གྲོང་གི་འཇིགས་པ།

ཨ་འབྲུག་དཀོན་མཆོག (རྒྱ་གར།)

 

སེམས་ཀྱི་བྱེ་ཐང་སྐྱ་མོ་རུ།།

རེ་བའི་རྐང་རྗེས་ཡལ་བ་ན།།

འགྱོད་གདུང་རླུང་གི་ཤུབ་སྒྲ་ནི།།

སྨག་གི་མདངས་དང་ལྷན་ཅིག་རྒྱུ།།

 

སྐྱོ་ངལ་འདམ་གྱི་རྫིང་བུ་ལ།།

དྲན་སྣང་སྐར་མ་རབ་རིབ་དག།

རེས་འཚེར་རེས་མོག་མ་ངེས་པ།།

ཀྱེ་མ་མི་ཚེའི་མཚན་མོ་རིང་།།

 

སྡུག་གི་ལུས་པོ་མ་ཐེག་པའི།།

སྐྱེ་བོའི་ཚོགས་ཀྱི་སྒྱིད་པ་ནི།།

ཆུ་མིག་ནང་གི་ཚེས་རིས་ཀྱི།།

འདར་བའི་རི་མོ་གཉོམ་པོའི་ཆ།།

 

སྙིང་ལ་ལྕི་བའི་གདུང་བ་ནི།།

བྲང་གི་གཞུང་ལ་མ་ཤོང་བས།།

ཕྲ་བ་དབུགས་ཀྱི་རྒྱུ་བ་ཡང་།།

ཤུགས་རིང་རླུང་གི་གདངས་སུ་འཁྱིལ།།

 

ཚོར་བ་གློག་འགྱུ་རུས་གཟན་མ།།

ཁྲག་གི་རླངས་པར་ཐིམ་པ་ན།།

གདངས་ལ་རི་མོ་འབེབས་པ་ཡི།།

ཚིག་གི་ཚོན་རིས་སྡེབ་ཁ་འཁྲུག།

 

གྲིབ་རིས་ཆུ་ལ་ཤར་བའི་ངོར།།

མཛེས་པའི་ཚོན་རིས་ཇི་ལྟར་འབྲི།།

ཚོར་བ་རླུང་ལ་འཐབ་པའི་དབུས།།

ཡིད་བརྟན་རྡོ་རིང་ཅི་ལྟར་སློང་།།

 

བརྩེ་བའི་མཁར་ཆེན་ཞིག་པ་ན།།

ཉིན་མོ་འདི་ཡང་མུན་ནག་སྟེ།།

ཁ་དོག་ཡལ་བའི་འཇིག་རྟེན་དུ།།

ཆུ་བུར་མིག་ལ་སྤྱོད་སྒོ་གང་།།

 

དྲན་པས་ཕྱི་ཕྱིར་འཐེན་པ་དང་།།

གདུང་བས་ཚུར་ཚུར་བསྡམས་པ་ཡི།།

སེམས་ཀྱི་ཉག་ཐག་གཉོམ་པོ་འདིས།།

དབུགས་ཀྱི་རྡུལ་ཡང་འདེགས་ལ་ངལ།།

 

གདོང་པ་སྐེག་གིས་མཛེས་ན་ཡང་།།

སྙིང་ཁམས་གདུང་བས་མནར་བ་ཡི།།

གཞོན་ཆུང་མིག་གི་ཟིལ་བ་ནི།།

ཆང་གི་ལྦུ་བའི་སྣོན་མར་འབབས།།

 

ཉིན་མོ་རྡུལ་གྱིས་ས་ཆེན་ཡོམ།།

མཚན་མོ་ཆང་གིས་ཁང་བརྩེགས་ཡོམ།།

ཉིན་མཚན་བསྣོལ་བའི་འཇིག་རྟེན་ནས།།

གནམ་ས་གཉིས་ཀ་ཟ་ཟིས་མྱོས།།

 

ནམ་མཁའི་ཁྱོན་ནི་བྱེ་ཐང་དང་།།

ས་གཞིའི་མཐོངས་ཀུན་རྡོ་འཁྱགས་སྟེ།།

འདོད་རྔམས་ཁུར་བའི་མི་ཚོགས་ནི།།

འབྲེལ་ཐག་ཆད་པའི་འཇིགས་པས་མནར།།

 

ཡིད་ཀྱི་མྱ་ངན་མ་ཁོག་པའི།།

གཅེར་བུར་རྒྱུ་བའི་མི་ཚོགས་ཀྱི།།

ཁ་རླངས་འཐབ་པའི་རི་མོ་རུ།།

དུས་རབས་འདི་ཡི་གདུང་བ་འཕྱུར།།

 

སྙིགས་མ་ཟེར་བ་འདི་ཉིད་དེ།།

མི་ཚོགས་རང་ལ་བརྩེ་བ་ཉམས།།

དམྱལ་ཁམས་ཟེར་བ་འདི་ཉིད་དེ།།

ཐམས་ཅད་འཕྲུལ་གྱི་སོ་ཁས་འཐག།

 

ཉི་ཟླ་རྣ་ཆ་བྱེད་པ་ཡི།།

བདག་གི་གངས་རི་གང་དུ་ཡོད།།

སྐར་མའི་མགུལ་རྒྱན་འཆང་བ་ཡི།།

བདག་གི་ཆུ་མིག་གང་དུ་ཡོད།།

 

ཉི་ཟེར་འོག་ན་འོད་ཀྱིས་འཁྱུགས་པ་ཡི།།

བདག་གི་འབྲོག་པའི་རྩྭ་ཐང་གང་དུ་ཡོད།།

ཟླ་འོད་ཀློང་ན་དབྱངས་ཀྱིས་རྒྱུ་བ་ཡི།།

མཐོ་སྒང་བོད་ཀྱི་བསིལ་རླུང་གང་དུ་ཡོད།།

 

འདི་ན་སྙིགས་མའི་སྙིགས་རོར་སྙིགས་པ་ཡི།།

སྙིང་ཁམས་ཉོན་མོངས་ཉམས་ཀྱིས་ཉམ་ང་ཞིང་།།

ཉོབ་ཅིང་སྙིད་པའི་ཉོག་མའི་སྙིང་ཆུང་འདི།།

གཉོར་བའི་ཉག་ཐག་གཉོམ་པོ་རྙེད་དཀའ་འདུག།

 

༢༠༢༤ ༠༩ ༢༠ ཨ་འབྲུག་དཀོན་མཆོག

 

 

སྔོན་མ།
ཀ་རྩོམ་རང་བརྗོད་མ།
རྗེས་མ།
སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up