ཙི་ནའི་གསང་རྣམ་ཚིགས་སུ་བཅད་པ་ནོར་བུ་ཁྱུང་མིག་མ།

 གློག་ཞགས། (ཨ་རི།)

 

མ་ཧ་གཟུགས་སུ་སྤུངས་པ་བརྡའི་མཛོད་ཆེན།།
ཙི་ན་ཙམ་དུ་འབོད་ལ་མི་ཁྲེལ་ཡང་།།
བདེན་དོན་གཞུང་བརྒྱ་བརྡར་པའི་ཁོག་འབུབས་ལ།།
གཟུར་གནས་འཇོལ་ཉོག་སྨྲ་ལ་ཤིན་ཏུ་ནོངས།།

སུང་རྒྱལ་གནམ་གྱི་དབུས་ན་བཞུགས་སྣང་གིས།།
ལྷོ་ཡི་ཀླ་ཀློའི་ཁྲོ་རྒྱལ་གཏུམ་པོ་ལ།།
གཡག་མགོ་དམར་དྲོའི་ཤངས་ལེན་བཟབས་ནའང་།།
རྒྱ་རྒྱལ་གཡག་རྣ་འཕྲོགས་ཏེ་མྱི་གཏར་ཁྲིད།།

ནུབ་རོང་ཚིན་གྱི་དཔུང་ཤ་རབ་ཁྲོས་ཏེ།།
ཆེན་པོ་ལྡོང་གི་རྒྱལ་ཁབ་བཅུ་གཡོས་པས།།
རྩྭ་མི་ཁྲག་ཏུ་ཁོལ་པའི་མངའ་ཐང་ལ།།
རྒྱལ་རབས་རྒྱ་རུ་འདྲེན་ལ་ཨོ་ཟོབ་ཆེ།།

ལྷོ་སྲིན་ཁྲོ་རྒྱལ་གཏུམ་པོའི་ཞེ་འཁོན་གྱིས།།
ཁྲོའུ་མྱི་ལྷག་ཙམ་ཚིན་གྱི་གཤེད་དོ་ཞེས།།
ཚིན་རྒྱལ་དབང་ཐང་ལིངས་ཀྱིས་འཛད་བྱས་པའི།།
ནུབ་ཧན་ཙི་ནར་འབོད་ལ་ལྷུས་ཐིངས་མཛོད།།

ཝུའུ་གསུམ་ཛུང་གཅིག་བསྟན་དགྲ་སྡེ་བཞིའི་ཡུལ།།
ཏོ་ལུགས་ཉག་གཅིག་མཆོད་པའི་ཁྲང་ཨན་ན།།
རྣམ་རྟོག་ཤུགས་ཀྱིས་བཞེངས་པའི་ཐང་བཟའ་མར།།
རྒྱ་བཟའ་སྒྲོལ་མར་འབོད་ལ་དྲི་སྨེད་ཅིག།

ཤར་བྱང་གསེར་རྒྱལ་ཁྲོས་པའི་གད་རྒྱང་གིས།།
རྒྱ་རྗེ་ཡབ་སྲས་ཁྲ་ཡིས་བྱེའུ་ཁྱེར་བཞིན།།
རང་ལྡེ་མྱི་ལ་ཤོར་བའི་ཉེར་ལེན་ལས།།
བྱང་རྒྱ་ལྷོ་ལ་བྱོལ་པའི་འཚང་ག་བྱུང་།།

ལྷོ་ཕྱོགས་ག་ལ་བ་དེར་འཆག་ཙམ་ན།།
ཁྲི་བརྟན་བདུད་དཔུང་ཆེན་པོས་དམ་བརྡར་བས།།
ལོ་ཁྱུད་ཁྲལ་གྱི་བདོག་པ་རབ་བསྟར་ཅིང་།།
ཚིག་རྟིང་ཨ་ཕས་མནན་པའི་བསྡམ་ར་བླངས།།

བྱང་གི་བདུད་སྲིན་ཁྲོས་པའི་ཤ་རུས་ཅན།།
ཐང་གུར་དཔུང་ཆེན་རྒྱ་ལ་བབས་ཙམ་གྱིས།།
འབུམ་དམག་སྲས་ཁུར་རྒྱ་མཚོས་འགམས་པ་ནས།།
ཡཱ་ཧྲན་རྗེས་ལ་དབུས་རྒྱལ་མེད་ཅེས་གྲགས།།

