འཛམ་བུ་གླིང་གི་མཁས་དགུའི་གཙུག་རྒྱན་ཏུ་གྱུར་པའི་བོད་མི་ཐོག་མ་གང་དེའི་གོ་སྟོན་དང་རྒྱ་ནག་གཞུང་གིས་ཉིན་ཉི་ཤུ་ལ་ཕྱི་ཕྱོགས་སུ་འབྲེལ་བ་སྤུ་ཙམ་ཡང་བྱ་མི་ཆོག་ཟེར་བ་དེ་ནི་ང་ཚོར་མཚོན་ན་ཉིན་ཉི་ཤུ་ལ་སྔར་ལས་ལྷག་པའི་སྨོན་ལམ་དང་གསོལ་བ་ཕུར་ཚུགས་སུ་ཐོབས་ཟེར་བ་དང་འདྲ་ཟེར།

སྤྱི་ཟླ༠༦པའི་ཚེས་༣༠ཉིན། འཕགས་ཡུལ་དྷ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་འཛམ་གླིང་མཁས་པའི་གཙུག་རྒྱན་ཏུ་གྱུར་པའི་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞིི་བ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་གིས་དགུང་གྲངས་དགུ་བཅུ་བཞེས་པའི་དུས་སྟོན་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་འཚོགས་ཡོད་ལ། དུས་སྟོན་ཏུ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བོད་བརྒྱུད་སངས་རྒྱས་པའི་ཆོས་ལུགས་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་དང་སྐྱེས་ཆེན་ཁག བོད་གཞུང་དམངས་གཉིས་ཀྱི་སྐུ་ཚབ། གཞན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་སྐུ་མགྲོན་དང་དད་ལྡན་པ་སོགས་མཉམ་འཛོམས་ཀྱིས་༧སྐུའི་གོ་སྟོན་ཆེན་མོ་སྲུང་རྩི་བྱེད་བཞིན་ཡོད་འདུག

དེ་ཡང་སྤྱི་ནོར་༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་ནི་བོད་མི་སྤྱི་བོ་གནམ་བསྟན་ཙམ་མ་ཟད། འཛམ་བུ་གླིང་གི་མཁས་པའི་གཅུག་རྒྱན་དུ་གྱུར་པའི་མིའི་རིགས་སྤྱི་བར་དབང་བའི་དབུ་ཁྲིད་ཅིག་ཡིན་ནའང་། སྐུ་ཡི་ཕྲེང་བ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཡུལ་ཆེན་པོ་ལས་མདོ་སྨད་ཙོང་ཁ་བདེ་ཁམས་སུ་གྲགས་པར་སྐུ་རྒྱབ་གཡར་གནང་མཛད་པའི་དབང་གིས། ལོ་མང་སྔོན་ཚུད་ནས་གཞིས་བྱེས་དད་ལྡན་པའི་ཚོགས་ཀྱིས་ཡུལ་ལུང་གི་ལུགས་་སྲོལ་ལྟར་གྱ་སྟོན་དང་གོ་སྟོན་སོགས་ཐུགས་བཞེས་གནང་དགོས་པའི་གསོལ་འདེབས་ཞུས་དོན་ལྟར་བཀའ་ཁྲོལ་ལེགས་པོར་ཐོབ་སྟེ་༧སྐུའི་གྱ་སྟོན་ཞུས་ཟིན་པ་མ་ཟད། ད་ལྟ་བོད་མི་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་༧སྐུའི་གོ་སྟོན་ལ་རོལ་བཞིན་ཡོད་ཅིང་། སྐུའི་གོ་སྟོན་གྱི་མཛད་སྒོའི་སྐབས་སུ་མགོན་པོ་མཆོག་གིས་གཞིས་བྱེས་དད་ལྡན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཐུགས་དགྱེས་ཚོར་ཆེན་པོ་མཛད་ཡོད་པ་མ་ཟད། ལོ་ན་ཚོད་ཀྱི་དབང་གིས་མཚམས་རེར་པུས་མོ་ཅུང་ཙམ་རེ་མི་བདེ་བ་ཡོང་བ་དེ་ཆོས་ཉིད་ཅིག་ཡིན་པ་ལས་སྐུ་ཁམས་བདེ་ཐག་ཆོད་ཡིན་པས་བོད་མི་གཞིས་བྱེས་ཡོངས་ཀྱིས་སེམས་བདེ་མོ་དང་སྐྱིད་པོ་བྱས་ན་སྡོད་ཨ་ཞེས། དད་ལྡན་ཡོངས་ཀྱི་སེམས་ཀྱི་འཇུ་ཟས་སུ་གྱུར་པའི་བཀའ་སློབ་ཟབ་མོ་ཕེབས་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་དགུང་གྲངས་བརྒྱ་དང་བཅུ་གསུམ་ལྷག་ལ་བཞུགས་གནང་མཛད་རྒྱུའི་མཚན་ལྟས་དང་བཅས་ཏེ་བཀའ་ཁྲོལ་གནང་དང་གནང་བཞིན་ཡོད་པའི་དབང་གིས། འབྱུང་འགྱུར་བོད་མི་གཞིས་བྱེས་ཡོངས་ཀྱིས་བརྒྱ་སྟོན་སོགས་ཀྱི་བསྐལ་བཟང་གི་དུས་སྟོན་མང་བོ་ཞིག་ལ་རོལ་ཐུབ་པའི་རྟེན་འབྲེལ་བཟང་བོ་འགྲིག་ཡོད་འདུག

༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལས་དགུང་ལོ་དགུ་བཅུ་བཞེས་པའི་སྐུ་ཕྲེང་ཐོག་མ་དེ་ཆགས་ཡོད་པ་མ་ཟད། འབྱུང་འགྱུར་དགུང་ལོ་བརྒྱ་དང་བཅུ་གསུམ་ལྷག་བཞེས་པའི་སྐུ་ཕྲེང་ཐོག་མ་དེའང་ཆགས་རྒྱུ་ཡིན་འདུག་ལ། སྐུ་ཕྲེང་༧བཅུ་བཞི་བ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་གི་མཛད་འཕྲིན་དེ་བོད་རྒྱ་ཧོར་སོག་ལས་བརྒལ་ནས་འཛམ་བུ་གླིང་གི་མཁས་ཆེན་གནམ་གྱིས་ས་བཀབ་པ་དག་གི་གཙུག་རྒྱན་ལྟ་བུར་གྱུར་པའི་བོད་ཀྱི་མཁས་ཆེན་ཐོག་མ་དེའང་ཡིན་འདུག

མཚན་གསལ་འདོན་མི་རུང་བའི་གཞིས་ཀྱི་བོད་མི་ཞིག་གིས་གོ་སྟོན་གྱི་སྐབས་འདིར་རྒྱ་ནག་གཞུང་གི་མི་སྣ་ཁྱིམ་ཉུལ་བྱས་ཏེ་ཉིན་ཉི་ཤུ་ལ་ཕྱི་ཕྱོགས་སུ་འབྲེལ་བ་སྤུ་ཙམ་ཡང་བྱ་མི་ཆོག་ཟེར་བ་དེ་ནི། ང་ཚོར་མཚོན་ན་ཉིན་ཉི་ཤུ་ལ་སྔར་ལས་ལྷག་པའི་སྨོན་ལམ་དང་གསོལ་བ་ཕུར་ཚུགས་སུ་ཐོབས་ཟེར་བ་དང་འདྲ་ཞེས་བརྗོད་བྱུང་།

གསར་འགོད་པ། ལྡོང་ལྡེའུ།

སྔོན་མ།
༸སྐུའི་གོ་སྟོན་དང་རྒྱ་གཞུང་གི་དམ་དྲག
རྗེས་མ།
གནམ་གྱིས་མི་ཁེབས་པའི་མི།

Leave a Reply

keyboard_arrow_up