༄༅། །བུད་མེད་ཀྱི་སྤྱི་ཚོགས་བབ་འགན་ལ་དཔྱད་པ་མཐོང་ལམ་གསར་བའི་གཟི་མདངས།

ལྡོང་ཕྱིང་གུར་བ་རྒྱལ་ལོ།

ནང་དོན་གནད་བསྡུས།

སྤྱི་ཚོགས་རིག་པའི་དཔྱད་བྱ་གལ་ཆེན་ཞིག་སྟེ། ཁྱིམ་ཚང་ཞིབ་འཇུག་གི་སྐབས་སུ། བུད་མེད་དང་འབྲེལ་བའི་སྤྱི་ཚོགས་སྣང་ཚུལ་སྣ་ཚོགས་དང་། བབ་འགན་འཕེལ་ཚུལ་དང་ལྕོགས་ཚུལ། བུད་མེད་ཀྱི་གོ་སྐབས་གསར་བ་དང་ཉེན་ཁ་བཅས་ཆེད་མངགས་ཞིབ་འཇུག་མེད་པས། སྤྱི་ཚོགས་ཡར་རྒྱས་ཀྱི་འཆར་བཀོད་འཐུས་ཚང་མ་ཡིན་པར་གྱུར། འདིར་བུད་མེད་ཀྱི་བབ་འགན་གཞིར་བྱས་ཏེ་ཕྱོགས་འགར་ཞིབ་འཇུག་བྱས་པ་ལས། བབ་འགན་སྣ་ཚོགས་ཚུལ་ཇི་ལྟར་བྱུང་བ་དང་། གཤིས་ཀ་སྣ་ཚོགས་ལ་བརྟེན་ཆུང་མ་རིགས་བདུན་ཏུ་བཀར་ཏེ། མི་རབས་རྗེས་མའི་གཤིས་ཀར་ཤུགས་རྐྱེན་ཐེབས་འབྲས་དབྱེ་ཞིབ་དང་། ཉེ་བའི་ལོ་འགའི་ནང་གྲོང་གསེབ་དང་རུ་སྡེ་བུད་མེད་ཀྱི་གནས་སྟངས་ལ་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་བཞིན་པ་དེར་དོ་སྣང་ལོ་འགར་བྱས་པའི་གནས་ཚུལ་ཞིབ་འགྲེལ། འཛམ་གླིང་ཡིག་རིགས་གཞན་གྱི་ནང་བུད་མེད་ཀྱི་བབ་འགན་ལ་ཞིབ་འཇུག་གང་ཡོད་བསྡུས་ཏེ་དཔྱད་གཞིར་བཀོད་ཅིང་། བུད་མེད་ཀྱི་བབ་འགན་ལ་འཕོ་འགྱུར་འབྱུང་ཕྱོགས་སྐོར་བཅས་ལ་བརྟག་དཔྱད་ཀྱིས་རྩོམ་འདི་གྲུབ་བོ།

གནད་ཚིག  གྲོང་གསེབ། བབ་འགན། བུད་མེད། སྤྱི་ཚོགས་འཕོ་འགྱུར།

གླེང་གཞི

 དགེ་འདུན་ཆོས་འཕེལ་ཀྱིས།

རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།།

རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས།།

ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།།

མེད་དུ་མི་རུང་བ་ནི་བུད་མེད་ཡིན།།

ཞེས་སྔོན་ཐོན་དང་རྗེས་ལུས་དབྱེར་མེད་དུ་སྤྱི་ཚོགས་གང་ཞིག་དེའི་ནང་གལ་ཆེ་ཞིང་མེད་དུ་མི་རུང་བའི་སྤྱི་ཚོགས་བྱེད་པོ་སྟེ། བུད་མེད་ཀྱི་གནས་སྟངས་ལས་སྤྱི་ཚོགས་གང་དེའི་ཡར་རྒྱས་གོང་འཕེལ་གྱི་ཆུ་ཚད་རྟོགས་ཐུབ་པར་མ་ཟད། སྤྱི་ཚོགས་གང་དེའི་དཔལ་ཡོན་གནས་ཚུལ་ཡང་མཐོང་ཐུབ་པས། བུད་མེད་ཀྱི་སྤྱི་ཚོགས་ནུས་པ་དང་བབ་འགན་སྤྱི་ཚོགས་རིག་པའི་སྒང་ནས་གསལ་བོར་རྟོགས་ཐུབ་ན། སྤྱི་ཚོགས་གང་དེའི་ཡར་རྒྱས་གོང་འཕེལ་ལ་ཕན་རླབས་ཆེ་བར་མ་ཟད། འབྱུང་འགྱུར་འཆར་བཀོད་ལ་སྒྲུབ་བྱེད་རྩ་ཆེན་མཁོ་སྤྲོད་ཀྱི་དགེ་མཚན་མཆིས་ཤིང་། སྤྱི་ཚོགས་ཀྱི་རང་སྐྱོན་ངོས་ཟིན་དང་གནད་དོན་ཐེར་འདོན་ཡང་དག་འབྱུང་རྒྱུར་གནས་ལུགས་ཀྱི་རྒྱབ་དཔང་རྙེད་ཐུབ།

        བུད་མེད་ཀྱི་བབ་འགན་གླེང་སྐབས་སུ། ཁྱིམ་ཚང་གི་སྐོར་བརྗོད་བྱ་གལ་ཆེན་ཞིག་ཡིན་པས། རིག་ཚན་སོ་སོའི་ནང་ཁྱིམ་ཚང་ཞེས་པར་གོ་བ་ལེན་སྟངས་ཐ་དད་དུ་སྣང་། སྤྱི་ཚོགས་རིག་པའི་ནང་། ཁྱིམ་ཚང་གི་བྱེད་ལས་ཀྱི་ཐད་ནས་གོ་བ་ལེན་པ་སྟེ། ཁྱིམ་ཚང་གི་བྱེད་ལས་གལ་ཆེ་ཤོས་ནི། འཁོར་བའི་རྒྱུན་བསྐྱང་རྒྱུ་དེ་ཡིན་ཞིང་། ཁྱིམ་ཚང་ནི་ཕ་སྐད་ཀྱི་གཞི་ཆགས་ས་དང་། མི་འབོར་ཐོན་སྐྱེད་དང་། གཉོར་སྐྱོང་བྱེད་ས་ཡིན་པས། ཁྱིམ་ཚང་གི་གནས་སྟངས་དང་དེའི་འཕོ་འགྱུར་བརྟག་དཔྱད་ཞིབ་འཇུག་གཏོང་རྒྱུ་གལ་ཆེ། ཁྱིམ་ཚང་གི་ནང་བུད་མེད་གལ་ཆེ་ཚུལ་སྨྲས་མ་དགོས་པ་ཞིག་ཡིན་པས། ཆུང་མ་ཞེས་པའི་བབ་འགན་འདི་བུད་མེད་མ་གཏོགས་གཞན་གང་གིས་ཀྱང་མི་ལྕོགས། ཡིན་ནའང་། བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་གནས་ཚུལ་འཛམ་གླིང་ནང་གཅིག་མཚུངས་མ་ཡིན་པར་གྲུབ་འབྲས་བཟང་ངན་ཐ་དད་དུ་སྣང་། ཆེས་སྔོན་ཐོན་གྱི་རྒྱལ་ཁབ་ཁག་ཏུ་བུད་མེད་ཐོབ་ཐང་ལམ་འགྲོ་ཅན་བརྒྱ་ཆའི་༤༢ མ་གཏོགས་ཟིན་མེད་ཀྱང་། བུད་མེད་མིག་དཔེ་ཅན་སྤྱི་ཚོགས་ནང་གལ་ཆེར་འདོད་ཚུལ་གཅིག་མཚུངས་སུ་ཆགས།

མི་འབོར་གྱི་ཕྱེད་ཀ་དང་སྤྱི་ཚོགས་ལས་སྣའི་ཕྱེད་ཀ་ཟིན་པའི་བུད་མེད་ཀྱི་སྤྱི་ཚོགས་ཐོབ་ཐང་ལ་དོ་སྣང་དང་དཔྱོད་འཇུག་གི་བྱ་བ་ནི། སྔོན་ཐོན་དང་རྗེས་ལུས་ཀྱི་སྤྱི་ཚོགས་གང་ཡིན་ཐམས་ཅད་ཀྱི་ནང་གཡོལ་ཐབས་བྲལ་བའི་དཔྱད་བྱ་གལ་ཆེན་ཞིག་ཏུ་ལྷུན་གྱིས་གྲུབ་འདུག་ནའང་། རང་རེའི་སྤྱི་ཚོགས་ནང་ལོ་རྒྱུས་སྟེང་ནས་བག་ཆགས་ངན་པ་ཞིག་གདའ་བ་ནི། སྐྲ་རིང་མ་དང་བློ་ཐུང་མ། ཞེས་པའི་གཏམ་དཔེ་བཞིན། དམའ་འབེབ་དང་། བུད་མེད་གྱི་ཁར་མི་ཉན་པ། སྤྱི་ཚོགས་ཐོབ་ཐང་དམའ་བ་སོགས་ཕ་མོ་འདྲ་མཉམ་མ་ཡིན་པའི་ལྟ་ཚུལ་དང་འདུ་ཤེས་ཆགས། དབུས་གཙང་ཕྱོགས་སུ་མོ་མགོ་མཐོ་བའི་གོམས་སྲོལ་སྔར་ནས་འདུག་ལ་ད་ལྟའང་དེ་ལྟར་ལགས་ན། བོད་ཀྱི་ཡུལ་གྲུ་གཞན་དག་ཏུ་དེ་ལྟ་མ་ཡིན་པར་མོ་མགོ་ཤིན་ཏུ་དམའ། ལྷག་པར་ཏུ་མདོ་སྟོད་སྨད་གཉིས་ཀྱི་རོང་འབྲོག་དག་ཏུ་མོ་མགོ་ཤིན་ཏུ་དམའ་བའི་རྟགས་མཚན་ནི། ཁྱིམ་དོན་ཐག་གཅོད། སྡེ་དོན་གྲོས་འདེབས། ཚོ་བ་དང་ཕྱོགས་པའི་སྤྱི་དོན་གྲོས་འདེབས། དགོན་གྲོང་དབར་གྱི་སྤྱི་དོན་གྲོས་འདེབས། རིག་གནས་ལས་དོན་གྲོས་འདེབས། སྤྱི་ཚོགས་ཡར་རྒྱས་གྲོས་འདེབས་སོགས་སྤྱི་དོན་གྲོས་མོལ་ཐམས་ཅད་ནང་བུད་མེད་ཐེ་གཏོགས་བྱེད་མི་འཇུག་པའི་སྲོལ་ངན་དེ་ད་ལྟ་ཡིན་ནའང་རྒྱུགས་ཆེ་མུར་སྣང་། ལྷག་པར་དུ་གྲོང་གསེབ་བུད་མེད་རྣམས་ཀྱི་གནས་སྟངས་དང་། རུ་ལས་དང་ཁྱིམ་ལས་ཚེགས་ཤིན་ཏུ་ལྕིད་ཅིང་སེམས་ཚེགས་ཡང་ཆེ་བ་ཇི་བཞིན་དེ་མཚུངས་ཀྱི་སྤྱི་ཚོགས་ལས་འགན་ཁུར། བུད་མེད་ཀྱི་བསམ་ཚུལ་དང་ལྟ་ཚུལ་སྤྱི་ཚོགས་འཕེལ་ཕྱོགས་དང་འབྲེལ་བའི་ཇུས་གཞི་ཆེ་ཕྲ་ཆུང་གསུམ་ནང་ཐེབས་མེད་པས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་འགྲོ་དཀའ་བའི་རྒྱུ་མཚན་ཆེན་པོ་ཞིག་ཏུ་ཆགས།

        སྤྱིར་བུད་མེད་ཀྱི་སྤྱི་ཚོགས་ནུས་པར་ཕྱོགས་མང་པོ་ནས་དཔྱད་ལུགས་མཆིས་ཀྱང་། འདིར་གྲོང་གསེབ་བུད་མེད་ཀྱི་སྤྱི་ཚོགས་བབ་འགན་དཔྱད་པ་ལ། གླེང་གཞི། བུད་མེད་ཀྱི་བབ་འགན་ཞིབ་འཇུག་བསྡུས་སྟོན། དཔྱད་ཐབས། བུད་མེད་དང་འབྲེལ་བའི་སྤྱི་ཚོགས་གནད་དོན། བུད་མེད་ཀྱི་བབ་འགན་སྣ་ཚོགས་ལས། ཁྱིམ་དོན་དང་འབྲེལ་བའི་བུད་མེད་དང་། ཤེས་རིག་དང་འབྲེལ་བའི་བུད་མེད། གྲོང་གསེབ་བུད་མེད་ཀྱི་ལེགས་བཅོས་གསར་བ། མཇུག་བསྡུ་བ།