གསེར་རྒྱལ་རུས་པ་བཙན་པོ་མན་ཇུ་ཞེས།།
རྟ་དམག་ཆིག་ཁྲིས་འཛམ་གླིང་དཀྲུག་མཛད་པོས།།
མཱིང་ཆེན་ས་བྲོས་མཚོ་བྲོས་ཕམ་པ་ནས།།
ད་ནས་རྒྱ་རབས་ལྟུང་ཞེས་ཆོ་ངེ་དིར།།

བྱུང་རབས་སྤུ་རིས་ཞིབ་མོར་འཐག་པ་ན།།
རྟོག་པ་རྩིངས་སྐྱོན་རྙོག་མའི་འཁུ་ལྡོག་གིས།།
རྒྱ་ཁའི་ཕྱེ་གཏོར་རྩམ་དུ་འདྲེས་པའི་གཏམ།།
ཁས་ལེན་སོས་ཁྱག་སྤྲེའུའི་རྐུབ་ལས་དམར།།

 

མཆན་བུ།

1 སུང། (宋国)སྤྱི་ལོའི་གོང་གི་༦༣༩ལོར། རང་གི་རྒྱལ་པོ་མཐའི་རྒྱལ་ཁབ་བཙན་པོ་ཁྲོའུ་ཡིས་མི་གཏར་ཁྲིད་པའི་ཀྲུང་གོའི་སུང་རྒྱལ་རབས་ལ་གོ།

2 ཚིན། (秦)ཏུང་ཧོང་ཡིག་རྙིང་དུ་ཆིན་ལ་ཚིན་ཞེས་འཁོད་པ་ལྟར་བྲིས།

3 ཁྲོའུ་མྱི་ལྷག་ཙམ་ཚིན་གྱི་གཤེད་དོ། ཧྲི་ཅི་དེབ་ཐེར་ཆེན་མོར་ཁྲོའུ་རྒྱལ་ཁབ་ལ་དུད་ཁྱིམ་གསུམ་ལས་མ་ལྷག་ནའང་ཚིན་རྒྱལ་ཁབ་བརླག་རྒྱུའི་དམ་བརྡར་བ་ལ་གོ(《史记项羽本纪》“楚虽三户,亡秦必楚”)

4 ནུབ་ཧན། (西汉)ཧན་ནུབ་མ།

5 ཝུའུ་གསུམ་ཙུང་གཅིག(三武一宗) སངས་རྒྱས་ཀྱི་བསྟན་པ་སྣུབ་མཁན་གྱི་ཝུའུ་ཡི་མིང་ཅན་གྱི་རྒྱལ་པོ་གསུམ་དང་ཙུང་གི་མིང་ཅན་གྱི་རྒྱལ་པོ་གཅིག་བཅས་ལ་གོ

6 གསེར་རྒྱལ། (金国)ཅིང་རྒྱལ་ཁབ།

7 ལྡེ། རྗེའོ།

8 ཁྲི་བརྟན། (契丹)ཀྲུང་གོའི་སུང་ནུབ་མའི་རྒྱལ་ཁབ་དང་ཁ་གཏད་དུ་གནས་པའི་ཆི་ཏན་རྒྱལ་ཁབ་ལ་གོ དེབ་སྔོན་དུ་ཤར་ན་རྒྱ་ནག་དང་ཁྲི་བརྟན་ཞེས་པ་དང་བོན་གྱི་ཡིག་རྙིང་རྣམ་བཤད་གསལ་བའི་སྒྲོན་མའི་མདོ་རྩ་བསྡུས་དོན་ཡོད་དུ་ཤར་ན་རྒྱ་ནག་དང་ཁྲི་བདན་ཟེར་བ་དེ་ཆི་ཏན་དུ་གོ་བ་ནི་ཕྲན་གྱི་ཞིབ་འཇུག་གི་དཔྱད་འཇོག་ཅིག་ཡིན་ལ། དེབ་སྔོན་གྱི་ཁྲི་བརྟན་སོར་འཇོག་བྱས་པ་ནི་ཚིག་ཉམས་རྒྱས་རྒྱས་ཙམ་དུ་དམིགས་པ་ལས་ཁྲི་བདན་གྱི་འགྱུར་དེ་ཅུང་རྙིང་བར་འདོད་པ་བཅས་སོ།།

9 ཡཱ་ཧྲན། (崖山,崖山之后无中国,明朝之后无华夏。)ཡཱ་ཧྲན་དམག་འཁྲུག་གི་རྗེས་ནས་ཀྲུང་གོ་ལ་རྒྱལ་རབས་མེད་དོ། མཱིང་རྒྱལ་རབས་ཀྱི་རྗེས་ནས་རྒྱ་ཡི་རབས་ལྟུང་ངོ་ཞེས་པའི་ཙི་ནའི་ལོ་རྒྱུས་ཡིག་རྙིང་གི་སྡོམ་ཚིག

10 མཱིང་ཆེན། 大明

11 དབུས་རྒྱལ། (中国)གནམ་དབུས་ཀྱི་རྒྱལ་ཁབ།

12 ནོར་བུ་ཁྱུང་མིག ལྔ་བ་ཆེན་མོའི་དུ་ཀཱུ་ལའི་གོས་བཟང་དུ་ནོར་བུ་ཁྱུང་མིག་ཅེས་པ་གཟི་ཡིན་པ་འདྲ་ཞེས་འཁོད་པའི་དགོངས་གཞིའི་རྗེས་འབྲངས་པའོ།།

 

ཙི་ནའི་གསང་རྣམ་ཚིགས་སུ་བཅད་པ་ནོར་བུ་ཁྱུང་མིག་མའི་རགས་འགྲེལ།

ཚིགས་བཅད་དང་པོ། ཙི་ནའི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་སུ་དྲངས་དང་འདྲེན་བཞིན་པའི་ཡིག་ཚངས་དེ་དག་ནི་འདྲ་གཟུགས་ཀྱི་ཡི་གེར་བཀོད་པའི་ཨེ་ཤ་ཡ་ཤར་མ་སོགས་རྒྱལ་ཁབ་མང་བོ་ཞིག་གི་ལོ་རྒྱུས་ཀྱི་བརྡ་མཛོད་ཆེན་པོ་ཞིག་ཡིན་པ་ལས་ཙི་ན་ཁོ་ནའི་ལོ་རྒྱུས་སུ་སྒྲུབ་མཁན་དག་ངོ་མི་ཁྲེལ་ནའང་གཟུར་གནས་ཀྱི་མཁས་པ་དག་གིས་འཇོལ་ཉོག་དེ་འདྲ་སྨྲ་ལ་ཤིན་ཏུ་ནོངས་སོ་ཞེས་པའི་དོན།

ཚིག་བཅད་གཉིས་པ། གནའ་བོའི་ཀྲུང་གོའི་རྒྱལ་ཕྲན་ཁག་གི་ཤར་ལྷོ་ནུབ་བྱང་དུ་ཡོད་པའི་རྒྱལ་ཁབ་དག་ནི་ཀྲུང་གོའི་རྒྱལ་རབས་སུ་རྩི་སྲོལ་མེད་ལ་རྩི་ཐབས་ཀྱང་མེད་པ་ཞིག་ཡིན། ཀྲུང་གོའམ་ཙི་ནའི་རྒྱལ་ཕྲན་དག་མཉམ་འཛོམས་སྐབས་སུ་གཡག་བསད་དེ་མཆོད་པ་འབུལ་དགོས་ཤིང་། དེ་ལས་རྒྱལ་ཕྲན་གཙོ་བོ་དེའི་རྒྱལ་པོས་གཡག་རྣ་འཛིན་དགོས་པ་ཞིག་རེད། ཀྲོའུ་ཤར་མའི་སྐབས་སམ་སྤྱི་ལོའི་གོང་གི་༦༣༩ལོར་རྒྱལ་ཕྲན་དག་གི་འདུན་མའི་སྐབས་སུ། སུང་གིས་ལྷོ་མཱན་ཀླ་ཀློའི་རྒྱལ་ཁབ་བཙན་པོ་ཁྲོའུ་རྒྱལ་ཁབ་ཀྱི་ངོ་ལེན་ཆེད་དུ་མགྲོན་དུ་གདན་དྲངས་ནས་སྣེ་ལེན་བཟབས་རྗེས་སུ།གཡག་རྣ་རང་གིས་འཛིན་རྩིས་བྱས་མ་ཐག་ཁྲོའུ་རྒྱལ་ཁབ་ཀྱི་རྒྱལ་པོ་ཤིན་ཏུ་ཁྲོས་ཏེ་སུང་གི་རྒྱལ་པའི་ཕྱག་གི་གཡག་རྣ་འཕྲོགས་པ་མ་ཟད། རྒྱ་ནག་གི་སུང་རྒྱལ་པོ་བཟུང་དེ་མི་གཏར་ཁྲིད་པའི་དོན།

