སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་ལ་སྩལ་བའི་གསུང་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་ནས་གཞིས་བྱེས་བོད་མི་དང་། ཧི་མ་ལ་ཡའི་རི་རྒྱུད་སོགས་འཛམ་གླིང་གང་སར་གནས་པའི་དད་ལྡན་རྣམས་ལ་འཁྲུངས་སྐར་དང་འབྲེལ་གསུང་འཕྲིན་སྩལ་ཡོད་པ་རེད། དེ་ཡང་བཀའ་སློབ་ཏུ། དེ་རིང་ངོས་ཀྱི་སྐྱེས་སྐར་དུས་ཆེན་ལ་གཞིས་བྱེས་མི་མང་མང་པོ་ཞིག་གིས་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད། སྤྲོ་སེམས་འཁོལ་ནས་བསྡད་ཡོད་པ་རེད། དུས་ཚོད་འདིར་གཞིས་བྱེས་བོད་མི་སྡེར་གཏོགས་ཧི་མ་ལ་ཡའི་རི་རྒྱུད་སོགས་ཚང་མས་ངོས་ཀྱི་སྐྱེས་སྐར་ལ་སྨོན་ལམ་རྒྱག་གི་ཡོད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལོ་དགུ་བཅུ་ཡས་མས་ལ་སླེབས་ཡོད། ད་ལྟ་གཟུགས་པོ་མ་བདེ་བ་གང་ཡང་མི་འདུག རྐང་པ་ཕྲན་བུ་མ་བདེ་བ་ཞིག་འདུག་མ་གཏོགས་གཞན་གཟུགས་པོ་བདེ་ཐག་ཆོད་རེད། གང་ལྟར་གཞིས་བྱེས་བོད་མི་ཚང་མས་ངོས་ཀྱི་སྐྱེས་སྐར་དུས་ཆེན་ཐོག་ལ་སྨོན་ལམ་རྒྱག་པ་སོགས་བྱེད་ཀྱི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ངོས་རང་མདོ་སྨད་ཀྱི་ས་ཆ་ནས་སྐྱེས་པའི་མི་ཞིག་ལ་༧རྒྱལ་དབང་གི་མིང་ཐོགས་ནས་གཞིས་ལ་བསྡད་པའི་རིང་དུ་ཧུར་ཐག་བྱས་པ་ཡིན་ལ། ལྷག་པར་ང་ཚོ་བཙན་བྱོལ་བྱས་ཏེ་བསྡད་པའི་རིང་ལ་གང་ཡོང་ཅི་ཡོང་ཧུར་ཐག་བྱས་པ་ཡིན། དེའི་ཚོད་ཀྱིས་ཕན་ཐོགས་ཀྱང་རྒྱ་ཆེན་པོ་ཡོད་པ་ལྟ་བུ་འདུག འཛམ་གླིང་འདིར་དོ་སྣང་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག་པས་ངོས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དག་ཕྲན་བུ་འགྲུབ་ཡོད་བསམ་པ་དྲན་གྱི་འདུག གཙོ་ཆེར་གཞིས་བཞུགས་རྒྱ་ཆེའི་མི་མང་ཚང་མ་བློ་བདེ་བོར་བཞུགས་རོགས་གནང་ཞུ་རྒྱུ་ཡིན།