དང་པོ། བུད་མེད་ཀྱི་བབ་འགན་ཞིབ་འཇུག་བསྡུས་སྟོན།

        སྤྱི་ཚོགས་རིག་པའི་ནང་ཚན། བུད་མེད་ཀྱི་ཐོབ་ཐང་སྨྲ་བའི་གྲུབ་མཐའི་དཔྱད་ཁོངས་གལ་ཆེན་ཞིག་ཏེ། བུད་མེད་ཀྱི་བབ་འགན་ཞིབ་འཇུག་ནུབ་ཕྱོགས་སུ་སྔར་ནས་གྲུབ་འབྲས་རྩ་ཆེན་མང་པོ་བླངས་འདུག་པ་ལས། ཁ་ཕྱོགས་མཚོན་ཐུབ་པའི་དཔྱད་འབྲས་འགའ་སྤྱི་བསྡོམས་ངོ་སྤྲོད་ཅིག་བྱས་བཞག་ན་ཕྱི་རབས་པར་ཕན་པར་སྙམ་ཏེ་ཞུས་ན། ༡༽བུད་མེད་ཀྱི་ཚེ་ཚད་དང་བབ་འགན་ཡུན་ཚད་ཞིབ་འཇུག  ༢༽བུད་མེད་མིག་དཔེ་ཅན་ཞིབ་འཇུག  ༣༽ བུད་མེད་ཀྱི་སྲོལ་རྒྱུན་བབ་འགན་ཞིབ་འཇུག  ༤༽ བུད་མེད་ཀྱི་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་ནང་གསར་གཏོད་གྱི་ཁ་ཕྱོགས། ༥༽ བུད་མེད་ཀྱི་སེམས་ཁམས་བདེ་ཐང་དང་། དེ་འབྲེལ་ཡིད་ཆད་འབྱུང་རྐྱེན་ཞིབ་འཇུག  ༦༽ བུད་མེད་ཀྱི་སྤྱི་ཚོགས་གོ་གནས་དང་། བབ་འགན། སྤྱི་ཚོགས་འབྲེལ་བ། ༧ ༽ བུད་མེད་ཀྱི་བབ་འགན་སྣ་ཚོགས་དང་། སྤྱི་ཚོགས་འབྲེལ་དྲ། བདེ་སྐྱིད་བཅས་ཀྱི་སྐོར་ཞིབ་འཇུག  ༨༽ སྤྱི་ཚོགས་ལོ་རྒྱུས་ནང་བྱུང་བའི་བུད་མེད་ཀྱི་བབ་འགན་འཕོ་འགྱུར་ཞིབ་འཇུག  ༩༽ བབ་འགན་ཞིབ་འཇུག་གི་གཞུང་ལུགས་མཐོང་ལམ་ནས་སྐྱེས་པ་དང་བུད་མེད་ཀྱི་ཆབ་སྲིད་ལྟ་སྟངས་ཀྱི་ཁྱད་པར་ཞིབ་འཇུག  ༡༠༽ སྤྱི་ཚོགས་གཏོགས་འཛིན་དང་དེས་བུད་མེད་བབ་འགན་སྟེང་ཐེབས་པའི་ཤུགས་རྐྱེན་ཞིབ་འཇུག  ༡༡༽སྤྱི་ཚོགས་གནས་རིམ་དང་བུད་མེད་ཀྱི་འཚོ་ཐབས་བབ་འགན་ཞིབ་འཇུག  ༡༢༽བུད་མེད་ཀྱི་གཤིས་ཀ་ཞིབ་འཇུག  ༡༣༽སྤྱི་ཚོགས་ནང་བུད་མེད་འཐབ་འཛིང་བྱེད་མཁན་ཏུ་གྱུར་བའི་འབྱུང་ཁུངས། ༡༤༽བུད་མེད་ཀྱི་རེ་བ་དང་འཚོ་བ་ཞིབ་འཇུག  ༡༥༽ཚེ་ཕྱེད་དུ་བསླེབས་པའི་བུད་མེད་ཀྱི་བབ་འགན་སྤུས་ཀ་དང་། བབ་འགན་སྣ་ཚོགས་འཚོལ་བ། ནང་སེམས་ཀྱི་བདེ་སྐྱིད་སྐོར་གྱི་ཞིབ་འཇུག  ༡༦༽མི་སྒེར་སོ་སོ་དབར་གྱི་བབ་འགན་ཁྱད་པར་ཞིབ་འཇུག  ༡༧ ༽བུད་མེད་དང་སྐྱེས་པའི་མིག་དཔེ་དང་འགྲན་རྩོད་ནུས་པ་ཞིབ་འཇུག   ༡༨༽ཁྱིམ་ཚང་ནང་འབྲེལ་གྱི་འཕོ་འགྱུར་ལས། ཁྱོ་གའི་སྡུག་རྩུབ་དང་བུད་མེད་ཀྱི་ངོ་རྒོལ་ཞིབ་འཇུག  ༡༩༽ཡ་རབས་མིག་དཔེ་ཅན་གྱི་ཁྱིམ་ཚང་དང་། བུད་མེད་ཀྱི་བབ་འགན། སྤྱི་ཚོགས་སྲིད་བྱུས། ༢༠༽སྤྱི་ཚོགས་སྒྲིག་འཛུགས་ལྟ་བུའི་ཕ་མོ་གཞི་གྲུབ་ཞིབ་འཇུག  ༢༡༽གཅེས་སྐྱོང་གི་བྱེད་པོ་སྟེ། ཨ་མའི་བབ་འགན་ཞིབ་འཇུག  ༢༢༽ལོ་རྒྱུས་བརྒྱུད་རིམ་ཁྲོད་ཀྱི་སྤྱི་ཚོགས་གཅིག་བསྡུ་དང་མིའི་ཚེ་ཚད་དབར་གྱི་འབྲེལ་བ་ཞིབ་འཇུག  ༢༣༽བུད་མེད་ཀྱི་བབ་འགན་ལོ་རྒྱུས་ཞིབ་འཇུག  ༢༤༽བུད་མེད་ཀྱི་སྤྱི་ཚོགས་ལས་ཀ་དང་། གཉེན་སྒྲིག  ཨ་མར་གྱུར་བའི་འཚོ་བ་བཅས་བབ་འགན་སྣ་ཚོགས་ཅན་ཏུ་མཐོང་བའི་ཞིབ་འཇུག ༢༥༽བུད་མེད་ཀྱི་ཐོབ་ཐང་གི་འདས་མ་འོངས་ད་ལྟ་གསུམ་ཞིབ་འཇུག  ཅེས་དཔྱད་ཕྱོགས་༢༥་ནི། སྔོན་ཐོན་རྒྱལ་ཁབ་ཁག་གི་སྤྱི་ཚོགས་རིག་པའི་མཁས་པ་མང་པོས་དོ་ཁུར་གནང་ཕྱོགས་སུ་གདའ་ཞིང་། རང་རེའི་གྲོང་གསེབ་བུད་མེད་ཞིབ་འཇུག་ལ་བློ་སྒོ་འབྱེད་བྱེད་དུ་རུང་ན་སྙམ་ཏེ་ཕྱི་རབས་ཞིབ་འཇུག་པར་དཔྱད་གཞི་ཞིག་གི་ཚུལ་དུ་བསྟར།

གཉིས་པ། དཔྱད་ཐབས།

   བུད་མེད་དང་འབྲེལ་བའི་བབ་འགན་ཞིབ་འཇུག་གི་མདུན་མཚམས་གནས་ཚུལ་རྟོགས་སླད་དུ། སྤྱི་ལོ་༢༠༡༩་པ་ནས་༢༠༢༡་པའི་དབར་གྱི་རིག་གཞུང་དུས་དེབ་༡༠་ཡི་ནང་སྤེལ་བའི་དཔྱད་རྩོམ་གསར་བ་གྲགས་ཅན་༦༠ལྷག་བཀླགས་ཏེ་ཧྲག་བསྡུས་སུ་བཀོད་ཅིང་། དེ་ལས་ཐོབ་པའི་རིགས་ལམ་གསར་བ་རྩོམ་འདིར་བེད་སྤྱད་པའི་སྟེང་། ཉེ་བའི་ལོ་འགའི་ནང་༼༢༠༡༧་ནས་༢༠༢༠༽དབར། རང་ཉིད་གྲོང་གསེབ་མང་པོར་རྟོག་དཔྱོད་དུ་སོང་ཞིང་། རང་གི་སྡེ་བའི་བུད་མེད་རྐང་ཐང་དབུས་མཇལ་དུ་བསྐྱོད་མྱོངས་མཁན་འགར་དབུས་མཇལ་གྱི་སྐོར་ཁ་བརྡ་བྱས་པ་དང་། ལྷག་པར་དུ་སྐད་འཕྲིན་སོགས་འབྲེལ་འདྲིས་ལག་ཆ་གསར་བ་མང་པོར་བརྟེན་གྲོང་གསེབ་བུད་མེད་ཀྱི་བབ་འགན་ལ་འགྱུར་ལྡོག་ག་ཚད་བྱུང་ཡོད་པའི་སྐོར་བཅར་འདྲི་བྱས། སྐབས་འགར་བུད་མེད་རྒན་པ་འགར་ད་ལྟའི་སྤྱི་ཚོགས་འཕོ་འགྱུར་གྱི་སྐོར་བཅར་འདྲི་བྱས། བཅར་འདྲི་དང་ཁ་བརྡ་བརྒྱུད་དེ་ཐོབ་པའི་གནས་ཚུལ་དང་རིགས་ལམ་གསར་བ་གཉིས་ཟུང་འབྲེལ་དབྱེ་ཞིབ་ཚད་ཐུབ་ཏུ་ཨེ་འཁྱོངས་བལྟས།

