས་ཞེས་པ་ནི་རྒྱལ་སྲས་ཞེས་པར་འཇུག་གིན་འདུག་པས་ན། གླིང་སྒྲུང་དུ་གླིང་གེ་སར་རྒྱལ་པོའི་མཚན་ཐོག་མའང་ཇོ་རུའམ་ཇོ་སྲས་ཞེས་རྒྱལ་སྲས་ཀྱི་དོན་ཡིན་པ་དེར་དོ་སྣང་གནང་མཁན་ད་ལྟའི་ཆར་མཐོང་མ་སོང་མོད། གཉུག་དོན་གྱི་ཐ་སྙད་གཅིག་གིས་ཀྱང་གེ་སར་རྒྱལ་པོ་ནི་རྟ་རྒྱུག་འགྲན་སྡུར་ལས་བུད་དེ་རྒྱལ་པོར་བསྡད་པའི་ལྷ་སྒྲུང་ལ་དོགས་གཞི་ཆེན་པོ་ཞིག་རྙེད་ཐུབ།
དེ་བཞིན་དུ་ཐ་སྙད་གཅིག་ལ་ནག་རྒྱག་དང་འགྱུར་བཅོས་བཏང་བའི་དབང་གིས་ལོ་རྒྱུས་ཀྱི་སྤྱི་ཁོག་གཏོར་བཞིན་ཡོད་པ་སྟེ། དཔེར་ན། ཡིག་རྙིང་ཁག་ཏུ་སྙ་གཟིགས་དང་སྙ་ཁྲི། ཉ་ཁྲི། ཉག་ཁྲི་དང་གཉའ་ཁྲི་སོགས་ཀྱི་གཉུག་དོན་ནི་གཉན་ཡིན་པ་དེ་སྙ་དང་གཉན། ཉ་དང་གཉན་བརྗེས་རེས་ཀྱིས་བཀོལ་བཞིན་པ་ལས་གསལ་ལ། བཀའ་ཆེམས་ཀ་ཁོལ་མ་རུ། འདིའི་ཡོན་ཏན་ནི་རི་ཡ་གི་གཉིས་ཀྱི་ཤར་ན་རྗེ་གཉན་ཁྲི་བཙན་པོའི་གདུང་བརྒྱུད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་ལྷ་ཁང་ཡོད་ཅེས་པ་སོགས་ལས་གསལ། བཙན་པོའི་སྐབས་སམ་དེའི་ཡར་སྔོན་དུ་ད་ལྟ་ལོ་རྒྱུས་སུ་མངོན་བཞིན་པའི་སྒ་འབྲུ་ལྡོང་སྟོང་དུ་འབོད་བཞིན་པའི་རུས་ལས་སྔ་བའི་བཙན་དང་གཉན། གཙུག་དང་ཡས་སམ་ལྷ་དང་། ངམ་ངམ་འདྲེ་ཞེས་པ་སོགས་ནི་བོད་ཀྱི་མེས་པོའི་རུས་ཆེན་པོ་དག་ཡིན་པ་དེ་དབུ་ནག་མའི་འདྲ་ཆག་སོགས་སུ་གསལ་ཡོད་སྟབས། གཉན་ཁྲི་བཙན་པོའམ་མེས་་པོའི་རུས་ཆེན་གཉན་གྱི་རྒྱལ་པོ་བཙན་པོ་ཞེས་པའི་དོན་དུ་བབ་འདུག་མོད། ཉ་དང་སྙ། ཉན། གཉའ་ཁྲི་བཙན་པོ་ཞེས་པའི་ཉན་དང་སྙ་སོགས་ཀྱི་བརྡ་དོན་མ་ཆོད་པར་གཉའ་ལ་ནག་རྒྱག་གིས་གཉའ་ལ་ཁུར་ཡོང་ཞེས་བཙན་པོ་ཐོག་མའི་འབྱུང་ཁུངས་ཀྱི་སྤྱི་ཁོག་བརླགས་ཡོད་པ་དང་། གཞན་རླངས་ཀྱི་པོ་ཏི་བསེ་རུ་ལས་ལྷ་གཟིགས་སོགས་ཀྱི་མིང་འདོགས་སྟངས་ཡོད་པ་ལྟར་དུ། སྟག་རུ་གཉན་གཟིགས་ནི་དཔའ་བོ་སྟག་གི་བུའམ་སྲས་དང་མེས་པོ་གཉན་གྱིས་སྐྱོང་བའམ་གཟིགས་པ་ཞེས་པའི་དོན་ཡིན་མོད། བཏགས་སྒྲུང་དང་བཅས་རི་ལ་གཉན་འགྲོ་བ་མཐོང་ནས་སྟག་རི་གཉན་གཟིགས་བཏགས་ཞེས་སྤྱན་ལ་སྨན་བཅོས་མ་བྱས་པའི་སྔོན་དུ་བཙན་པོར་མཚན་མེད་པ་ལྟ་བུ། དར་མ་འུ་དུམ་བཙན་པོར་མཚོན་ན་འདིར་ཐུབ་བསྟན་བསྣུབས་ཡོད་མེད་དེ་བརྗོད་བྱ་མིན་པས་བསྐྱུངས་པར་བྱ་ལ། འཇམ་དཔལ་རྩ་རྒྱུད་དུ། ས་སྲུང་དང་ནི་བེ་འུ་དང་།། འོད་ལྡན་ཉིད་ནི་ཕྱི་མ་ཡིན།། ཞེས་པའི་བེའུ་ཞེས་པ་དེ་བཙན་གྱིས་གླང་ལ་བསྒྱུར་ནས་གླང་དར་མ་དང་ཀ་ཐོག་ཆོས་འབྱུང་སོགས་སུ་རྒྱལ་པོ་བེའུ་དར་མ་ཞེས་གླང་ལ་འགྲེལ་བཞིན་ཡོད་མོད། དོན་དུ་བེའུ་ཞེས་པ་དེ་ཕྲན་གྱིས་བོན་གྱི་ཡིག་རྙིང་ཞིག་ཏུ་མཐོང་བ་ལྟར་ན་བཀྲ་ཤིས་པའི་དོན་ཡིན་པར་གསུངས་འདུག གཞན་མཁས་དབང་ནམ་མཁའ་ནོར་བུས་ཞང་སྐད་དུ་གཏུགས་ནས་ཨུ་ཞེས་པ་གསང་བ་ཞེས་པའི་དོན་དང་དུམ་ཞེས་པ་རྣམ་པ་ཞེས་པའི་དོན་ཡིན་སྟབས། གསང་རྣམ་རྒྱལ་པོ་ཞེས་པའི་དོན་དུ་འགྲེལ་འདུག་མོད། དར་མ་ཞེས་པ་ནི་བོད་ཀྱི་ཡིག་རྙིང་སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་སུ་དྷརྨའམ་ཆོས་ཀྱི་དོན་ཡིན་པ་ཧ་ཅང་གསལ་ལ། ཐང་ཡིག་གསར་མར་དུས་རབས་དྲུག་པར་སངས་རྒྱས་ཀྱི་བསྟན་པ་སྤེལ་མཁན་བོདྷིདྷརྨ་ལ་菩提达磨ཞེས་དང་བོད་ཀྱི་སྐབས་སུ་དར་མ་ལ་达磨ཞེས་གཅིག་ཏུ་བསྒྱུར་ཡོད་པ་སོགས་ལས་་ལུང་ཉོག་མང་བོ་འདྲེན་མི་དགོས་པ་ལྟ་བུ་ཞིག་ཡིན་ལ། རུ་དང་གུ འུ་དང་ཨུ། བུ་སོགས་ནི་བོད་ཀྱི་ཡིག་རྙིང་སྤྱིའི་འགྲོས་དང་མཐུན་པར་བུའམ་སྲས་ཞེས་ཆོས་ཀྱི་སྲས་པོ་ཞེས་པར་གོ་དགོས་པ་ལས་དར་མ་བཙན་པོའི་སྐབས་སུ་བོད་ཀྱི་ཞང་སྐད་ལ་གཏུགས་དགོས་པའི་རྒྱུ་མཚན་ཞིག་མཐོང་མ་སོང་ལ། གཞན་འུ་ནི་བསྟན་པ་སྔ་དར་སྐབས་ཀྱི་འབྲི་སྲོལ་དང་ཨུ་ཞེས་པ་དེ་བསྟན་པ་ཕྱི་དར་སྐབས་སམ་མཁས་པའི་དགའ་སྟོན་དང་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་བཅས་སུ་གཞི་ནས་ཐོན་པ་ཞིག་ཡིན་པས་ཀྱང་རྟོགས་ཐུབ་པ་འདྲ་བོ་ཞིག་རེད་སྙམ་པ་དང་བཅས་བོད་ཀྱི་ལོ་རྒྱུས་ཀྱི་འབྲུ་དོན་ལ་དོ་སྣང་ཡོད་མཁན་དག་ལ་དཔྱད་གཞི་ཙམ་དུ་ཕུལ་ལོ།།
སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ༠༩བའི་ཚེས་༡༤ཉིན་ཨ་རིའི་རྒྱལ་ས་ནས།
ཧྥ་ཇག་དྲ་བ་ལས་དྲངས།