འབའ་སྲས། (ཧྥ་རན་སི།)
ཟླ་གཟུགས་ཞལ་ལ་ཆགས་པའི་མཛེས་པའི་རྡུལ།།
རྐང་སེན་མེ་ཏོག་རྒྱན་ལ་མ་བཏགས་པར།།
མཚམས་སྤྲིན་རུས་རྐང་ལྡག་ལ་འཕྱ་བ་ཡི།།
རང་བྱུང་ངག་གི་འཛུམ་དགོད་ཨེ་མ་མཚར།།
ངག་རིག་ངག་གི་རྒྱལ་མོ་དགྱེས་པའི་གླུའི།།
ཟབ་རྒྱས་མཛོད་ལ་ཆགས་པ་རིང་བཏང་ནས།།
རྡོ་ཡི་གར་སྟེགས་སྟེང་ན་གླུ་ལེན་པའི།།
སེའུ་བཅུ་བའི་སྐད་ལ་འཁྲེང་འདི་རྨོངས།།
ཚངས་དབྱངས་སྲས་མོའི་མངལ་སྒོ་བརྟོལ་བའི་བུ།།
སྒྲ་དོན་རིས་སུ་འཛུམ་པའི་སྟེགས་བུ་ལས།།
སོར་མོའི་འདུ་བྱེད་སྲོག་ལ་རྒྱུ་བའི་གར།།
ཨེ་མ་མཐོང་ན་དོན་ཡོད་མངོན་དགའ་བྱེད།།
ཀུན་བཟོད་ཞལ་འཛུམ་རྒྱས་ལ་རབ་ཆགས་པའི།།
ཆུ་གཏེར་འགྲམ་ངོགས་རྒྱུ་པའི་ལག་ལྡན་ཁྱུ།།
རྣ་ཡི་ཞགས་ཐག་མེ་ཏོག་ཕྲེང་བ་ཅན།།
ཆུ་འཛིན་སྒལ་བར་བརྐྱངས་པའི་སྡུག་འདི་ལྕི།།
རི་རབ་ཕ་རོལ་བརྟོལ་ལ་དཔའ་བའི་མཆོག །
མི་ཡི་ཤ་ཚུགས་ལྕགས་ཀྱི་སྡེར་མོ་ཅན།།
ནམ་མཁའ་ལྡིང་གི་གྲིབ་གཟུགས་མཐོང་བས་ན།།
གདུག་ཅན་སྦྲུལ་ཡི་སྙིང་རྩ་འདར་ལ་ལྟོས།།
རྟ་གདོང་མེ་རི་འབར་བའི་དཔུང་སྟོབས་ཀྱིས།།
སུམ་རྩེན་འཇམ་མཉེན་མེ་ཏོག་བསྲེགས་པའི་རྡུལ།།
མཚོ་ཆེན་སྙིམ་པའི་གཞོངས་པ་ལྟུང་བ་ཡི།།
སྔོ་བསངས་ཞུམ་པ་དབྱིག་འཛིན་ཐང་དུ་འཚུབ།།
རླུང་གི་བསམ་གཞིགས་སྣ་ཚོགས་འཁུར་བའི་གྲོང་།།
གཞན་རྐུབ་ལྕེ་ལྡག་ཁེ་སྤོགས་ཆེ་བའི་མཁར།།
མི་གསུམ་ཁ་མཐུན་རྫུན་པ་བདེན་འགྱུར་གྱི།།
འཇིག་རྟེན་འཕྲང་དོག་འདི་ནས་དགད་གྱུར་ཅིག །
བར་སྣང་སྟོང་སྐད་འཕྱ་བའི་ལྗགས་རྩེ་ཡིས།།
སེམས་ཁོང་སྟོང་དཀྲིགས་བྱེད་པའི་རྒོལ་གཏམ་ཐོག །
ཁ་ཆུང་མེ་ཏོག་འཛིན་པའི་གུར་ཁང་ནས།།
གཡས་འཁྱིལ་དུང་གི་སྒྲ་ལ་བསྡོངས་ཏེ་ཕུལ།།
༢༤/༡༠/༡༣ ཞོགས་པར།