ལ་སྟོད་དིང་རི

གཡུ་ཞུན(ཨ་རི།)

འཛམ་གླིང་ཡང་སྟེང་གི་ཉི་འོད་དང་ཆེས་ཐག་ཉེ་ས་ན
གངས་རི་ཇོ་མོ་གླང་མའི་པང་ཁ་ན
ཁ་ངོ་ས་རྡུལ་གྱིས་གཡོག་པའི་བདག་གི་སྙིང་ཉེ་བ་ཚོ
ཁ་སང་ཞོགས་པར་ཞོགས་ཇ་མ་འཁོལ་གོང
དྲི་ཞིམ་ཐུལ་བའི་རྩམ་ཁུག་མ་གྲོལ་གོང
ལས་ལ་ཟློག་ཐབས་བྲལ་བའི་འབྱུང་བའི་གོད་ཆག་དེས
ལ་སྟོད་དིང་རི་དང་ལྷ་རྩེ་གཏིང་སྐྱེས་ད་དུང
སྐད་ཅིག་རིང་ས་ཁང་ཐེབས་ཆག་རེ་རེ་
སྐྱ་ཐིང་ཐིང་གི་ཐལ་རྡུལ་གྱིས་ཁེབས་པའི་གཤོངས་བ་ཞིག
སྤུས་ངན་གྱི་སོ་ཕག་ཐ་ཐོར་དང་རྩིག་པ་རེ་རེའི་བར་ན
བུ་མོ་ཆུང་ཆུང་ཞིག་གི་མཐའ་འཇུག་གི་རེ་ལྟོས་དང
ས་དང་ཤིང་ལེབ་ཉིལ་བའི་ཞིག་རལ་གྱི་བར་གླེགས་ན
ཨ་མ་བགྲེས་སོང་ཞིག་གི་མིག་ཟུང་ཕྱེས་མ་བཙུམ་གྱིས
ཕྱི་རོལ་ལ་ཉན་ཞིང་རེ་བཞིན་མཆུ་ཏོ་མུར་མུར་གྱིས
སུ་ཞིག་ལ་སྐྱབས་འཇུག་དང་ཡང་ན་འཇིག་རྟེན་འདིར་གྱེས་ཕྱག་ཕུལ་གྱིན
ཤུལ་ལྷག་གི་གསར་བུ་གཅིག་གཉིས་ཀྱིས་ལྕགས་ཁེམ་རེ་ཟུང་དང
ཡང་ན་གྲང་ངར་གྱིས་འཁོབ་པའི་དམར་ཧྲེང་གི་ལག་ཟུང་ཁོ་ནས
དུས་ཚོད་དང་འཆི་བདག་ལ་འཐབ་རེས་ཀྱི་ཐལ་རྡུལ་དགུང་ལ་འཕྱུར
འོ་དོད་འཐེན་པའི་ཚེ་སྲོག་རེ་རེ་ནི་ཁོང་ཚོའི་ལག་ཟུང་ན་བཞུར་བའི་ཁྲག་ཐིགས་རེ
ཧི་མ་ལ་ཡའི་ཉིན་སྲིབ་ཏུ་གྱེས་པའི་རྩམ་གཟན་རྣམས་ཀྱི་གློ་སྙིང་སྟེང་འོག་བརྗེས
དབུས་ཀྱི་སྐྱིད་ཆུ་རིང་མོའི་སྤྱན་ཆབ་བྲན་པས་དམར་པོ་རི་ཡི་ཕོ་བྲང་བསྒུལ
མདོ་ཁམས་ཟལ་མོ་སྒང་གི་དཔའ་རྟུལ་གྱི་ཀི་རྒྱངས་བྲག་ཅར་འཁོར
སྨད་ཀྱི་རྨ་རྒྱལ་སྦོམ་རའི་དབུ་རྩེར་སྡུག་གི་ན་བུན་འཐིབས
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་སྨྲེ་ངག་གི་རླབས་ཕྲེང་རླུང་གིས་སྐྱོམ

 

༢༠༢༥ལོའི་ཕྱི་ཟླ༡་པའི་ཚེས་༩ཉིན་བྲིས།ཚེས༡༡བཅོས།
ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ནས།

 

 

 

 

སྔོན་མ།
སློབ་གསོ་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒན་རྒྱལ་ལོ་ལགས་སུ་བཅར་འདྲི་ཞུས།
རྗེས་མ།
སྲིད་པའི་ཞང་ཞུང་སྐོར་གྱི་རགས་བཤད། གསུམ་པ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up