ཚེ་རིང་སྐྱིད། (ཨ་རི།)
ཟླ་འོད་མག་མོག་མཁའ་ནས་འཚེར་བ་སྨུག་ལོང་སྟུག་པོས་བཀག་འདུག་ཟེར། །
རི་ཁའི་དར་ལྕོག་ལོ་ཟླས་ཟད་དེ་དར་ཤིང་ཁེར་རྐྱང་ལྷག་སོང་ཟེར། །
གྲོང་གི་འདུ་འཛི་འབྲོག་ལ་སླེབས་ཏེ་སྦྲ་ཡི་ཆོན་ཐག་ཆད་སོང་ཟེར། །
ཕོ་བྲང་དམར་བོ་ཚོན་ཁས་བསྒྲིབས་ཏེ་རྒྱ་ཕིབས་གསར་བ་བརྗེས་སོང་ཟེར། །
ལོ་རྒྱུས་ཆག་རོ་ས་ལ་ཟགས་པར་སེམས་ཀྱིས་གླན་ཏེ་ལག་གིས་སྐྱོར། །
གངས་རིའི་བརྗིད་ཉམས་དྲོད་ཀྱིས་བཞུས་ཏེ་རྫ་ཆབ་ཇེ་ཉུང་གྱུར་བ་དང་།
ས་བཅུད་ཤོར་བའི་ལྗང་མདོག་རི་ལུང་སྐྱ་ཞིང་སྐམ་པར་མངོན་པ་ན། །
བདག་གི་སེམས་ཁ་བདེ་ལ་མ་འཁོད་གཏིང་ལ་ཟུག་པའི་ནད་ཀྱིས་མནར། །
མཚན་གྱི་མཁའ་ལམ་དཀར་འོད་མེད་པར་མུན་པའི་འོབས་ལ་ལྷུང་བ་དེ། །
ཉིན་གྱི་མཐོང་ལམ་ཇི་ལྟར་གསལ་ཡང་རང་དབང་འདོམ་གང་སྟོང་བ་ནས། །
ཨ་ཐང་ཆད་པའི་དབུགས་རིང་དང་བཅས་སྲིད་པའི་འཁོར་བ་བརྟེན་པ་འདི། །
ཡུལ་དེའི་མི་ཡིས་མཆི་མའི་བར་ནས་ང་ལ་འགྲེལ་བའི་ལོ་རྒྱུས་ཡིན། །
ལྷ་སྐུའི་མདུན་གྱི་མཆོད་གཏེར་རྫུན་མ་རི་ལྟར་སྤུངས་ཏེ་ས་རུ་འགྲིལ། །
གངས་ལྷ་མེ་ཏོག་སྐམས་ཤིང་རུལ་ཏེ་རྒྱ་སེ་མེ་ཏོག་ཚབ་ལ་བྱོན། །
ཆོ་གའི་གོ་རིམ་འཕྲུལ་གྱིས་བཅོས་ཏེ་རྣམ་དག་དོར་བའི་ཆོས་རྭ་སོགས། །
བོད་ལ་བྱུང་བའི་རིག་གནས་མུ་གེ་འདི་འདྲ་ཡིན་ཞེས་བཤད་ནས་ཡོང་། །
རྭ་རྩེ་རྣོ་བའི་གཡག་རྒོད་དང་ནི་གཡང་དཀར་ལུག་སོགས་ཇེ་ཉུང་རེད། །
མཁུར་ཚོས་དམར་དང་བཞིན་བཟང་ཅན་གྱི་བུ་མོའི་ཚོགས་རྣམས་འཐོར་སོང་ཟེར། །
ཁྲ་རིང་བོའུ་ཡིས་རང་ས་སྲུང་བའི་བཙན་པོའི་རྟ་དམག་ཤུལ་མེད་རེད། །
ཡུལ་གྲུ་འདི་ལ་མགོན་དང་སྐྱབས་ཤིག་ད་ནི་གང་ན་ཡོད་ཅེས་དྲི། །
སེམས་ཀྱི་ན་བུན་རི་ལ་འཐིམས་ཏེ་རྫ་སྐེད་ཡངས་པོ་སྨུག་གིས་བཟུང་། །
གཡང་དཀར་ལུག་ཁྱུ་གཞིས་ནས་བོར་ཏེ་ལ་དང་ལུང་བའི་ཁུགས་སོར་སྤྱུགས། །
རྫི་བོ་རྐང་ཐང་རེ་ཐག་ཆད་སྟངས་གཤོག་པ་བརྡོལ་བའི་བྱ་རྒོད་བཞིན། །
འཚོ་རྟེན་བོར་བས་ཡུལ་ནས་འཁྱམས་ཏེ་གྲོང་དུ་གཡོག་པོ་བྱེད་ཡོད་ཟེར།།
གཡང་ནས་ལྷུང་བའི་རྦབ་ཆུ་བཞིན་དུ་ལོ་ཟླ་སོང་བའི་ད་ཚོད་ལ། །
རྒས་ཤིང་འཁོགས་པའི་གནའ་མི་ཚོ་ཡང་གཅིག་རྗེས་གཉིས་དེད་ཕྱི་མར་འགྲིམས། །
ཚེ་ཡི་སྣང་བ་མག་མོག་བར་དུ་བཟི་ཞིང་འཐོམས་པའི་དུས་རབས་འདིར། །