ཚིགས་བཅད་གསུམ་པ། ཀྲུང་གོའི་རྒྱལ་རབས་མ་ཡིན་པའི་ནུབ་ཕྱོགས་རོང་གི་ཡུལ་དུ་ཡོད་པའི་ཚིན་ཧྲི་དཔུང་གིས་བོད་ཀྱི་རུས་ཆེན་ལྡོང་གི་རྒྱལ་ཕྲན་བཅུ་ཁྲིད་ནས་གནམ་དབུས་སུ་འབོད་པའི་ཀྲུང་གོའི་ཡུལ་གཙོས་ཡུལ་ཁམས་མང་བོ་ཞིག་དབང་དུ་སྡུད་མཁན་གྱི་རྒྱལ་རབས་དེ་རྒྱ་ནག་གི་རྒྱལ་རབས་སུ་འདྲེན་པ་ནི་མི་ཤེས་ཤེས་མདོག་མ་རེད་དམ་ཞེས་པའི་དོན།

ཚིགས་བཅད་བཞི་བ། ནུབ་ཀྱི་ཚིན་ཆེན་པོས་ལྷོ་མཱན་གྱི་ཁྲོའུ་རྒྱལ་ཁབ་ཀྱང་བརླགས་པས་ཁྲོའུ་རྒྱལ་ཁབ་ཀྱིས་ང་ཚོར་ཁྱིམ་ཚང་གསུམ་ལས་མ་ལྷག་ནའང་ཚིན་ཆེན་པོ་བསྣུབ་རྒྱུ་ཡིན་ཞེས་དམ་བཅས་པ་ལྟར་ཚིན་མཐར་སྤྲད་དེ་ཧན་ཆུ་ཟེར་བའི་ཆུ་ལ་གཞི་བཞག་ནས་ཧན་ནུབ་མ་ཞེས་པའི་རྒྱལ་རབས་དེ་བཙུགས་པ་རེད། སྐབས་དེ་ཤེད་དུ་ཀྲུང་གོ་ལ་རྒྱལ་རབས་ཤིག་སླར་གསོ་བྱ་རྒྱུའི་རེ་བ་ཉག་གཅིག་ཙམ་ཡང་མེད་སྟབས། ཧན་ནུབ་མ་རྒྱ་ནག་གི་རྒྱལ་རབས་སུ་འབོད་པ་ལ་ཚོད་འཛིན་གནོངས་ཞེས་པའི་དོན།༼ཧན་ཤར་ནུབ་གཉིས་ལ་བརྒྱུད་པ་རིམ་བཟུང་གི་བཤད་ཚུལ་དེར་ཕལ་ཆེར་ཁུངས་བཙུན་གྱི་ཡིག་ཆ་མེད་པ་ལྟ་བུ་ཞིག་རེད།༽

ཚིགས་བཅད་ལྔ་བ། འོག་ཏུ་མཆན་བུ་འཁོད་པ་ལྟར་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཏོ་ལུགས་མཆོད་པ་ལས་སངས་རྒྱས་ཆོས་ལུགས་སྣུབ་ཡུལ་ཞིག་ཡིན་སྟབས།ཐང་བཟའ་མ་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་མིན་དེར་དྲི་བ་འདུག་ལ། ཐང་རྒྱ་ནག་གི་རྒྱལ་རབས་མིན་པས་རྒྱ་བཟར་འབོད་པ་དེའང་ནོར་རོ་ཞེས་པའི་དོན། (འདི་ལྷོ་བྱང་གི་རྒྱལ་རབས་སུ་འབོད་པའི་ལྷོ་རྒྱ་ནག་རྒྱལ་རབས་དང་བྱང་རྒྱ་ནག་རྒྱལ་རབས་དང་འབྲེལ་བ་མེད་སྟབས། ཐང་རྒྱལ་རབས་ནི་བྱང་ནས་བརྒྱུད་པའོ།ཐང་རྒྱལ་རབས་ཀྱི་དཀྱིལ་དུ་ལོ་ངོ་ཉི་ཤུ་ཙམ་ལ་ཐང་གི་སྲིད་དབང་ཤོར་སྐབས་ཀྱི་ཝུའི་ཀྲོའུ་རྒྱལ་རབས་ནི་རྒྱའི་རྒྱལ་རབས་སུ་འདོད།)

ཚིགས་བཅད་དྲུག་པ། རྒྱ་ནག་གི་སུང་རྒྱལ་རབས་བྱང་མའི་སྐབས་སུ། མན་ཇུའི་མེས་པོ་གསེར་གྱི་རྒྱལ་ཁབ་ཟེར་བས་སུང་བྱང་མ་བརླགས་པ་མ་ཟད། རྒྱལ་པོ་ཕ་བུ་གཉིས་ཀ་ཁྲས་བྱེའུ་བཟུང་བ་བཞིན་བཙན་ཁྲིད་བྱས་པ་ནས་བཟུང་། སུང་བྱང་མ་བརླགས་ཏེ་རྒྱ་ནག་གི་འབངས་མི་ཚང་མ་ལྷོ་ཕྱོགས་སུ་བྲོས་བྱོལ་བྱ་དགོས་བྱུང་བའི་དོན།

