གནམ་གྱིས་མི་ཁེབས་པའི་མི།

ཁ་བའི་ཚེར་མ། ཉིན་ཧོང་།

ལྷ་དང་སྲུང་མའི་དཔང་རྟགས་མི་མཁོ།།
མིག་ལ་དཔྱངས་པའི་བདེན་པའི་ཏན་རྟགས།།
ས་ཆེན་གཡོ་བའི་མཛད་པའི་རླབས་ཀྱིས།།
ཕྱི་ནང་ཁམས་ཀྱི་སེམས་པ་བརླན་ཡོད།།

གངས་རི་བརྩེགས་པའི་རི་ལུང་བརྩན་པོར།
རིང་ནས་བརྐྱངས་པའི་བརྩེ་བའི་དམུ་ཐག
ལས་དང་སྐལ་བའི་རྟེན་འབྲེལ་སྨིན་པས།།
ཞབས་ཟུང་གངས་ཀྱི་རི་ལ་དཔར་ཡོད།།

ཁ་བ་སྐམ་པའི་ལས་དབང་དམར་པོ།།
བསོད་ནམས་འཐག་པའི་བོད་མིའི་ལས་ལ།།
སྐུ་ཡི་མཛད་འཕྲིན་བསྟར་བའི་ཕྲེང་བ།།
ལག་ཟུང་དད་པའི་སྣོད་ལ་མ་ཤོང་།།

གླིང་བཞི་བཀང་བའི་འོད་ཀྱི་ཕུང་པོ།།
བསོད་ནམས་ཆུང་བའི་སྣོད་ལས་ཤོར་ཡང་།།
བྱམས་དང་བརྩེ་བའི་ཕྱག་ཟུང་ཡངས་པོས།།
བསྐལ་པས་ཡུལ་ནས་གངས་རི་སྐྱོར་ཡོད།

ཚེ་རབས་སྟོབས་ཀྱི་མཐུ་དང་སྨོན་ལམ་
སྐུ་དང་བཀོད་པའི་འཕྲིན་ལས་རིང་མོ།
བོད་ཀྱི་ལས་དང་ལམ་ཀྱི་ཐིག་རིས།།
གླིང་ཆེན་འདི་ཡི་གཙུག་ལ་འཐེན་ཡོད།།

ལོ་ཟླ་མཐུད་ནས་སྐུ་ཡི་གསང་གསུམ།།
བོད་ལ་བསྟིམས་པའི་བགྲང་ཡས་མཛད་པ།།
གླིང་བཞིར་བརྐྱངས་པའི་ཞབས་རྗེས་རིང་མོ།།
བསོད་ནམས་ཟད་པའི་མི་ཡིས་མི་གོ།།

རིང་ནས་གོམས་པའི་གསུང་གི་མཛད་པ།།
རུས་མེད་འགྲོ་བའི་སེམས་ལ་འཐིམས་པས།།
ངལ་ཞིང་དུབ་པའི་ལུས་དང་སེམས་པ།།
གསོ་བྱེད་སྨན་གྱི་གཏེར་ཁ་ཕྱེ་ཡོད།།

ཉེ་རིང་བྲལ་བའི་སྙིང་རྗེའི་ཆོ་འཕྲུལ།།
མཐོ་དང་དམན་གྱི་འགྲོ་ལ་སྙོམས་པའི།།
ཟབ་ཡངས་ཐུགས་ཀྱི་ཞིང་ས་གཤིན་པོ།།
སྣོད་ལྡན་གདུལ་བྱས་འཇིག་རྟེན་གང་ཡོད།།

གླིང་ཆེན་སྐྱེ་རྒུའི་གཙུག་ན་བརྗིད་པའི།།
ཟབ་བརླིང་སྐུ་དང་གསུང་གི་འཕྲིན་ལས།།
ཉིན་དང་མཚན་ལ་འཕེལ་བའི་རྣམ་ཐར།།
གནམ་གྱིས་མ་ཁེབས་སྲིད་པ་བརྒལ་ཡོད།།

གོ་ལའི་ཁྱིམ་ན་འཛུམ་པའི་ཞལ་རིས།།
ལན་གཅིག་མཐོང་པས་ཡིད་ཀྱི་རྒུད་པ།།
དྲུང་ནས་འབྱིན་པའི་བྱིན་རླབས་འོད་ལ།།
འཚང་བའི་སྐྱེ་བོ་རྡུལ་གྱིས་མི་ལང་།

རྟེན་འབྱུང་ལྟ་བའི་མྱོང་བ་རྗེན་པ།།
གོ་སླའི་གསུང་གི་གཏན་ཚིགས་རྣོན་པོ།།
གཤིས་ལ་སྣུན་པའི་བདེན་པའི་འཕྲུལ་གྱིས།།
འཁོར་བའི་འཚང་ལ་ཕྱི་ནང་བརྗེས་ཡོང་།།

འཇིག་རྟེན་འཁོར་བའི་བདེ་སྡུག་སྦྲུམ་ནས།།
སྣོད་བཅུད་གཉོར་བའི་སྙིང་སྟོབས་བསྐྲུན་ཡོད།།
མི་ཆོས་དོན་ལ་ཟབ་བརླིང་སྤྱིན་པའི།།
སྐྱེ་རྒུའི་གཙུག་ན་འཛུམ་གྱིས་གཏམས་ཡོད།།

ཚེ་རབས་ལས་ཀྱི་བླ་མའི་ཐུགས་རྗེ།།
བྱིན་རླབས་འོད་ཀྱི་ཟེར་མའི་ངོགས་སུ།།
ཆ་ཙམ་མི་འབྲལ་བསོད་ནམས་ཕུང་པོ།།
དད་པའི་རླབས་ཀྱིས་རི་མོར་བབས་སོང་།།

ཞི་བདེ་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་ལྷ་མིའི་འདྲེན་པ་ཆེན་པོ་མཆོག་དགོངས་ལོ་དགུ་བཅུར་ཕེབས་པའི་འཁྲུངས་སྐར་དུ་ཁ་བའི་ཚེར་མས།།

སྔོན་མ།
འཛམ་བུ་གླིང་གི་མཁས་དགུའི་གཙུག་རྒྱན་ཏུ་གྱུར་པའི་བོད་མི་ཐོག་མ་གང་དེའི་གོ་སྟོན་དང་རྒྱ་ནག་གཞུང་གིས་ཉིན་ཉི་ཤུ་ལ་ཕྱི་ཕྱོགས་སུ་འབྲེལ་བ་སྤུ་ཙམ་ཡང་བྱ་མི་ཆོག་ཟེར་བ་དེ་ནི་ང་ཚོར་མཚོན་ན་ཉིན་ཉི་ཤུ་ལ་སྔར་ལས་ལྷག་པའི་སྨོན་ལམ་དང་གསོལ་བ་ཕུར་ཚུགས་སུ་ཐོབས་ཟེར་བ་དང་འདྲ་ཟེར།
རྗེས་མ།
༄།། ༧གངས་ཅན་མགོན་པོའི་གོ་སྟོན་དགྱེས་མཆོད།

Leave a Reply

keyboard_arrow_up