ས་མཐོའི་ཡུལ་དུ་ཞེན་ཆགས་དགོས་པ་ད་དུང་ཅི་ཞིག་ལྷག་ངེས་སམ། །
ཚ་གདུགས་ཉི་མའི་གདུང་བ་གྲོལ་བའི་ལྷ་ཆབ་བསིལ་མའི་ཆུ་མིག་རྣམས། །
གངས་ལྷ་མེ་ཏོག་འདོད་ཀྱིས་བཞད་སའི་ལྗང་མདོག་རི་བོའི་སྐེད་པ་སོགས། །
བགོ་བགོ་འབྲུ་མོའི་བཞོ་དབྱངས་འཐེན་སའི་རྩྭ་ཐང་ཆེན་མོའི་ཁུག་སོ་བཅས། །
ཡི་གེར་འཁོད་པའི་ལོ་རྒྱུས་གཟིགས་སུ་འཐིམས་ལ་ཡོད་པའི་ད་ཚོད་འདིར། །
བློ་ལྡན་སྐྱེས་པ་ཕྲ་མས་བསྒྱུར་ཏེ་བློ་ཆུང་ངོམས་སོ་བྱེད་པའི་དུས། །
ཤེས་རབ་མྱུར་བའི་མ་ཡུམ་དག་ཀྱང་རང་ཤེད་ཚ་བའི་བར་མཚམས་འདིར། །
གངས་རིའི་ལས་དབང་བར་ནས་བརླགས་ཏེ་རེ་སྟོང་རྣམ་པ་མངོན་པའི་དུས། །
མི་ཚོགས་དག་ཀྱང་ག་ལེར་ག་ལེར་ཕྱོགས་སུ་འཐོར་ནས་བུད་འགྲོ་ཟེར། །
ཉི་མ་ལྟ་བུའི་བླ་མ་ཆེན་པོ་ཟླ་འོད་བཞིན་དུ་འཚེར་ན་ཡང་། །
མགོ་བོ་བསྒུར་ཏེ་མཇལ་ལོབས་སོང་བའི་མི་རིགས་འདི་ཡིས་མཐོང་བར་དཀོན། །
རང་གི་སྣང་བ་དགུང་ལ་བཞག་སྟེ་ཁྲེལ་གཞུང་མེད་པའི་འཁྲབ་སྟོན་རྣམས། །
རྒྱང་ནས་མཐོང་དུས་རེ་ཐག་ཆད་པའི་དབུགས་རིང་ཡང་ཡང་ཤོར་སོང་ཟེར། །
རྩ་དོན་ཟེར་ནས་ཇི་ལྟར་འུར་ཡང་སྐད་དང་ཡི་གེ་སྐྱོ་བོ་རེད། །
ལ་རྒྱ་ཟེར་ནས་ཇི་ལྟར་བསྒྲགས་ཀྱང་འགག་རྩར་ཆོལ་ཁའི་གཡུལ་ངོ་སྐྱོང་། །
བླ་མ་ཞེས་ཏེ་ཁ་ཡིས་བཀུར་ཡང་ཁོག་ནས་རྩིས་མེད་གཏོང་བ་སོགས། །
རྒྱང་ནས་མཐོང་དུས་ཨ་ཐང་ཆད་པའི་སེམས་རྩ་འཁྱག་པ་རྡོ་རེད་ཟེར། །
བླ་མ་བཟང་པོའི་ཐུགས་རྗེའི་འོག་ཏུ་ནུབ་ཕྱོགས་ཡུལ་དུ་འཚར་ན་ཡང་། །
སྤོབས་པ་དམ་ཚིག་རྒྱང་ལ་གཡུགས་ཏེ་རྒྱ་ལ་ལག་པ་བསྲིང་ཞོར་དུ། །
ན་ཟུག་མེད་ཅིང་གནོང་འགྱོད་མེད་པར་རྒྱ་དང་ཟློས་གར་འཁྲབ་བཞིན་དུ། །
བར་ནས་ཁེ་བཟང་ཁོ་ན་བཟའ་མཁན་མགོ་གཉིས་ཅན་ཡང་མང་གི་ཟེར། །
བཙན་པོའི་འོག་ཏུ་གོག་ནས་འཚོ་ཡང་རང་གི་ངོ་གདོང་མ་བོར་ཟེར། །
ནོར་གྱིས་བསླུ་བྲིད་ཇི་ལྟར་ཆེ་ཡང་རང་ས་གོར་མོ་མ་བཙོང་ཟེར། །
ཕྱི་ནང་ཟེར་བའི་ས་མཚམས་བཙན་པོ་མ་བོར་སྲོག་གིས་སྲུང་ཡོད་ཟེར། །
མི་ལྟར་འཚོ་ཐབས་མཚན་ལས་མེད་ཀྱང་ད་དུང་དྲང་བོར་ལངས་ཡོད་ཟེར། །
བོད་རྒྱལ་ལོ་ ༢༡༤༤ བོད་ཟླ་ ༡༢ ཚེས་ ༡ ཉིན་ལ་རྒྱལ་ས་ཝ་ཤིན་ཀྲོན་དུ་རྒྱང་ནས་གོ་བའི་སྐད་སྐུར་དེ་འབྱོར་བ་དང་བྲིས།