སྐྱོ་བའི་ཚོར་འདུ།

གཅན་ཡུ་མོ། (ཡོ་རོབ།)

 

ཡིད་འོང་ཚིག་ལ་དད་པའི་སེམས་ཡོད་ཀྱང་།།
གསུང་སྐད་སྒྲོག་མཁན་བདག་གི་མདུན་ན་མེད།།
ཡངས་ཤིང་ཆེ་བའི་གོ་ལར་བསྐྱོད་འདོད་ཀྱང་།།
སོང་ནས་ཚར་རྒྱུ་མེད་པ་བདག་གིས་ཚོར།།

 

གཟུགས་དང་ལང་ཚོའི་མཛེས་པ་ཡོད་འདོད་ཀྱང་།།
ཅི་ཙམ་བྱུགས་ཀྱང་ལུས་ནི་ཐལ་བར་འགྱུར།།
རྟ་ཕོར་བཞོན་ཏེ་ཡུལ་ལ་ལོག་འདོད་ཀྱང་།།
མཐའ་མཚམས་དག་ནི་བཙན་པས་ཐར་ས་མེད།།

 

ཆུང་བའི་དུས་ཀྱི་ཤེས་རྩལ་འགྲན་འདོད་ཀྱང་།།
རྒས་པའི་ལོ་ཟླས་དྲན་པ་ཉམས་ཤིང་འགྱུར།།
ཟབ་ཅིང་མཐའ་མེད་ཤེས་བྱ་སློབ་འདོད་ཀྱང་།།
ལེ་ལོས་རྡོག་རྒྱག་གཞུས་ཏེ་ཕལ་བར་ལྷུང་།།

 

རེ་བའི་སེམས་ལ་ལྷ་བྱ་འཁྲུངས་ནའང་།།
ལས་དབང་བཙན་པོས་གར་སོང་ཆ་མེད་ཁུར།།
དྲང་བོའི་གཏམ་གྱིས་འཇིག་རྟེན་བསྐྱངས་ནའང་།།
ཡིད་ཆེས་མི་བྱེད་སེམས་མེད་རོ་དང་མཚུངས།།

 

སྐྱིད་ཀྱང་སྟོང་ཟད་འགྱུར་བའི་མི་ཚེ་ལ།།
ས་མཐའི་ཡུལ་དུ་རིན་ཐང་ཅི་ཡང་མེད།།
གཞུང་ལུགས་གང་མང་སྦྱངས་པའི་ཤེས་ཡོན་ཡང་།།
བདག་པོ་མེད་པས་མཐའ་མར་རླུང་གིས་ཟད།།

 

ཀ་ཁ་འབྲི་ཀློག་ཙམ་ཞིག་ཤེས་པ་འདི།།
ལེ་དབར་སྟོང་གི་བཅད་པའི་ཡུལ་དེ་ལ།།
བར་ཆད་ཅི་ཡང་མེད་པར་སྐྱེལ་ཆོག་ན།།
དུག་གི་བཟི་ཁ་བཙན་ཡང་ཅི་ལ་སྐྲག།

 

 

སྔོན་མ།
མར་ཡུལ་ལྗོངས་ཀྱི་ཕྱིར་མིག
རྗེས་མ།
ཙི་ནའི་གསང་རྣམ་ཚིགས་སུ་བཅད་པ་ནོར་བུ་ཁྱུང་མིག་མ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up