ངོས་རང་འདིར་གཟུགས་པོ་ཕྲན་བུ་ཕྲན་བུ་མ་བདེ་བ་ཡོང་གི་འདུག བགྲེས་པོ་ཆགས་པའི་ཆ་ནས་ཡོང་གི་རེད། དེ་མིན་སྤྱི་ཆ་ནས་གཟུགས་པོ་བདེ་ཐག་ཆོད་ཡོད། ཚང་མ་ཐུགས་ལྷོད་ལྷོད། བློ་བདེ་བོར་བཞུགས་རོགས་གནང་ཞུ་རྒྱུ་ཡིན། དེ་རིང་དམིགས་བསལ་ཞུ་རྒྱུ་ཞིག་ལ་ངོས་རང་ལ་གཤགས་བཅོས་ཕྲན་བུ་ཕྲན་བུ་ཞིག་བྱས་ཏེ། ལྷག་པར་དུ་པུས་མོའི་གཤགས་བཅོས་ཏོག་ཙམ་མ་བདེ་བྱུང་། ཡིན་ནའང་། ད་ལྟ་ཡར་དྲག་ཡོང་གི་འདུག སྐྱོན་གང་ཡང་མི་འདུག དེར་བརྟེན། ཁྱོད་ཚོ་ཚང་མ་བློ་བདེ་བོ་བྱོས། ཡང་གནས་ཚུལ་གསལ་ལ་མ་གསལ་བ་༧རྒྱལ་བ་རིན་པོ་ཆེ་སྨན་ཁང་ལ་ཕེབས་པ་རེད་ཟེར་བ་ལྟ་བུ་དང་། སྨན་བཅོས་གནང་གི་ཡོད་པ་རེད་ཟེར་བ་ལྟ་བུ་བཤད་མཁན་ཡོང་གི་རེད་དེ། དེ་ལ་ཆ་འཛིན་ཆེན་པོ་བྱེད་དགོས་པ་མེད། དོ་བདག་ངོ་མ་ངོས་རང་ལ་ཆ་བཞག་ན་ཕྲན་བུ་པུས་མོ་མ་བདེ་བ་བྱུང་། སྨན་ཁང་ནས་བརྟག་དཔྱད་བྱས་ཏེ་ཚང་མས་དངོས་གནས་དྲང་གནས་བརྩེ་སེམས་ལྡན་པའི་ཐོག་ནས་ཧུར་ཐག་བྱས་སོང་། གོ་སྐབས་འདི་བཟུང་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། མང་ཚོགས་ལ་མཚོན་ནའང་། ༧རྒྱལ་བ་རིན་པོ་ཆེར་སྨན་བཅོས་ཕྲན་བུ་ཕྲན་བུ་བྱས་ཡོད་ཀྱང་། གཞི་རྩའི་གཟུགས་པོ་ཡག་ཐག་ཆོད་ཅིག་ཡོད་པ་ལ་ཚང་མས་བློ་བདེ་བོ་བྱས་ཏེ་བཞུགས་རོགས་གནང་ཞུ་རྒྱུ་ཡིན། ད་ལྟའི་བར་དུ་༧རྒྱལ་དབང་གི་མཚན་འཁྱེར་ནས་བོད་ཕྱི་ནང་། འཛམ་གླིང་མང་པོ་ཞིག་ལ་ཕན་ཐོགས་གང་འཚམ་དང་། གཙོ་བོ་བསྟན་པའི་ཞབས་འདེགས་གང་འཚམ་ཞིག་སྒྲུབ་ཡོད་པ་རེད། ད་དུང་ཡང་མུ་མཐུད་ནས་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཐག་བཅད་ནས་སེམས་ཤུགས་བསྐྱེད་བཞིན་ཡོད། ང་ཚོའི་བོད་མི་ཕྱི་ནང་ས་ཁུལ་གང་དུ་ཡོད་ཀྱང་ཚང་མས་ངོས་ཀྱི་སྐྱེས་སྐར་དུས་ཆེན་ལ་ཚང་མས་སྨོན་ལམ་ཧུར་ཐག་གནང་རོགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ་ཡོད།

སྔོན་མ།
བོད་བཙན་པོའི་རྒྱལ་རབས་དང་ཡིག་ཚང་གི་སྐོར། ཚན་པ་བཞི་པ།
རྗེས་མ།
༄༅། །བོད་འབངས་སྐྱོབ་པའི་མགོན་སྐྱབས་བླ་ན་མ་མཆིས་པ་གོང་ས་རྒྱལ་བའི་དབང་བོ་མཆོག་ལ་ཐུགས་གཞེན་བསྐུལ་བའི་ཚིགས་སུ་བཅད་པ་སེམས་ཀྱི་འཇིག་རྟེན་བཞུས་པའི་ཡོན་ཆབ་ཅེས་བྱ་བ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up