སྐྱེས་ཡུལ་གྱི་སྐད་དང་དེའི་རི་མོ།

མཛེས་སེ། (བོད།)

 

རང་བྱུང་ཁམས་ལ་བལྟས་ཤིང་སྲོག་ཆགས་ལ་ཞིབ་ཏུ་ཉན་ཚེ། ང་ཚོས་གཙང་པོ་ལའང་རང་གི་སྐད་དང་ཡི་གེ་ཡོད་པ་ཤེས་ཐུབ། དེ་ནི་འཁྱག་རོམ་གྱིས་བསྡམས་པར་མ་ནུས་པའི་རྦ་རླབས་མིན་ནམ། ང་ཚོས་ནམ་མཁའ་ལའང་རང་གི་སྐད་དང་ཡི་གེ་ཡོད་པ་ཤེས་ཐུབ། དེ་ནི་གློག་ཞགས་ཀྱིས་འཚིགས་པར་མ་ནུས་པའི་སྤྲིན་དཀར་གྱི་ཕུང་པོ་མིན་ནམ། འདབ་ཆགས་ཀྱི་སྐད་དང་ཡི་གེ་ནི་རང་དབང་གི་གཤོག་ཟུང་ལ་བརྟེན་ནས་རྒྱུན་བཟུང་པ་རེད། རྨིག་ཆགས་ཀྱི་ཕ་སྐད་ནི་འབད་བརྩོན་གྱི་གོམ་འགྲོས་ལ་བརྟེན་ནས་བར་ཆད་ལས་བརྒལ་བ་རེད། སྡེར་ཆགས་ཀྱི་ཕ་སྐད་ནི་ཞུམ་མེད་ཀྱི་སྤོབས་པ་ལ་བརྟེན་ནས་བཀག་རྒྱ་ལས་ཐར་པ་རེད།

ང་ལའང་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ཡོད་དེ། ཇི་སྲིད་བར་དུ་རྙིང་རྒྱུ་མེད་པའི་གངས་ལྗོངས་ཀྱི་བསིལ་རླུང་བཞིན། སྐད་གདངས་གཅིག་འདྲ་སྨྲ་ཞིང་ཡིག་གཟུགས་གཅིག་མཚུངས་འབྲི་བའི་ང་ཚོ་ཐམས་ཅད། ཡུལ་ལུང་ཀུན་ལ་ཁྱབ་པའི་བྱམས་དང་སྙིང་རྗེའི་བདག་པོ་ཚོ། རུས་མིང་མི་གཅིག་ས་ཡ་བྱེ་བའི་ཐུན་མོང་གི་སྐད་དང་ཡི་གེ། གྱོན་གོས་རྒྱན་ཆ་འདྲ་མིན་ཁྲི་འབུམ་གྱི་ཐུན་མོང་གི་སྐད་དང་ཡི་གེ། གཡར་པོའི་ལུས་ལ་རྒས་རྒྱུ་ཡོད་ཀྱང་ང་ཚོའི་སྐད་དང་ཡི་གེ་ནི་ལོ་ངོ་གྲངས་མེད་སྔོན་གྱི་ན་གཞོན་ཕོ་མོའི་ངག་གི་དབྱངས་རྟ་དང་སོར་རྩེའི་རི་མོ་དེ་ཡིན།

ང་ཚོའི་སྐད་དང་ཡི་གེ་ནི་སྤུན་ཟླའི་བར་དུ་མཛའ་མཐུན་གྱི་ཆ་འཕྲིན་སྐྱེལ་མཁན་བང་ཆེན་ཡིན་པ་ལས་ཕན་ཚུན་ཡིད་སེམས་དཀྲུག་བྱེད་ཀྱི་ཚིག་གི་མདའ་མཚོན་དེ་མིན།

