ལྷ་སའི་དངོས་བྱུང་བདེན་དཔང་ངོ་སྤྲོད། ༢༣

 གཏམ་བཤད་པ། དགེ་སློང་ཐུབ་བསྟན་ཡར་འཕེལ།

 ལྷ་སའི་དངོས་བྱུང་བདེན་དཔང་། ཞེས་པའི་ལྷ་སའི་ལོ་རྒྱུས་དེབ་ཐེར་གཞིར་བཟུང་ལེའུ་དང་པོར་སྙན་གྲགས་ཅན་གྱི་ལྷ་སའི་མིང་གི་བྱུང་རིམ་དང་གོ་དོན། ལྷ་སའི་ས་ཁམས་ཆགས་དབྱིབས། ཐུ་བྷོད་བཙན་པོའི་སྐབས་ཀྱི་ལྷ་ས་དང་། ཕྱི་ལོ་ ༡༩༥༩ གོང་གི་ལྷ་ས་གྲོང་ཁྱེར། དེང་དུས་ཀྱི་ལྷ་ས་གྲོང་ཁྱེར་བཅས་དུས་རབས་གསུམ་གྱི་ལྷ་སའི་ལོ་རྒྱུས་སྐོར་དང་། གཞན་ཡང་ལྷ་སའི་མིའི་གྲུབ་ཆ་དང་། ལྷ་ས་ས་ཁུལ་གྱི་སྲིད་འཛིན་ཁྱབ་ཁོངས་བཅས་ཀྱི་སྐོར་དང་། ལེའུ་གཉིས་པར་ལྷ་སའི་གནམ་ས་གཉིས་ཀྱི་ཁྱད་ཆོས་དང་། ཕྱོགས་མཚམས་ཀྱི་རི་རྒྱུད་སྐོར་ངོ་སྤྲོད། ལེའུ་གསུམ་པར་ལྷ་སའི་ཐུན་མོང་མ་ཡིན་པའི་བཞི་ཚན་ཁག་ ༢༢ ཀྱི་བྱུང་རབས་ངོ་སྤྲོད། ལེའུ་བཞི་པར་ལྷ་སའི་ལོ་རྒྱུས་ཅན་གྱི་རྡོ་རིང་ཁག་ལྔ་དང་། གྲགས་ཅན་གྱི་ཤིང་རྐང་ལྔའི་སྐོར་དང་། ༸རྒྱལ་བའི་ཡབ་གཞིས་ཁག་བདུན་གྱི་ལོ་རྒྱུས་ངོ་སྤྲོད། ལེའུ་ལྔ་པར་རིས་མེད་དགོན་སྡེ་ཁག་བཅུ་དྲུག་དང་། ལྷ་ཁང་ཁག་བཅུ་གཉིས། བཙུན་དགོན་ཁག་དགུ། རི་ཁྲོད་ཁག་བཅུ་དགུ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་རེ་ངོ་སྤྲོད། ལེའུ་དྲུག་པར་ལྷ་སའི་སྐྱིད་ཚལ་ཁག་གསུམ་དང་། སྤྲོ་སྐྱིད་གཏོང་ཡུལ་གྱི་གླིང་ག་ཁག་ཞེ་དྲུག །སྔོན་དུས་ལྷ་སའི་དུས་ཆེན་ཆེ་ཁག་དང་། ལྷ་ས་བའི་ཆས་གོས་དང་རྒྱན་ཆ་ངོ་སྤྲོད། ལེའུ་བདུན་པར་ལྕགས་པོ་རི་དང་། དེའི་ཉེ་ཁུལ་གྱི་གནའ་ཤུལ་ཁག་བརྒྱད་ཀྱི་ལོ་རྒྱུས་ངོ་སྤྲོད། ལེའུ་བརྒྱད་པར་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་གནའ་ཤུལ་ཁག་ཞེ་དྲུག་དང་། པོ་ཏཱ་ལའི་རྒྱབ་ངོས་ཀྱི་གནའ་ཤུལ་ཁག་བཞི་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་རེ་ངོ་སྤྲོད། ལེའུ་དགུ་པར་ལྷ་སའི་ཉང་བྲན་དོག་གྲིབ་གསུམ་ལས། ཉང་བྲན་ཁོངས་ཀྱི་གནའ་ཤུལ་ཁག་དྲུག་དང་། དོག་བདེའི་ཁོངས་ཀྱི་གནའ་ཤུལ་ཁག་བཞི། གྲིབ་ཀྱི་མངའ་ཁོངས་ཀྱི་གནའ་ཤུལ་ཁག་གཉིས་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད། ལེའུ་བཅུ་པར་ལྷ་སའི་གནའ་དེང་གི་ཨི་སི་ལམ་ཁ་ཆེའི་ལྷ་ཁང་ཁག་བཞིའི་ལོ་རྒྱུས་ངོ་སྤྲོད་བཅས་ལེའུ་བཅུའི་བདག་ཉིད་དུ་ཕྱེ་ནས་ལྷ་སའི་ལོ་རྒྱུས་ངོ་སྤྲོད་ཞུས་ཤིང་། ལྷ་སའི་ལོ་རྒྱུས་འདི་ཉིད་ཕྱོགས་བསྒྲིགས་བྱ་ཕྱིར་ལྷ་ལྡན་གྲོང་ཁྱེར་གྱི་སྲང་ཁྲོམ་རེ་རེ་བཞིན་བརྒྱུད་ནས་གནའ་ཤུལ་བརྩད་འཚོལ་དང༌། པར་ལེན་བཅར་འདྲི། དེང་གི་གནས་སྟངས་ཞིབ་དཔྱད་སོགས་ཐབས་བསྟེན་ཅིང་། ལྷག་པར་དགོན་གནས་ལ་ཆོས་མཇལ་དང་། དངོས་མཐོང་དངོས་ཐོས་བྱུང་བ་གཞི་རྩར་བཟུང་ལོ་རྒྱུས་འདི་ཉིད་ཕྱོགས་བསྒྲིགས་ཞུས་པ་ལྟར་ངོ་སྤྲོད་ཞུས་པ་ཞིག་ཡིན།

སྔོན་མ།
བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་དགུ་པ།
རྗེས་མ།
བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ངོ་སྤྲོད། ༡༥

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up