འཛམ་གླིང་སྔོན་ཐོན་གྱི་དཔྱད་འབྲས་དང་རང་རེའི་གྲོང་གསེབ་བམ་རུ་སྡེ་ཡི་ཡུལ་དངོས་གནས་ཚུལ་གཉིས་ཟུང་འབྲེལ་གྱི་དཔྱད་ཐབས་ལས། སྐབས་འགར་སྔོན་ཐོན་དཔྱད་འབྲས་ཡིན་ཀྱང་རང་རེའི་གྲོང་གསེབ་བམ་རུ་སྡེ་ཡི་གནས་ཚུལ་དང་མི་འབྱོར་བའི་ཟོལ་མཆིས་ཤིང་། སྐབས་འགར་མཐོང་སྟོབས་གསར་བའི་དགེ་མཚན་ལྡན། སྔོན་ཐོན་དཔྱད་འབྲས་དང་ཡུལ་དངོས་གནས་ཚུལ་ཟུང་འབྲེལ་གྱི་ཞིབ་འཇུག་འགྲོ་སྟངས་འདི་ཕྱོད་ཆེ་བའི་དཔྱད་ཐབས་ཤིག་ཏུ་སྣང་། དཔྱད་ཐབས་གསར་བ་འདི་བརྒྱུད་དེ་སྔར་བློ་ངོར་མ་འཆར་བའི་ལྟ་ཕྱོགས་དང་། གནད་དོན་གསར་བ་བསྔོག་འདོན། དཔྱད་འབྲས་ཚད་ལྡན་ཅན་ཐོབ་པ་བཅས་ཀྱི་དགེ་མཚན་འགའ་མངོན་ནའང་། ཟུང་འབྲེལ་གྱི་གོ་རིམ་དང་ཞིབ་ཚགས་ལ་གཟབ་པར་འཚལ།

གསུམ་པ། བུད་མེད་དང་འབྲེལ་བའི་སྤྱི་ཚོགས་བབ་འགན།

        བུད་མེད་དང་འབྲེལ་བའི་བོད་ཀྱི་སྤྱི་ཚོགས་གནད་དོན་ཚབ་ཆེ་ཤོས་ཤིག་ནི། ཕ་མོ་འདྲ་མཉམ་མ་ཡིན་པ་དེ་ཡིན་ནའང་ལོ་རྒྱུས་གོམས་སྲོལ་དང་བག་ཆགས་ངན་པའི་དབང་དུ་སོང་སྟེ་དེ་ལྟར་རྟོགས་མེད་པ་དང་ངོས་ལེན་མི་བྱེད་པ་དེ་མངོན་གསལ་དུ་སྣང་ཞིང་། བུད་མེད་དམའ་འབེབ་ཀྱི་ལྟ་ཚུལ་ཡིག་ཐོག་དང་ངག་ཐོག་གི་རིག་གནས་གཉིས་ཀའི་ནང་མང་པོ་མཆིས་ཤིང་། ལྷན་སྐྱེས་ཀྱི་སྡུག་བསྔལ་དང་སྦྱར་བྱུང་གི་སྡུག་བསྔལ་གཉིས་ལས་སྔ་མ་རང་སེམས་རང་གིས་བཅོས་ཏེ་ཇེ་ཉུང་དུ་གཏོང་ཐུབ་པའི་སྒེར་དོན་ཞིག་ཡིན་པས་རྒྱས་པར་མི་སྤྲས། ཕྱི་མ་སྤྱི་ཚོགས་དང་འབྲེལ་བ་སྣ་ཚོགས་ཡོད་ཅིང་ཚབ་ཆེ་བས། དེའི་འབྱུང་རྐྱེན་དེ་སྤྱི་ཚོགས་ཀྱི་གནད་དོན་དང་འབྲེལ་བ་ག་ཚོད་ཡོད་པ་རྟོགས་ན། བུད་མེད་དང་འབྲེལ་བའི་སྤྱི་ཚོགས་ལེགས་བཅོས་ཕྱོགས་གང་གང་ནས་བགྱི་དགོས་པར་ལམ་ཕྱོགས་སྟོན་ཐུབ་ཅིང་། སྤྱི་ཚོགས་ཧྲིལ་བོའི་འཕེལ་རྒྱས་ལའང་ཕན་ཁེ་ཤིན་ཏུ་ཆེ་བས་དཔྱོད་མིག་རྣོ་ཅི་ཐུབ་ཀྱིས་བརྟག་དགོས་པའི་བརྗོད་བྱ་གལ་ཆེན་ཞིག་ཏུ་ཆགས་པས། སྤྱི་ཚོགས་རིག་པའི་དཔྱད་ཐབས་སྤྱད་དེ་བརྟག་དབྱེ་དཔྱོད་འཇུག་བགྱིད་དགོས་པར་འདུག

གཅིག  བབ་འགན་ཞེས་པའི་བརྡ་ཆད་བོད་འགྲེལ་དང་བུད་མེད་ཀྱི་བབ་འགན་སྣ་ཚོགས།

        བབ་འགན་ཞེས་བའི་བརྡ་ཆད་གསར་བ་འདི་ལ། རྒྱ་ཡིག་ཏུ། 角色ཟེར་ཞིང་། དབྱིན་ཡིག་ཏུ། role ཟེར། གང་ཟག་གི་ནུས་པ་དང་བྱ་བའི་ལྕོགས་ཚད་གནད་ཆུང་ས་ནས་ཆེ་སར་རིམ་གྱིས་འཕེལ་ཞིང་རྒྱས་ཏེ། སྐབས་སུ་སྣང་བའི་གོ་བབ་དང་འབྲེལ་བའི་འགན་སྣ་ཚོགས་འདེགས་པ་དང་སྒྲུབ་དགོས་པའི་དོན་ལ་བབ་འགན་ཟེར་ཞིང་། སྤྱི་ཚོགས་ཀྱི་གནས་སྟངས་ཐ་དད་འདྲ་མིན་འོག   ཡུལ་དང་དུས་ཀྱི་གོ་བབ་དང་བསྟུན་རང་གི་ལྕོགས་ཚོད་ཀྱིས་བྱ་བ་གང་རུང་ཞིག་འགན་ཏུ་བླངས་ཏེ་སྒྲུབ་པའི་དོན་ལ་འཇུག  སྤྱི་ཚོགས་ཀྱི་འགྲོ་རིམ་དང་འབྲེལ་ལམ་གྱི་དབང་གིས། བབ་འགན་འདི་མི་ཚེའི་འགོ་ནས་མཇུག་དབར་གང་ཟག་རང་གི་འཇོན་ཐང་ལྟར་རང་སྟེང་དུ་གྲུབ་བསྡད་པ་ཞིག་ཡིན་ཡང་། དེ་ལ་ལོ་ཚོད་ཆེ་ཆུང་དང་སྤྱི་ཚོགས་ལས་འཇུག་གི་རྒྱ་ཆེ་ཆུང་དབང་གིས་མང་ཉུང་དང་རྒྱ་ཆེ་ཆུང་གི་ཁྱད་པར་མཆིས། འདིར་གློག་བརྙན་སོགས་འཁྲབ་སྟོན་གྱི་རྣམ་བཞག་ཏུ་བེད་སྤྱད་པ་དེ་མ་ཡིན་པར་སྤྱི་ཚོགས་རིག་པའི་དོན་སྤྱི་ཞིག་མཚོན་བྱེད་ཀྱི་མིང་ཞིག་གོ