སྐྱེས་ཡུལ་གྱི་སྐད་ཅེས་གླེང་སྐབས། གྲོང་ཁྱེར་དུ་སྡོད་མཁན་མང་པོའི་སེམས་སུ་དེ་མ་ཐག་རྒྱང་རིང་གི་སྤང་ཐང་དང་ཁང་ཞིང་འཆར་གྱིན་ཡོད་པ་དང་། སྐྱེས་ཡུལ་གྱི་ཡི་གེ་ཞེས་གླེང་སྐབས། གྲོང་ཁྱེར་དུ་སྡོད་མཁན་དང་རོང་འབྲོག་ཕྱོགས་ཀྱི་མི་མང་པོས་རྒྱང་རིང་གི་གཙུག་ལག་སློབ་ཁང་ངམ་དགོན་སྡེ་ཞིག་གམ་གྲོང་དཀྱིལ་གྱི་སྔགས་ཁང་ཞིག་དྲན་གྱིན་ཡོད་པ་རེད། ཁོ་ཚོས་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་ལུང་པ་གཞན་གྱི་སྐད་དང་ཡི་གེ་མི་ཤེས་མཁན་དག་གིས་སྤྱད་དགོས་པ་ཞིག་ལས་རང་ཉིད་དང་འབྲེལ་བ་དམ་པོ་མེད་པར་སྙམ་གྱིན་འདུག

སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་ཡོད་ན། ནམ་ཡང་རང་གི་སྐྱེས་ཡུལ་བརྗེད་མི་སྲིད། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ཤོར་ཚེ། ཉིན་ཞིག་ཕ་ས་མ་ཁུངས་འཆོལ་ནས་རང་གི་མེས་པོའང་གཞན་དུ་མི་བཙལ་བའི་ངེས་པ་མེད། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་འུ་ཅག་དང་གཅིག་མཚུངས་སྨྲ་མཁན་གྱི་མི་རིགས་དང་ཚོ་ཁག་གང་ཡིན་ཡང་རང་ཅག་གི་ཤ་ཉེ་རེད། ཡུལ་གཞན་གྱི་སྐད་དང་ཡི་གེ་གཡར་བའི་འུ་ཅག་གི་སྤུན་ཟླ་རྣམས་ཀྱང་རུས་རྐང་ཐ་དད་དུ་འགྱུར་གྱིན་འདུག་ཅེས་བརྗོད་ག་ལ་རུང་། སྐད་དང་ཆ་ལུགས་རེ་ཞིག་ཕྱི་རུ་འདྲེས་ནའང་ཁོ་ཚོའི་སེམས་སུ་དྲོད་འཁོལ་བའི་རེ་སྙེག་གི་སྒྲོན་སྟེགས་ཤིག་ང་ཚོས་གཟུག་དགོས།།

སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ལ་དུངས་པའི་སྐྱེ་བོ་དག་གིས། རང་གི་སྐད་དང་ཡི་གེའི་དྲི་བསུང་སྣ་ཡིས་དེ་མ་ཐག་མནམ་ཐུབ་ལ། རང་གི་སྐད་དང་ཡི་གེའི་གཟུགས་བརྙན་མིག་གིས་དེ་མ་ཐག་མཐོང་སྲིད། རང་གི་སྐད་དང་ཡི་གེའི་སྒྲ་གདངས་རྣ་ཡིས་དེ་མ་ཐག་ཉན་ཐུབ་ཅིང་། རང་གི་སྐད་དང་ཡི་གེའི་རོ་བཅུད་ལྕེ་ཡིས་དེ་མ་ཐག་མྱང་ཐུབ་པ་མ་ཟད། རང་གི་སྐད་དང་ཡི་གེའི་རེག་བྱ་ལུས་ཀྱིས་དེ་མ་ཐག་ཚོར་བར་འགྱུར།

མ་འོངས་པའི་དུས་ཤིག་ན། གལ་ཏེ་ཁྱོད་ལ་བསྟོད་བསྔགས་བྱེད་མཁན་བྱུང་ཚེ། དེ་ནི་ཁྱོད་ཀྱིས་རང་གི་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ཤེས་པའི་རྐྱེན་གྱིས་ཡིན་ངེས།ད་ལྟའི་དུས་འདིར། འུ་ཅག་ལ་བརྩི་མཐོང་དང་ཁས་ལེན་ཐོབ་པ་ནི་འུ་ཅག་གིས་རང་གི་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་མ་ཉམས་རྒྱུན་འཛིན་བྱས་པའི་དབང་གིས་ཅི་ལ་མིན། འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་དགུན་གསུམ་གྲང་ངར་འཇོམས་པའི་མེ་དཔུང་ཡིན་ལ་དབྱར་གསུམ་ཚ་བ་སེལ་བའི་ལྗོན་གྲིབ་རེད།

