བོད་སྐད་ཡིག་རྩ་མེད་དུ་གཏོང་བའི་རྒྱ་གཞུང་གི་སྲིད་ཇུས་མི་འདྲ་བ།

ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་གནས་སོ་སོའི་གནས་སྟངས་མི་འདྲ་བ་ལ་གཞིགས་ཏེ། བོད་སྐད་ཡིག་རྩ་མེད་དུ་གཏོང་བའི་སྲིད་ཇུས་ཀྱང་མི་འདྲ་བ་རེ་ལག་བསྟར་བྱ་བཞིན་འདུག

 

དེ་ཡང་འདི་གའི་གསར་འགོད་པའི་རྒྱུས་ལོན་པ་ལྟར་ན། ཕྱི་ལོ་༢༠༢༥ལོའི་ཟླ་༦པའི་ཚེས་༡༠ཉིན། བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་རྒྱ་ནག་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཟེར་བས་བོད་སྐད་ཡིག་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་ཆོད་ཟེར་བ་ཞིག་དྲ་ལམ་དུ་བཀྲམས་ཤིང་། བསྐྱར་བཅོས་ཀྱི་གྲོས་ཆོད་དེར་མཚོ་སྔོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆོག་མཆན་ཐོབ་སྟེ། ས་གནས་སུ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་སྐོར་འཁོད་ཡོད་ལ། གྲོས་ཆོད་དེར་ཁྱོན་སྡོམ་ལེའུ་༢༧ཡོད་པའི་ནང་། རང་སྐྱོང་ཁུལ་དང་ས་གནས་སྲིད་གཞུང་ཁག་གིས་བོད་སྐད་ཡིག་གི་ལས་དོན་འཆར་འགོད་དང་དོ་དམ། ལྟ་རྟོག་བཅས་ཀྱི་འགན་ཁུར་དགོས་ཅེས་འཁོད་ཡོད་པ་དང་།  ས་གནས་ཁག་ཏུ་བོད་ཡིག་གི་དཔེ་དེབ་དཔར་སྐྲུན། བོད་སྐད་ཀྱི་རླུང་བརྙན་འཕྲིན་གྱི་ལས་རིམ་གསར་བཟོ་དང་སྐད་བསྒྱུར། བོད་སྐད་ཡིག་གི་དགེ་རྒན་བསྐྱེད་སྲིང་བྱ་དགོས་སྐོར་སོགས་བརྗོད་ཡོད་ཀྱང་། དོན་དངོས་ཐོག་གྲོས་ཆོད་དེའི་ནང་དོན་གཙོ་བོ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཆབ་སྲིད་དྲིལ་བསྒྲགས། ས་གནས་གཞུང་འབྲེལ་ལས་ཁུངས་ཁག་གི་གྲོས་ཆོད་ཡི་གེ་དང་ཐག་གཅོད། བཀའ་ཡིག་དང་ཁྱབ་བསྒྲགས། ས་གནས་མི་མང་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་སྙན་ཐོ་ཁག་དང་ཐག་གཅོད། ཁྲིམས་དང་སྒྲིག་གཞི། སྲིད་ཇུས་སོགས་སྐད་ཡིག་གཉིས་ཀྱི་ནང་སྟེ། རྒྱ་ཡིག་དང་བོད་ཡིག་ཐོག་མཉམ་སྤྱོད་བྱས་ནས་མི་མང་ལ་དྲིལ་བསྒྲགས་བྱ་རྒྱུའི་འཆར་གཞི་ཡིན་པ་རེད་འདུག