        བབ་འགན་ཞེས་པའི་དོན་སྤྱི་འདི་སྤྱི་ཚོགས་རིག་པའི་གྲུབ་མཐའ་རིས་མེད་དུ་བེད་སྤྱད་དེ། གང་ཟག་གི་སྤྱི་ཚོགས་འཇོན་ཐང་བརྟག་བྱེད་ཀྱི་རིགས་ལམ་ཞིག་ཏུ་གྱུར་འདུག  མང་ཉུང་དང་གལ་ཆེ་ཆུང་གི་ཁྱད་པར་ཙམ་ལས་སྤྱི་ཚོགས་ནང་འཚོ་བཞིན་པའི་མི་ཞིག་ཡིན་ཕྱིན་ཕོ་མོ་དབྱེར་མེད་དུ་བབ་འགན་ཡོད་པ་དང་། བབ་འགན་དེའང་སྤྱི་ཚོགས་འབྲེལ་ལམ་དང་ལས་ཞུགས་ཀྱི་འཕོ་འགྱུར་དང་བསྟུན་འགྱུར་ལྡོག་བྱུང་དང་འབྱུང་བཞིན་མཆིས། བུད་མེད་ཀྱི་བབ་འགན་དེའང་ཉུང་ས་ནས་མང་ས་དང་། རྒྱ་ཆུང་ས་ནས་ཆེ་སར་འཕེལ་ཚུལ་ནི། ཕ་མའི་རྩིས་མདངས་དང་བརྩེ་བ་སྤྲོད་སའི་བྱིས་མོ། པོ་བོ་དང་པོ་མོའི་བྱམས་སྐྱོང་གི་ཡུལ་དུ་གྱུར་བའི་ཚ་མོ། སྔོན་འགྲོ་སློབ་གསོ་འགོ་ཚུགས་པ་ནས་སློབ་མ་དང་སློབ་གྲོགས་སུ་གྱུར་ཏེ། བབ་འགན་རིམ་གྱིས་ཇེ་མང་དུ་བསྐྱེད་མཐར། ཆུང་མར་གྱུར་བ་སོགས་ལོ་ཚོད་དང་ཆགས་པའི་དབང་དུ་སོང་བའི་བབ་འགན་དང་། ལས་ཞུགས་ཆེད་གཉེར་གྱི་དབང་གིས་བབ་འགན་གལ་ཆེ་ཆུང་དང་རྩ་ཆེ་ཆུང་ཅི་རིགས་བྱུང་། བབ་འགན་ཇི་ལྟར་མང་ན་དེ་ལྟར་མིའི་འཇོན་ཐང་མཚོན་ཞིང་། སྤྱི་ཚོགས་ནང་མི་གོ་ཆོད་ཅན་དང་། ལས་ཀའི་ཕྱོད་ཚད་ཇི་ལྟར་ཆེ་ན་དེ་མཚུངས་སུ་མི་རྩ་ཆེན་ཏུ་གྱུར་དང་འགྱུར་བཞིན་ལགས་ན། ཁྱིམ་ཚང་དང་སྤྱི་ཚོགས་ནང་བུད་མེད་ཀྱི་བབ་འགན་ལ་རིགས་བཀར་ན། ཆུང་མ་དང་། ཨ་མ། ཁྱིམ་ཚང་དོ་དམ་པ་དང་འགན་འཛིན། ཁྱིམ་ཚང་གི་ཡོང་སྒོའི་དོ་དམ་པ། བྱིས་པའི་དགེ་རྒན། བྱིས་པའི་འཕྲོད་བསྟེན་དོ་དམ་པ། ངལ་རྩོལ་བ། རྩ་འཛུགས་སམ་སྒྲིག་འཛུགས་ཚོགས་མི་བཅས་བབ་འགན་སྣ་ཚོགས་ཁུར་ཡོད་པ་ལས། རང་རེའི་བོད་ཀྱི་བུད་མེད་རྣམས་ཀྱིས་བབ་འགན་ཅི་འདྲ་ལྕོགས་པ་དང་དེའི་གནས་སྟངས་གང་འདྲ་ཡིན་པ་གསལ་བོར་རྟོགས་ན་སྤྱི་ཚོགས་ལེགས་བཅོས་དང་། ཡར་རྒྱས་ཇུས་འགོད་ལ་ཕན་རླབས་ཆེ་ཞིང་། བུད་མེད་ཀྱི་རྩོལ་ཤུགས་སྣ་ཚོགས་ཆུད་ཟོས་སུ་མི་འགྲོ་རྒྱུར་ཡང་ཕན་པས། འདིར་ཁྱིམ་དོན་དང་ཤེས་རིག་གཉིས་ཀྱི་ཐད་ནས་དཔེ་མཚོན་དུ་ཞུ་བ་ལ།

གཉིས། ཁྱིམ་དོན་དང་འབྲེལ་བའི་བུད་མེད་ཀྱི་བབ་འགན།

        བུད་མེད་ཀྱི་བབ་འགན་འགངས་ཆེན་ཞིག་སྟེ། ཨ་མ་ཞེས་པའི་མཚན་ཉིད་ཀྱི་སྒང་ནས་བུད་མེད་ཀྱི་ནུས་པ་རྟོགས་སླ། དཔེར་ན། སྐྱེ་བ་འདི་ཡི་ལུས་རྟེན་སྤྱིན་མཁན་ཡིན་པས་འཇིག་རྟེན་འདིར་མཐའ་མེད་སྙིང་ཉེ་ས་ཉག་གཅིག  བྱིས་པ་འཇིག་རྟེན་འདིར་བསླེབས་པའི་ཉིན་དང་པོ་ནས་དཀའ་ཚེགས་གྲངས་མེད་སྤྱད་དེ་གཉོར་སྐྱོང་བྱས་པས་དྲིན་བསམ་གྱིས་མི་ཁྱབ་པ་ཡིན་པས་མཐའ་མེད་གུས་བརྩི་ཡི་གཞི་རྩར་ཉག་གཅིག་ཏུ་གྱུར་བའི་བུད་མེད་ལ་ཨ་མ་ཟེར་བ་ལྟ་བུ།

        ལྷག་པར་དུ་བུད་མེད་ཀྱི་ལྷན་སྐྱེས་བྱམས་བརྩེ་དང་། བྱ་བ་གང་ཞིག་དང་འབྲེལ་བའི་བརྒྱུད་རིམ། མཐོང་ཐོས། ཉམས་མྱོང་། དྲན་ཚུལ་སོགས་ཤེས་བྱའི་གནད་ཕྲ་མོ་ཐམས་ཅད་འགྲེལ་བརྗོད་ཞིབ་ཚགས་ཀྱི་ངག་རྩལ་ནུས་པ་ཕྱི་རབས་པའི་རྒྱུད་ལ་འཇོག་མཁན་ཡིན་པའི་ཆ་ནས་བུད་མེད་ཀྱི་སྤྱི་ཚོགས་ནུས་པ་ངོས་ཟིན་རྒྱུ་ཤིན་ཏུ་གལ། རུ་སྡེ་བ་དང་སྤྱི་ཚོགས་ཀྱི་ངོ་བོ་གཙང་མའི་ཁོར་ཡུག་བསྐྲུན་པའི་བརྒྱུད་རིམ་ནང་། བུད་མེད་ཀྱིས་ནུས་པ་འགངས་ཆེན་པོ་ཐོན་ཡོད་མ་ཡི་བྱམས་སྙིང་རྗེ་དང་ཞིབ་ཚེགས་འགྲེལ་བརྗོད་ཀྱི་ངག་རྩལ་སོགས་བྱིས་པར་བག་ཆགས་བཞག་དང་འཇོག་བཞིན་པའི་བཀའ་དྲིན་སྣང་མེད་བཏང་། ད་དུང་། བུད་མེད་ཀྱི་གཤིས་ཀ་ཐ་དད་སྣ་ཚོགས་ཀྱི་དབང་གིས། གཉེན་བསྒྲིགས་ཟིན་པའི་བུད་མེད་རེ་རེའི་བབ་འགན་ལེན་ཚུལ་ཡིག་ངག་གཉིས་ཆ་ན་དཀོན་ཞིང་། ལེན་སྟངས་རིགས་སྣ་ཚོགས་མཆིས་ཤིང་། ཆུང་མ་ལའང་རིགས་བདུན་ཏེ། ༡ ༽ རྗེ་བོ་ལྟ་བུའི་ཆུང་མ། ༢ ༽ གཤེན་རྗེ་ལྟ་བུའི་ཆུང་མ། ༣ ༽ གྲོགས་པོ་ལྟ་བུའི་ཆུང་མ། ༤ ༽ གཅུང་མོ་ལྟ་བུའི་ཆུང་མ། ༥༽ གཡོག་མོ་ལྟ་བུའི་ཆུང་མ། ༦ ༽ ཚོང་གྲོགས་ལྟ་བུའི་ཆུང་མ། ༧ ༽ སྨད་འཚོང་མ་ལྟ་བུའི་ཆུང་མ། ཞེས་བཀར་འདུག་པ་ལས། བོད་ཀྱི་བུད་མེད་ནང་དེ་རིགས་ཆ་ཚང་ཡོད་མེད་བརྟག་བྱ་ཞིག་ཏུ་གྱུར་ཡོད་ཀྱང་། དེ་དག་རེ་རེ་ནས་ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་སྦྱར་ཏེ་དབྱེ་ཞིབ་འགྲེལ་བརྗོད་ཅུང་ཟད་ཞུ་བ་ལ།