སྐྱེས་ཡུལ་རེ་རེ་ན་སྐད་དང་ཡི་གེ་རེ་རེ་ཡོད་པ་དང་། སྐད་དང་ཡི་གེ་རེ་རེ་ནི་མེ་ཏོག་གི་ཚོམ་བུ་རེ་རེ་ཡིན་པས། ན་ཆུང་བྱིས་པའི་འཛུམ་མདངས་ལྟ་བུའི་མེ་ཏོག་གི་ཚོམ་བུ་དེ་ཐོགས་པ་ན་ཁྱོད་ལ་འཇིག་རྟེན་ཞིག་ཐོབ་ཡོད་ཅིང་། མེ་ཏོག་གི་ཚོམ་བུ་དེ་དོར་བ་ན་ཁྱོད་ནི་འཇིག་རྟེན་ཞིག་གིས་དོར་ཚར་བ་རེད།

གལ་ཏེ་ཁྱོད་རང་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ལ་དགའ་ཞེན་མེད་ན། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེས་ཀྱང་ཁྱོད་ལ་གཟིགས་སྐྱོང་གནང་ག་ལ་སྲིད། ཁྱོད་ཀྱི་སྐྱེས་ཡུལ་དེ་གང་རེད་དམ། ཁྱོད་ཀྱི་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་གང་ན་ཡོད་དམ། དགའ་འོས་པ་ནི། ལ་ལས་མིག་གིས་འཚོས་ཡོད་ཟེར། ལ་ལས་ལག་ཏུ་བཅིངས་ཡོད་ཟེར། ལ་ལས་ངག་གིས་རྗོད་ཀྱིན་ཟེར། དགའ་ཞིང་སྐྱོ་འོས་པ་ནི། ལ་ལས་རང་གི་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་རྒྱབ་ཏུ་ཁུར་ཡོད་ཟེར། ལ་ལ་ལས་རུམ་དུ་བཅུག་ཡོད་ཟེར། སྐྱོ་འོས་པ་ནི། ལ་ལས་མཐོང་མ་མྱོང་ཟེར། ལ་ལས་ཐོས་མ་མྱོང་ཟེར། ལ་ལས་དྲིན་ཅན་ཕ་མ་ལའང་ཕ་མས་བསླབས་མྱོང་མེད་ཟེར། སྐྱོ་ཞིང་དགའ་འོས་པ་ནི། ལ་ལས་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་ད་ལྟ་འཚོལ་བཞིན་ཡོད་ཟེར། ལ་ལས་ད་ལྟ་མཐོང་ཟིན་ཟེར། ལ་ལས་ད་ལྟ་ཐོས་བྱུང་ཟེར།

གལ་ཏེ་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་དབང་ཆ་ཞིག་ཡིན་ཚེ། དེ་ལ་ཀུན་གྱིས་འཕྲོག་རྩོད་བྱ་སྲིད། གལ་ཏེ་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་བཅའ་ཁྲིམས་ཤིག་ཡིན་ཚེ། དེ་ཡིས་ཀུན་ལ་འདྲ་མཉམ་གྱི་ཆར་བའང་དབབ་སྲིད།

བྲེ་སེར་འབྲོང་གི་ཕ་སྐད་མཐོན་པོ་རྫ་ཡིས་མི་ཁོགས། བྱ་རྒྱལ་ཁྱུང་གི་ཕ་སྐད་སྤུ་གྲི་རླུང་གིས་མི་ཆོད། སེང་གེ་དཀར་མོའི་ཕ་སྐད་འཁྱག་པའི་གངས་ལ་མི་འབྱར། དམར་ཡག་སྟག་གི་ཕ་སྐད་རྒྱ་རྫོང་ནགས་སུ་མི་འཐོམ། ཕོ་ཆུང་འབྲུག་གི་ཕ་སྐད་རྒྱ་མཚོའི་གཏིང་ལ་མི་ནུབ། འདོ་བ་རྟ་ཡི་ཕ་སྐད་རྨིག་བཞིའི་འོག་ཏུ་མི་ལྷུང་། མཆོག་དཀར་གཞུ་མོའི་ཕ་སྐད་སྐྱེན་པོ་མདའ་ཡིས་མི་འཁྱེར།