དེ་མིན་གཞན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་སོ་སོའི་གནས་སྟངས་མི་འདྲ་བར་གཞིགས་ཏེ། ཁྲིམས་དང་སྒྲིག་གཞིའང་མི་འདྲ་བ་རེ་ལག་བསྟར་བྱ་བཞིན་ཡོད་པ་ལྟར། ཉེ་བའི་ཟླ་ཤས་སྔོན། བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་རྒྱ་ནག་གཞུང་གིས་ལས་དོན་མི་སྣ་རྩ་འཛུགས་བྱས་ཏེ། བར་སྐོར་གཙོ་བྱས་པའི་གཙུག་ལག་ཁང་དང་པོ་ཏ་ལའི་ཉེ་འཁོར་གཡས་གཡོན་གྱི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་ཀྱི་སྒོ་རྟགས་སྟེང་གི་བོད་ཡིག་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་བྱས་ནས། དག་ཆ་དང་སྡེབ་སྦྱོར་འགྲིག་མེད་པའི་ཚོང་བདག་ལ་སྐྱོན་བརྗོད་དང་བཟོ་བཅོས་རྒྱག་ཏུ་བཅུག་ཏེ་བོད་སྐད་ཡིག་ལ་དོ་སྣང་དང་བདག་པོ་རྒྱག་གིན་ཡོད་མདོག་བསྟན་ཡོད་ཀྱང་།  བོད་མདོ་སྨད་བསང་ཆུ་རྫོང་དང་ཀླུ་ཆུ་རྫོང་སོགས་སུ། བོད་མིའི་ཚོང་ལས་པ་ཁག་ཅིག་ནས་བོད་ཡིག་གཙོར་བཟུང་གིས་སྒོ་རྟགས་བཟོས་པ་རྣམས་ས་གནས་རྒྱ་ནག་གཞུང་གིས་སྒྲིག་འགལ་ཡིན་པས་ཕྱིར་བསྡུ་བྱེད་དགོས་པ་དང་། དེའི་ཚབ་ཏུ་སྒོ་རྟགས་ཀྱི་སྒང་ལ་རྒྱ་ཡིག་གི་ཡིག་གཟུགས་ཆེན་པོ་དང་དེའི་འོག་ཏུ་བོད་ཡིག་ཡིག་གཟུགས་ཆུང་ངུ་ཡོད་པར་བཅོས་དགོས་པའི་བཙན་བཀའ་བཏང་ཡོད་འདུག

འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་། རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་དུ་གཏོང་ཆེད། འཆར་གཞི་དང་ལྡན་པའི་སྒོ་ནས་རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་གི་སྲིད་ཇུས་དང་ཁྲིམས་སྲོལ་གཏན་འབེབས་དང་། སྐད་གཉིས་སློབ་གསོའི་ལམ་ལུགས་ཟེར་བ་སོགས་རིམ་པར་ལག་བསྟར་བྱས་ཏེ། བོད་སྐད་ཡིག་གི་སློབ་སྦྱོང་ཁོར་ཡུག་མེད་པར་བཟོ་བཞིན་ཡོད་པ་མ་ཟད། བོད་ཕྲུག་བྱིས་པ་ཁྲི་སྟོང་མང་པོ་རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་ཁག་ཏུ་བསླུ་བ་དང་བཙན་ཤུགས་གང་རུང་གིས་ཁྲིད་ཏེ་ཕ་མ་དང་གཏན་བྲལ་གྱིས་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་དང་སྤེལ་མུས་ཡིན་པ་རེད། གནད་དོན་འདིའི་ཐད་ལོ་མང་རིང་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་དང་མི་སེར་སྤེལ་བའི་ཤེས་ཡོན་སློབ་གསོའི་སྲིད་བྱུས་ལ་ཉམས་ཞིབ་གནང་མྱོང་མཁན་དགེ་རྒན་ཆེན་མོ་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་ལ་བདེན་པ་ར་སྤྲོད་དང་རྒྱ་ནག་གི་ངན་ཇུས་ཐེར་འདོན་དང་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད།

གསར་འགོད་པ། རྒྱ་སྡང་།

སྔོན་མ།
བོད་དང་བོད་མིའི་མགྲིན་ཚབ་ཅེས་པ་བོད་ཡིག་ཏུ་བསྒྱུར་པའི་བརྒྱུད་རིམ་དང་ནང་དོན་མདོར་བསྡུས་ངོ་སྤྲོད།
རྗེས་མ།
རྒྱ་ནག་གཞུང་གིས་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞེས་བོད་ཀྱི་འཚོ་གནས་རྨེག་མེད་གཏོང་རྒྱུ་དང་མཉམ་དུ་རྒྱ་གར་གྱི་མགོ་ཐོག་ཏུ་རྡུལ་ཕྲན་མཚོན་ཆ་ལྟ་བུའི་ལས་གཞི་དངོས་སུ་མགོ་བཙུག་ཡོད་འདུག

Leave a Reply

keyboard_arrow_up