       ༡  ༽ རྗེ་བོ་ལྟ་བུའི་ཆུང་མ། སྤྱིར་མིའི་ལྷན་སྐྱེས་སུ་གྲུབ་པའི་ཉོན་མོང་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས། འདོད་རྔམས་དང་ཆགས་པའི་དབང་དུ་སོང་སྟེ་གཞན་རྣམས་རང་གི་མངའ་་འོག་ཏུ་བསྡུ་འདོད་སྐྱེས་པའི་རྔམས་སེམས་ཀྱིས་བསྐྱེད་པའི་འབྲས་བུ་ཞིག  འདི་ཕོ་མོ་དབྱེར་མེད་ཐུན་མོང་གཞི་མཐུན་ཏུ་གྲུབ་ཅིང་། གྲོང་བ་རྣམས་ཉོན་མོང་གི་འགོ་གནོན་བློ་སྦྱོང་སོགས་སྤྱང་བའི་གོ་སྐབས་མེད་པས་རྔམས་སེམས་ཅུང་རྒོད་པའི་ཟོལ་མཆིས། ཕོ་མོ་སུ་ཡིན་ཀྱང་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་སུ་སྣང་།

        རྗེ་བོ་ནི་ཆ་རྐྱེན་ཀུན་ལྡན་དང་། སྐྱིད་གང་འདོད་དེ་འཛོམས། དབང་ཆེ་བའི་དཔོན་ས་བེད་སྤྱད་དེ་གཞན་བྲན་ཏུ་བཀོལ་ཐུབ་པས། རྗེ་བོ་ལྟ་བུར་གནས་ཐུབ་ན་སྙམ་པའི་རེ་འདོད་མི་སུ་ལའང་ཡོད་ཆོག་པ་ཞིག་ཡིན་པ་ལས། ཕོ་ལ་ཡོད་ཆོག་པ་དང་། མོ་ལ་ཡོད་མི་ཆོག་པ་གཉུག་ནས་མེད། ཡིན་ནའང་། རང་གི་ཁྱོ་ག་བྲན་ཏུ་བཀོལ་བ་དེ་འདྲ་མཉམ་མ་ཡིན་པ་མཟད། བྲན་གཡོག་ལྟ་བུའི་མི་ཚེ་བསྐྱལ་འདོད་མཁན་ཡང་མེད་པས། དེ་འདྲའི་གཉེན་འབྲེལ་དེ་ཡུན་མི་རིང་ཞིང་། ཁྱིམ་ཚང་མཐའ་འཁྱོངས་པའང་དཀའ། བོད་མོའི་ནང་རྗེ་བོ་ལྟ་བུའི་ནུས་པ་ཅན་ཡོད་སྲིད་ཀྱང་རྗེ་བོ་ལྟ་བུའི་ཆུང་མ་བྱེད་མཁན་ཤིན་ཏུ་དཀོན། རང་གི་ཁྱོ་གར་ཁྱིམ་ལས་བཞག་ན་ངོ་ཚ་ཞིག་ཏུ་བརྩི་བའི་ཁོག་རྒྱ་ཡོད་པ་དང་། རང་གི་བུ་ཕྲུག་དང་ཁྱོ་གར་བྱམས་པ་དང་བརྩེ་བ་ལྷད་མེད་སྤྲོད་པའི་གཤིས་བཟང་ལྡན་པས། ངག་རྒྱུན་ཏུ། འོ་མ་འདྲ་བའི་འཇམ་ཞིག་དང་། བལ་ཐུག་འདྲ་བའི་ལྷོད་ཅིག ཅེས་མ་མཛངས་མོའི་གཤིས་ཀ་བཟང་བོར་བསྟོད་པ་འཐེན་སྲོལ་མཆིས།

        རྗེ་བོ་ལྟ་བུའི་ཆུང་མ་ཡོད་སའི་ཁྱིམ་ཚང་ནང་། ཁྱོ་གར་གནོན་སྡོམ་ཡུན་རིང་བྱས་མཐར་བཟའ་ཐོར་དང་། བུ་དང་བུ་མོ་རྣམས་ལྷོད་ཆ་མེད་པ་དང་གང་བསམ་ཇི་བཞིན་ཏུ་བཤད་མི་ཕོད་པར་འགྱུར། མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་སྟོབས་ཤུགས་གྲུབ་བྱེད་ཀྱི་གཞི་རྩར་གྱུར་བའི་མྱི་གསོ་སྐྱོང་གི་བྱ་བ་དེ་སྤྱོ་དོན་གྱི་ཕུགས་དང་འབྲེལ་བའི་བྱ་བ་ཞིག་ཡིན་སྟབས། གཉེན་སྒྲིག་གི་འཕྲལ་ཕུགས་ཆ་རྐྱེན་ཚང་མིན་ཐད་ཞིབ་ཏུ་བརྟགས་ཏེ་བཟའ་ཟླ་སྤུས་ལེགས་ཅན་མང་པོ་བྱུང་ན། མི་རབས་རྗེས་མའི་མི་འབོར་སྤུས་ལེགས་ཅན་རུ་འགྱུར་རྒྱུར་ཕན།

       ༢ ༽ གཤེན་རྗེ་ལྟ་བུའི་ཆུང་མ། བརྩེ་དུང་གི་མཐའ་བཅད་དེ་སྡུག་རྩུབ་ཀྱི་སྒང་ནས་ཁྱོ་ག་དང་མཉམ་དུ་ཁྱིམ་ཚང་གི་འཚོ་བ་སྐྱོང་བའི་ཆུང་མའི་རིགས་ཤིག་ཡིན་པས།བུ་ཕྲུག་རྣམས་ལ་བག་ཆགས་ངན་པ་འཇོག་པ་དང་། དེ་འདྲའི་ཁྱིམ་ཚང་ནང་གཉོམ་ལག་རྒྱས་པའི་ཕྱི་རབས་པ་མང་པོ་སྤྱི་ཚོགས་ཀྱི་བདག་པོར་གྱུར་ན། སྤྱི་ཚོགས་ཀྱི་འཁོར་རྒྱུན་སྡུག་རྩུབ་ཅན་ཏུ་ཕྱོགས་འགྲོ་ཤིང་། དབང་ཤེད་དང་དྲག་སྤྱོད་ལ་གོམས་པས་སྤྱི་ཚོགས་དོ་དམ་དེ་ལྟར་འགྱུར་འགྲོ་བས། དེ་འདྲའི་སྤྱི་ཚོགས་ནང་མི་ཚེ་ལ་བདེ་སྐྱིད་རྩ་བ་ནས་མེད་པར་འགྱུར་འགྲོ།