བོང་བུའི་སྒྲ་དབྱངས་ལ་ཀུན་གྱིས་བཞད་གད་དང་འཕྱ་དམོད་བྱེད་ནའང་། ས་སྟེང་འདི་རུ་རྗེས་མ་ཆད་བར་དུ་མགྲིན་བཟང་རྣམས་ཀྱི་ཕ་སྐད་ནི་འཇིག་མི་སྲིད། སྒོ་ཁའི་ཕྱུགས་ཟོག་དང་སེམས་ཅན་གཞན་དག་གི་ཁེར་ལབ་ལ་ངས་ཀྱང་སྣ་གཉེར་བྱས་མྱོང་མོད། ཚེ་ཡི་མཐའ་མར་བཤན་པའི་ལག་ཏུ་ཕ་སྐད་མི་འགྱུར་གཟེངས་སུ་གྱེར་མཁན་ནི་ར་ལུག་ཁྱི་ཕག་བ་གླང་སོགས་མ་ཡིན་ནམ། རི་བོང་བློ་ལྡན་ན་རེ། ཕ་སྐད་མ་ཉམས་ཚེ་ང་ལ་མེས་པོའི་སྒྲུང་རབས་གྲངས་མེད་ཡོད། གལ་ཏེ་ཕ་སྐད་་ངག་ནས་ཡལ་ཚར་དུས། ང་ཡི་མ་འོངས་པའི་རྗེས་རབས་བུ་ཚའི་ལོ་རྒྱུས་ནི་སྲོག་ཆགས་གཞན་གྱི་འཁྱོག་བརྗོད་དམ་རྫུན་གཏམ་གྱིས་བརྒྱན་པར་བྱེད་པ་གདོན་མི་ཟ།

ངེད་ཚང་གི་བྱི་ལ་དང་སྒོ་ཁྱི་གཉིས་གྲོགས་པོར་གྱུར་ཏེ་ནམ་ཡང་མཉམ་དུ་ཟ་འཐུང་དང་རྩེད་འཇོར་རོལ་གྱིན་ཡོད། འོན་ཀྱང་ངོ་མཚར་བ་ཞིག་ལ་ཁོ་གཉིས་ཀྱིས་རང་སྐད་རང་གིས་བདག་པོ་བརྒྱབ་ནས་ནམ་རྒྱུན་བཤད་པ་མ་གཏོགས་ཕ་རོལ་གྱི་སྐད་དེ་ཚུར་འཕྲོག་པའམ་རང་གི་སྐད་དེ་ཕ་རོལ་པོར་བཙན་གྱིས་སྟེར་བ་སོགས་གཏན་ནས་བྱས་མྱོང་ཡོད་པ་མ་རེད། དེ་ནི་འཆམ་མཐུན་གྱི་མིག་དཔེ་བཟང་པོར་གྱུར་འདུག་པས། ད་ལྟ་ང་ཚོ་ཚང་མས་སློབ་སྦྱོང་བྱས་ན་ཤིན་ཏུ་ལེགས། གཞན་ཡང་། ང་ཚོས་ཕྱུགས་རིགས་དུད་འགྲོ་རྣམས་གྲལ་མགོར་བཀུར་ན་མི་འོས་པ་གཏན་ནས་མེད་དེ། ཐ་ན་བྱ་ནེ་ཙོ་ཡིས་ཀྱང་འུ་ཅག་སྐྱེས་ཡུལ་གྱི་སྐད་འཆད་ཤེས་ཤིང་ར་ལུག་གིས་ཀྱང་འུ་ཅག་གི་སྐད་དེ་ཧ་གོ་བས་སོ། །རང་སྐད་བཤད་མཁན་ལ་མི་དུངས་པའི་རྔ་མོང་གཅིག་ཀྱང་མེད། གོང་མོ་རྣམས་ཀྱིས་ཕ་སྐད་མི་ཤོད་པའི་རང་རིགས་ལ་སྐུལ་ལྕག་གཏོང་བ་ལས་དམའ་འབེབས་གཏན་ནས་བྱེད་མི་དཔེ།

སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་ལན་རེར་ཟླུམ་པོ་ཞིག་སྟེ། ང་རྒྱལ་ཅན་རྣམས་ཀྱི་དྲེགས་ཚིག་གིས་བརྫད་སོང་པ་འདྲ། ལན་རེར་ནར་མོ་ཞིག་སྟེ། འདོད་ཆགས་ཅན་རྣམས་ཀྱི་སྲེད་གཏམ་གྱིས་བརྫད་སོང་པ་འདྲ། ལན་རེར་གྲུ་བཞི་ཞིག་སྟེ། ཞེ་སྡང་ཅན་རྣམས་ཀྱི་ཁྲོ་ཚིག་གིས་བརྫད་སོང་པ་འདྲ། ལན་རེར་ཟུར་གསུམ་ཞིག་སྟེ། ཕྲག་དོག་ཅན་རྣམས་ཀྱི་སྨོད་གཏམ་གྱིས་བརྫད་སོང་པ་འདྲ། ལན་རེར་འཇོང་པོ་ཞིག་སྟེ། གཏི་མུག་ཅན་རྣམས་ཀྱི་འཁྲུལ་བཤད་ཀྱིས་བརྫད་སོང་པ་འདྲ།

