གཏམ་བཤད། སངས་རྒྱས་སྐྱབས།
རྒྱ་རིགས་ལོ་རྒྱུས་སྨྲ་བ་ལིའུ་ཧན་ཁྲིན་གྱིས་བརྩམས་པའི་ཞིབ་འཇུག་ཆེད་དེབ་༼ བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་༽ ཞེས་པ་ངོ་སྤྲོད། ཨང་རིམ་བརྒྱ་དང་བརྒྱད་བཅུ་ཅ་ལྔ། དེབ་འདིའི་ནང་དུ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་འདི་ནི། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སློབ་སྟོན་འོག་ཡོད་པའི་གངས་ལྗོངས་དཔེ་སྐྲུན་ཁང་གིས་༢༠༡༩ ལོ་ཟླ་བ་༡༡ ནང་པར་སྐྲུན་བྱས་པའི་(བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་) ཞེས་བའི་རྒྱ་ཡིག་གི་དེབ་ཅིག་ཡིན། དེབ་འདིའི་རྩོམ་པ་པོ་སྐུ་ཞབས་ལིག་ཧན་ཁྲིན། དེབ་འདི་ནི། བོད་རྒྱའི་འབྲེལ་བའི་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་རེད་ཟེར་ན་ཧམ་བཤད་མིན་པར་འདོད། ངོ་སྤྲད་བྱེད་བཞིན་པའི་དེབ་འདི་ནི་ཁོས་བོད་རྒྱའི་འབྲེལ་བའི་སྐོར་བྲིས་པའི་སྟོད་ཆ་དེ་ཡིན། དེབ་འདིར་ལ་བམ་པོ་༤ དང་ཤོག་གྲངས་༨༣༠ ཡོད། པར་རིས་དང་ས་ཁྲ་བཅུ་ཕྲག་འགའ་བཀོད་ཡོད། དེབ་འདིའི་ནང་དུ།
༡། རྒྱའི་ཡིག་ཚང་ཚད་ལྡན་གྲགས་ཅན་ཏེ། གཙོ་བོ་གཞུང་གི་ཡིག་ཚང་དང་དེ་བཞིན་དམངས་ཀྱིས་བྲིས་པའི་ཡིག་ཚང་གི་ཟུར་དཔང་། དཔེར་ན། བཀའ་བཀོད་མ། གཞུང་བྲིས་མ་སོགས་ཀྱིས་བོད་དང་མིང་རྒྱལ་རབས་དང་། བོད་དང་ཆིང་རྒྱལ་རབས་དབར་གྱི་འབྲེལ་བར་བློ་གཟར་བོ་དང་ཡིག་ཚང་རང་གིས་ཁུངས་གཏུག་ར་སྤྲོད་ཀྱིས་བདེན་དཔང་བྱས་ཡོད།
༢། ༡༩༤༩ ལོའི་རྗེས་སུ་རྒྱ་ནག་དམར་པོ་གཞུང་གིས་བོད་རྒྱའི་འབྲེལ་བའི་སྐོར་ལ་ལོ་རྒྱུས་ཡིག་ཆ་རྫུན་བཟོ་ཅི་ལྟར་བྱས་པ་ཐེར་འདོན་བྱས་ཡོད་པ་མ་ཟད། ཐོག་མ་སུས་རྫུན་བཟོ་དང་དེབ་གང་དུ་བཀོད་པ། དེའི་རྗེས་སུ་དེབ་གང་དུ་ལུང་འདྲེན་བྱས་ཡོད་པ་སོགས།དཔེར་ན། རྒྱ་དམར་གྱི་ལོ་རྒྱུས་སྨྲ་བ་ཡིན་ཟེར་མཁན་ཡ་ཧན་ཀྲང་གིས་རྒྱའི་གནའ་བོའི་ཡིག་ཚང་གི་བརྗོད་བྱར་བཟོ་བཅོས་དང་། རྒྱ་ནག་གཞུང་ཕྱོགས་ནས་གནའ་བོའི་ཡིག་ཚང་ཁུངས་ལྡན་གྲགས་ཅན་གྱི་མིང་གཅིག་པ་ཡིན་པའི་དཔེ་དེབ་བསྐྱར་སྒྲིག་གིས་བོད་རྒྱའི་འབྲེལ་བ་ངོ་མ་བཀབ་གསང་བྱེད་པ། དེ་བཞིན་རྒྱ་ནག་དམར་པོ་གཞུང་གིས་གནའ་བོའི་ཡིག་ཚང་མེད་པ་གསར་བཟོ་ཡིས་བོད་ཀྱི་བདག་དབང་དང་། རྒྱལ་བ་པན་ཆེན་སོགས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་ཇུས་གཏོགས་བྱེད་པ། དཔེར་ན་སྒྲིག་ཡིག་དོན་ཚན་ཉི་ཤུ་རྩ་དགུའམ་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉི་ཤུ་རྩ་དགུ ཡང་ན་གྲོས་འདེབས་དོན་ཚན་ཉེར་དགུ་ཟེར་བའི་ཡིག་ཆ་རྫུན་བཟོ་དང་འགྲེལ་ལོག་གང་འདོད་བྱེད་པ།
༣། རྒྱའི་ཡིག་ཚང་ལ་བརྟག་དཔྱོད་བྱེད་སྟངས་སོགས་རྒྱས་པར་ངོ་སྤྲོད་བྱས་ཡོད་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལ་དགེ་ཕན་ཆེན་པོ་ཡོད་སྙམ། དེབ་འདིའི་ཞིབ་འཇུག་གི་གྲུབ་འབྲས་ནི། བོད་ནི་ལོ་རྒྱུས་ཐོག་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་བསྡུས་ཐུབ་མེད་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན། རྒྱ་དམར་གྱི་བཙན་འཛིལ་ནི། ༡༩༥༠ ལོར་རྒྱ་དམར་གྱིས་བོད་ལ་དམག་དྲངས་པ་ནི་འཁྲུལ་བྲལ་གྱི་བཙན་འཛུལ་དང་རྒྱལ་ཁབ་གཞན་རྩ་མེད་བཟོས་པ་ཡིན། དེ་ནི་ཉི་ཧོང་གིས་༡༩༣༧ ལོར་ཤར་ཨེ་ཤ་ཡ་གཟི་ལྡན་མཉམ་འབྲེལ་འཛུགས་ཆེད་རྒྱ་ནག་ལ་བཙན་འཛུལ་བྱས་པའི་གནས་ལུགས་དང་དྲང་བདེན་ཙམ་ཡང་མེད།