ཚིགས་བཅད་བདུན་པ། རྒྱ་ནག་ལྷོ་ཕྱོགས་སུ་གཞིས་སྤོར་གྱིས་སུང་ལྷོ་མ་ཞེས་པ་དེ་བཙུགས་ནས་སྡོད་སྐབས་སུ། བྱང་གི་ཁྲི་བརྟན་རྒྱལ་ཁབ་ཀྱིས་བཙན་རིམ་པར་བཙུགས་པའི་དབང་གིས་ལོ་ལྟར་གསེར་དངུལ་དང་གོས་དར་གྱི་ཁྲལ་གཞལ་དགོས་པ་མ་ཟད། རང་ལས་ལོ་ཆུང་བའི་ཁྲི་བརྟན་གྱི་རྒྱལ་པོར་རྒྱ་ནག་སུང་ལྷོ་མའི་རྒྱལ་པོས་ཨ་ཕ་ཞེས་འབོད་རྒྱུའི་དམ་བཅའ་བཞག་པའི་ལོ་རྒྱུས་ཀྱི་བདེན་དོན་ལ་གོའོ།།

ཚིགས་བཅད་བརྒྱད་པ། སོག་ཆེན་པོའི་དམག་དཔུང་སུང་ལྷོ་མར་དྲངས་ཏེ་ཡཱ་ཧྲན་ཞེས་པའི་མཆོ་ཁུལ་དུ་རྒྱ་ནག་གི་འབུམ་དམག་གཅིག་མཚོར་མཆོངས་ཤིང་། བློན་གྱིས་རྒྱ་ནག་གི་རྒྱལ་སྲས་ཁུར་ནས་ཆུར་མཆོངས་ཏེ་གྲོངས་པའི་རྗེས་སུ། ཡཱ་ཧྲན་རྗེས་ནས་ཀྲུང་གོ་མེད་དོ་ཞེས་རྒྱ་ནག་རང་གིས་སྤྱི་སྡོམ་འཁོད་པར་གོ།

ཚིགས་བཅད་དགུ་བ། གསེར་རྒྱལ་གྱི་རུས་རྒྱུད་མན་ཇུ་དེ་ནི་ཤིན་ཏུ་བཙན་པོ་ཞིག་ཡིན་སྟབས། རྒྱ་ནག་གི་ལོ་རྒྱུས་སུ་མན་ཇུའི་དམག་ཁྲི་གཅིག་འདུས་པ་ཡིན་ན་འཛམ་གླིང་དཀྲུག་ནུས་སོ་ཞེས་པའི་བཞེད་སྟངས་ཅན་གྱི་དམག་དཔུང་གིས། རྒྱ་ནག་གི་མཱེང་རྒྱལ་རབས་པེ་ཅིང་ནས་མཐར་སྤྲད་རྗེས་ལྷོ་ཕྱོགས་སུ་བྲོས་ནས་རྒྱ་ནག་གི་མཱིང་ལྷོ་མ་ཞེས་པ་བཙུགས་ནའང་། མན་ཇུས་རྗེས་འདེད་ཀྱིས་བརླགས་པའི་རྗེས་སུ་མཚོ་ཐོག་བརྒྱུད་ནས་ཐེ་ཝན་གླིང་ཕྲན་ལ་བྲོས་ཏེ་རྒྱ་ནག་རང་བཙན་བྱ་རྒྱུའི་གྲབས་བཤམས་ནའང་། མན་ཇུའི་དམག་དཔུང་གིས་དེ་གར་ཡང་རྩ་མེད་བཟོས་པའི་རྗེས་སུ། ད་ནས་བཟུང་རྒྱའི་རབས་ལྟུང་ངོ་ཞེས་ལོ་རྒྱུས་སུ་སྡོམ་ཚིག་དང་ཆོ་ངེ་དིར་བའི་དོན་ནོ།།

ཚིགས་བཅད་བཅུ་བ།། གོ་སླའོ།།

 

སྔོན་མ།
སྐྱོ་བའི་ཚོར་འདུ།
རྗེས་མ།
དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་བདུན་དབུ་འབྱེད་གནང་བའི་མཛད་སྒོ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up