སྐྱེས་ཡུལ་གྱི་སྐད་དང་ཡི་གེ་བརླག་མཁན་ནི་སོ་སྐྱེ་ཕལ་བའི་བར་གྱི་རང་མཆོག་གཞན་དམན་གྱི་སེམས་བྱུང་དེ་ཡིན་ཨེ་སྲིད། སྐྱེས་ཆེན་ལ་ལའི་ཕྱོགས་རིས་འཐེན་འཁྱེར་གྱི་གསང་རྣམ་དེ་ཡིན་ཨེ་སྲིད། སྨྱོན་པ་དང་རིག་འཆལ་ལ་ལས་ཆོས་བརྒྱུད་གྲུབ་མཐའི་བར་བསླངས་པའི་ཆགས་སྡང་གི་རྩོད་རྙོག་དེ་ཡིན་ཨེ་སྲིད།

སྐྱེས་ཡུལ་གྱི་སྐད་དང་ཡི་གེ་བསླབས་མ་མྱོང་བའམ་བསླབ་མ་ཐུབ་མཁན་དེ་དག་ནི། ལེ་ལོ་ཆེ་བའི་དབང་གིས་རེད་དམ། གསེར་ལས་དཀོན་པའི་དུས་ཚོད་ཀྱིས་དབུལ་ཏེ་ཁོམ་ལོང་མ་བྱུང་བས་རེད་དམ། མཐོ་སྒང་གི་སྨུག་པས་མིག་ཟུང་བསྒྲིབས་ཏེ་རང་གི་ལུང་པ་མ་མཐོང་བར་འུ་ཐུག་ནས་རྒྱང་རིང་ལ་བལྟ་དགོས་བྱུང་པས་རེད་དམ། རླུང་འཚུབ་ཁྲོད་དུ་ལྷུང་ནས་རྐང་པ་ས་ལ་རེག་མ་བྱུང་བས་རེད་དམ། ཁྲམ་པས་མགོ་སྐོར་བཏང་ནས་མ་འོངས་པའི་རྒྱལ་ཁམས་ཤིག་ལ་ཁྲིད་སོང་བས་རེད་དམ།

སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་རི་ཚོགས་ཀྱི་རྔམ་བརྗིད་ཞབས་འོག་ཏུ་གནོན་པའི་ཁ་བའི་འདབ་མ་རེ་རེ་ཡིན་ན་འགྲིག སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་རྫུན་གྱི་འཁོར་ལོ་མ་ཡིན་པར་བདེན་པའི་སྒོ་མོ་འབྱེད་བྱེད་ལྡེ་མིག་དེ་ཡིན་ན་འགྲིག ང་གཅིག་པུས་སྤོ་ལོ་མ་བརྩེས་རུང་འཛམ་གླིང་ཡོངས་སུ་སྤོ་ལོ་ཉམས་རྒུད་དུ་མི་འགྲོ་མོད། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་ང་ཡིས་མ་བཤད་མ་བཀླགས་ཚེ་བསླབ་མཁན་གཅིག་ཇེ་ཉུང་དུ་སོང་ཡོད་པ་རེད།

ནོར་བུ་འདྲ་བ་དག་གིས་བལྟས་ན། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་རིན་ཆེན་ནོར་བུ་རེད། གད་སྙིགས་ལྟ་བུ་དག་གི་སེམས་ཁོང་དུ། སྐྱེས་ཡུལ་གྱི་སྐད་དང་ཡི་གེའང་གད་སྙིགས་ཡིན།

སྐྱེས་ཡུལ་དུ་དྭངས་གསལ་གྱི་ནམ་མཁའ་ཡོད། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་ནི་ཁྱོད་ལ་སུ་ཡིས་བསླབས་པ་ཡིན་ནམ།