        སྤྱི་ཚོགས་ཀྱི་རྐང་རྩར་གྱུར་བའི་ཁྱིམ་ཚང་གི་བདེ་སྡུག་དང་། གཉེན་འབྲེལ་བརྟན་པོ་དེ་སྤྱི་ཚོགས་ཀྱི་བདེ་རྩར་ཐུག   གཤེན་རྗེ་ལྟ་བུའི་ཆུང་མ་གནས་སའི་ཁྱིམ་ཚང་ནང་། འཇིག་རྟེན་ལྟ་ཚུལ། རིན་ཐང་འཇོག་ཚད། མི་དང་མིའི་དབར་གྱི་འབྲེལ་བ་སྐྱོང་ལུགས། སྤྱི་ཚོགས་ཀྱི་འགྲིག་བརྩི་ལུགས་སོགས་དྲག་པོའི་སྒང་ནས་འོངས་དགོས་པར་འདོད་པ་དང་། དེ་ལ་གོམས་ཆགས་སུ་སོང་བས། རྒྱུ་འབྲས་དང་། ཞི་དུལ་བག་ཡངས། འདྲ་མཉམ། དྲང་བདེན་བཅས་ཡ་རབས་སྤྱི་ཚོགས་ཀྱི་འགྲོ་ལུགས་ལ་ཡིད་ཆེས་མེད་ཅིང་། སྟོབས་ཤུགས་དང་བཙན་བཀོལ་རྒྱུ་དེ་བདེན་ལུགས་སུ་འཛིན། འདི་ཆུང་ས་ནས་རུ་སྡེའམ་གྲོང་གསེབ་དང་མི་རིགས། ཆེ་ས་ནས་རྒྱལ་ཁབ་དང་རྒྱལ་སྤྱིའི་ནང་མཆེད་ན། ཉེན་ཁ་ཤིན་ཏུ་ཆེ།

སྤྱིར་གཉེན་བསྒྲིགས་ཟིན་པའི་གཤིན་རྗེ་ལྟ་བུའི་བུད་མེད་རྣམས་ལ་ཁྱིམ་ཚང་ནང་བབ་འགན་རིགས་གཉིས་བྱུང་དང་འབྱུང་ངེས་ཏེ། ༡༽ ཆུང་མ་དང་། ༢༽ ཨ་མའོ། སྔ་མ་བརྗོད་ཟིན། ཕྱི་མ་སྟེ་གཤིན་རྗེ་ལྟ་བུའི་ཨ་མ་ཞིག་གི་དབང་དུ་བཏང་ན། སྡུག་རྩུབ་ཀྱི་གཤིས་ཀ་ཆུང་བྱིས་པའི་དུས་ནས་ས་བོན་ཏུ་ཆགས་ཤིང་། ཞོ་དང་ཆང་གི་རུ་རྩི་ལྟ་བུར་གྱུར་ཏེ་རྒྱས་པའི་སེམས་ཁམས་སྡུག་རྩུབ་ཅན་དེ་སློབ་གྲྭའི་ནང་བྱི་དོར་དང་བཅོས་སྒྱུར་བྱེད་དཀའ་ཞིང་། ཁོར་ཡུག་ངན་པའི་སློབ་གྲྭར་འགྲིམ་ཚེ། ངན་སྣ་དགུ་བགོས་ཏེ་སྤྱི་ཚོགས་ནང་གཞན་ཕན་དང་འབྲེལ་བའི་བབ་འགན་བཟང་པོ་ལེན་འདོད་བློ་ཡུལ་དུ་སྐྱེད་མི་སྲིད། ཆུང་མ་གཤིས་འཇམ་སེམས་བཟང་ཞིག་དང་གཉེན་བསྒྲིག་རྒྱུ་དེ་ནི། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འོངས་མིན་ལ་ཐུག་གདའ་བར་མ་ཟད། མི་རབས་རྗེས་མའི་སྐྱིད་སྡུག་ལའང་ཐད་ཀར་འབྲེལ་བ་མཆིས་པས། ཨ་གསར་མ་ཡིན་པར་སྲེག་བཅད་བརྡར་བའི་གསེར་བཞིན་ཕན་ཚུན་གྱི་ཕ་མ་སྤྱི་ཚོགས་ནང་ཁ་ལས་དགེ་མི་དགེ་སོགས་ཕྱི་གསལ་ནང་གསལ་དུ་གྱུར་ཏེ་གཉེན་སྒྲིག་མིན་གྱི་བློ་ཐག་གཅོད་རྒྱུ་ཤིན་ཏུ་གལ། འདི་ཁྱིམ་ཚང་དཔྱོད་འཇུག་གི་རྣམ་བཞག་ཅིག་ཡིན་ཞིང་། ནུབ་ཕྱོགས་སྤྱི་ཚོགས་རིག་པའི་བརྟག་བྱ་གལ་ཆེན་ཞིག་ཏུ་སྔ་མོ་ནས་གྱུར་ཡོད།

       ༣ ༽གྲོགས་པོ་ལྟ་བུའི་ཆུང་མ། སྤྱིར་གྲོགས་པོ་ཞེས་པའི་ཐ་སྙད་འདི། ཚིག་མཛོད་ཁག་ཏུ། ཕན་ཚུན་ཡིད་མཐུན་པའམ་མཛའ་བ་དང་། དགའ་ཞིང་བློ་ཐུབ་ཅིང་དོན་ལ་ཐུག་དུས་དཔུང་བ་མཉམ་སྡོངས་བྱེད། ཞེས་དང་། འདུག་གྲོགས། འགྲོ་གྲོགས། ཟ་གྲོགས་ཞེས་པ་ལྟ་བུ། ཞེས་བཀྲལ་འདུག་ཀྱང་། ཆུང་མའི་དབང་དུ་བཏང་ཞིང་སྤྱི་ཚོགས་རིག་པའི་དགོངས་པ་དང་སྤྲེལ་ཏེ་བསམ་བློ་བཏང་ན། གོ་དོན་གསར་བ་ཞིག་མཆིས། འདོད་པ་དང་ཆགས་པ་གཞི་བྱས་ཏེ་གྲུབ་པའི་འབྲེལ་བའི་སྟེང་། ཕན་ཚུན་འདྲ་མཉམ་དུ་མཐོང་ཞིང་གྲོགས་པོ་ལྟ་བུའི་བཟའ་ཟླར་གོ་དགོས་ཤིང་། ཁྱོ་གའི་ངོས་ནས་ཆུང་མ་གྲོགས་པོ་ལྟ་བུ་དང་། ཆུང་མའི་ངོས་ནས་ཁྱོ་ག་གྲོགས་པོ་ལྟ་བུའི་མཐོང་བཟུང་སྟེ་གོ་གནས་འདྲ་མཉམ་ངང་ཁྱིམ་ཐབ་བྱེད་པའི་བུད་མེད་ལ་གོ