སྐྱེས་ཡུལ་དུ་ཆུ་ཀླུང་ཆེན་པོ་འགའ་ཡང་ཡོད། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་ཁྱོད་ཀྱིས་ད་དུང་བརྗེད་མེད་དམ།

ང་ཚོ་ས་ཆ་གང་ལ་སོང་ནའང་། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་སྦྲང་དཀར་རྩམ་པ་བཞིན་དུ་ཁ་རུ་ཞིམ་ཞིང་འཇམ་དཔལ་དབྱངས་ཅན་བཞིན་དུ་མིག་ལ་མཛེས་ཏེ། ཕ་ཁུ་ཕུ་ནུ་ཡི་གཟུགས་བརྙན་དེ་ཡིས་གསལ། མ་སྲུ་མོ་སྨན་ཚོའི་འཛུམ་མདངས་དེ་ཡིས་བཀྲ བུ་རབས་ཚ་རྒྱུད་ཀྱི་ཕུགས་འདུན་དེ་ཡིས་བརྟན།

སྐྱེས་ཡུལ་དུ་ཉི་ཟླའི་འོད་སྣང་ཡོད། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་ཁྱོད་ཀྱིས་སུ་ལ་བསླབས་མྱོང་ངམ།

སྐྱེས་ཡུལ་དུ་གླུ་གཞས་ཞབས་བྲོ་དང་ཟློས་གར་ཡོད། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ། ཁྱོད་ཀྱིས་ད་དུང་ཧ་གོའམ།

ང་ཚོ་དུས་ཚིགས་གང་ལ་འཕྲད་ཀྱང་། སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་ནི་ཡིད་རྟོན་བྱེད་ཆོག་པའི་རྒྱབ་ཀྱི་རྟེན་ས་ཡིན་པས། ལྟེ་ཁྲག་དང་ཆུ་ཕྲན་གྱི་བཞུར་རྒྱུན་དེ་ལས་འདྲེས། མཚེར་ཤུལ་དང་གཞིས་རྙིང་དྲན་པའི་གདུང་བ་དེ་ལས་འཕྱུར།

གལ་སྲིད་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་བརྗེད་གྱུར་ན། ཁྱོད་ནི་ས་མཐའ་འགྲིམས་མཁན་ཞིག་དང་ཁྱད་མེད་དེ། སྐྱིད་སྡུག་བརྗོད་རོགས་རང་ལུས་ཀྱི་གྲིབ་མ་ཨེ་ཡིན་ནམ། གལ་སྲིད་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་བརྗེད་གྱུར་ན། ངས་ཀྱང་མེས་པོ་གོང་མ་རྣམས་ཀྱི་ཞབས་རྗེས་རྙེད་པར་དཀའ་སྟེ། མ་འོངས་པའི་དུས་ཤིག་ན་ཕྱིར་རང་ཁྱིམ་དུ་ལྡོག་པའི་ལམ་སྣེ་ཇི་ལྟར་ཟིན་ནམ།

གལ་སྲིད་སྐྱེས་ཡུལ་གྱི་སྐད་དང་ཡི་གེ་དེ་ཤེས་ན། ཁྱོད་ཀྱི་རི་ལུང་ནི་གཤིས་རྒྱུད་དར་ལས་འཇམ་ལ། སྣ་ཚོགས་མེ་ཏོག་བལ་དང་འོ་མས་བརྒྱན། ང་དང་རྟ་ཕོའང་ནམ་ཡང་ཁེར་རྐྱང་མིན་ཏེ། ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་བ་ཡོད།
སྐྱེས་ཡུལ་གྱི་སྐད་དང་ཡི་གེ་ནི་སྐྱེས་ཡུལ་གྱི་ས་ཆུ་མེ་རླུང་དང་སྐྱེས་ཡུལ་གྱི་ངོ་གདོང་རེད།།

ཅེས་སྤྱི་རྩིས༢༠༢༣ལོའི་ཟླ་བཅུ་གཉིས་པར་ཟི་ལིང་ནས་བྲིས།

 

གཞན་ནས་འདྲེན་བཀོད་བྱས།

 

སྔོན་མ།
ཞང་བོད་གསོ་བ་རིག་པའི་ལོ་རྒྱུས་ཏི་སེའི་མགུལ་རྒྱན་གྱི་ངོ་སྤྲོད།
རྗེས་མ།
མར་ཡུལ་ལྗོངས་ཀྱི་ཕྱིར་མིག

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up