བུད་མེད་འདི་རིགས་ཕལ་ཆེར་ཁྱོ་གར་ཁྲེལ་མེད་མི་བྱེད་པར་མཛའ་སེམས་ཀྱིས་ཕྱི་ཐག་སྐྱོང་བའི་གཤིས་ཀ་ཅན་ཡིན་པས། ཁྱིམ་ཚང་ནང་རྔམས་སྐྲག་དང་འཛེམས་བག་མི་དགོས་པར་ལྷོད་ལྷོད་བྱས་ཏེ། གུ་ཡངས་ངང་བཟའ་ཟླ་དང་ལྷན་འཚོ་བ་རོལ། སྤྱི་ཚོགས་ནང་བབ་འགན་སྣ་ཚོགས་ལྕོགས་ཤིང་། མི་གོ་ཆོད་ཅན་གྱི་གྲས་སུ་འགྲོ་སླ། དེ་འདྲའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བའི་བྱིས་པ་རྣམས་ཀྱང་གུ་ཡངས་དང་། གང་བསམ་བརྗོད་ཕོད་པ་དང་། མི་ཆ་མེད་དང་འདྲིས་སླ་བའི་གཤིས་ཀ་ལྡན། ཡིན་ནའང་། ཆེ་བཀུར་ཆུང་བྱམས་ཀྱི་སྲོལ་ཤུགས་དྲག་པོ་མེད་པའི་ཟོལ་མཆིས། གྲོགས་པོ་ལྟ་བུའི་ཆུང་མ་བོད་ཀྱི་འབྲོག་པའི་སྤྱི་ཚོགས་ནང་ཤིན་ཏུ་ཉུང་ཞིང་། བུ་མོ་དང་བུད་མེད་ལ་མཐོང་དམའ་བས། ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་འཛིན་རྒྱུར་འཛེམས།

       ༤ ༽ གཅུང་མོ་ལྟ་བུའི་ཆུང་མ། ཚིག་མཛོད་ཁག་ཏུ། ཕ་མ་གཅིག་པའི་བུ་མོ་སྤུན་ཆུང་བ། ཞེས་བཀྲལ་འདུག ཡིན་ནའང་། སྤྱི་ཚོགས་རིག་པའི་སྒང་ནས་བཀྲལ་ན། ཁྱོ་གར་གུས་བཀུར་སྔོན་ཏུ་བཏང་ཞིང་། མཛའ་སེམས་དང་རྩིས་འདང་གཞི་བྱས་སྟེ་ཁྱིམ་ཐབ་སྐྱོང་བའི་བུད་མེད་ལ་ཟེར། ཁྱིམ་ཚང་འདིའི་རིགས་ནས་བུད་པའི་བུ་ཕྲུག་ཚོའི་གཤིས་ཀ་ཕལ་ཆེ་བ། འཇམ་ཞིང་། མིར་བརྩི་བཀུར་ཡོད་པ། རང་ཚོད་བཟུང་སྟེ་འདུག་པ། སློབ་གྲྭར་ཕྱིན་ན་སློབ་གྲོགས་གཞན་ལ་ཧམ་འགེབས་མི་བྱེད་པ། ཆེ་བཀུར་གྱི་གོམས་གཤིས་འཇགས་ཡོད་པ། འགྲིག་ལ་བསྟུན་པ་བཅས་ཀྱི་ཁྱད་ཆོས་མང་པོ་ལྡན། ཆུང་མ་འདིའི་རིགས་ལ་གཉིས་ཏེ། ངག་རྒྱུན་སློབ་གསོ་མྱོངས་བའི་བུད་མེད་དང་། སློབ་གྲྭའི་སློབ་གསོ་མྱོངས་པའི་བུད་མེད། འདི་གཉིས་སྤྱི་ཚོགས་བབ་འགན་ལྕོགས་ཚད་དང་ནུས་པ་ལ་ཁྱད་པར་ཡོད་སྲིད་ཀྱང་། ཁྱིམ་ཚང་སྐྱོང་ཐབས་སྟངས་ལ་ཁྱད་པར་ག་ཚད་ཡོད་པ་ད་དུང་བརྟག་བྱ་ཞིག་ཏུ་སྣང་།

       ༥  ༽ གཡོག་མོ་ལྟ་བུའི་ཆུང་མ། ཚིག་མཛོད་ཁག་ཏུ། བྲན་མོའམ་ཁོལ་མོ། ཞེས་བཀྲལ། འདིའི་རིགས་ཕལ་ཆེ་བ་རང་དབང་རང་འཐད་མ་ཡིན་པར་ཕ་མས་བཀོད་སྒྲིག་འོག་གཉེན་བསྒྲིགས་ཤིང་། ལོ་ཟླ་རིང་མོའི་འགྲོགས་རིམ་ནང་འཚོ་བ་རོལ། བུ་ཕྲུག་འཁོར། ཕན་ཚུན་འདྲིས་ཏེ་ཁྱིམ་ཐབ་སྐྱོང་བའི་བུད་མེད་ལ་ཟེར། སྐབས་འགར་གཡོག་མོ་ལྟ་བུ་མ་བྱས་རང་བྱས་སུ་ཆགས་པ་དང་། སྐབས་འགར་ཁྱོ་གར་དགའ་དྲགས་པས་གཡོག་ལས་ལྟ་བུ་བྱེད་འདོད་པར་གྱུར། ཆུང་མ་འདིའི་རིགས་ཕལ་ཆེ་བ་རང་ལ་བླངས་ཕྱོགས་མེད་པར་ཁྱོ་གས་ཅི་བཤད་དེ་ལྟར་ཏུ་བརྩི་བས། རིམ་གྱིས་བུ་ཕྲུག་ལ་གཤིས་དེ་མཐོང་གོམས་ཐོས་གོམས་སུ་གྱུར་ཅིང་བག་ཆགས་ཟབ་མོ་འཇགས།

        ཕྱིས་སུ་བུ་ཕྲུག་དེ་རིགས་སྤྱི་ཚོགས་སྟེང་བསླེབས་པ་ན། རང་ཚུགས་བརྟན་པོ་བསྲུང་མི་ཐུབ་པ་དང་། གཡོག་ལས་བྱས་པ་གཡོག་ཏུ་མི་གོ་བར་དགེ་མཚན་ཏུ་འཛིན། གནས་སྟངས་གསར་བའི་ལས་སྒོ་འབྱེད་མི་ཕོད། སྔར་རང་རེའི་སྤྱི་ཚོགས་ནང་ཕ་མས་ཐག་བཅད་པ་དེ་བཞིན་གཉེན་བསྒྲིགས་པ་ཤིན་ཏུ་མང་བས། གཡོག་གཤིས་ཅན་གྱི་མི་འབོར་ཆེན་བྱུང་ཞིང་སྤྱི་ཚོགས་སུ་ཐེབས་པའི་ཤུགས་རྐྱེན་ལོ་རྒྱུས་ཀྱི་བསླབ་བྱ་ཞིག་ཏུ་གྱུར། ཡང་། ད་ལྟ་བུ་མོ་ཐམས་ཅད་སློབ་གྲྭར་བསྐྱལ་བས། མནའ་མ་བྱེད་འདོད་མཁན་ཇེ་ཉུང་དུ་ཕྱིན་ཡོད་ནའང་། པཎ་ཆེན་རིན་པོ་ཆེས། ཡར་སློབ་གྲྭར་འགྲོ་དུས་བོད་པ་ཡིན་ཞིང་། ཕྱིར་བསླེབས་དུས་རྒྱ་མིན་བོད་མིན་ཞིག ཅེས་པའི་གནས་ཚུལ་གསར་བའི་འོག   གཡོག་མོ་ལྟ་བུ་ཆུང་མ་མེད་འགྲོ་ནའང་། བོད་མོ་རྣལ་མའི་ཆུང་མའང་ཡོད་ཁག་པོར་གྱུར། ངན་ས་ནས་ངན་སར་འཕོ་འགྱུར་འབྱུང་བཞིན་པ་འདི་མི་རབས་ཀྱི་བདེ་རྩར་ཐུག་འདུག

       ༦  ༽ ཚོང་གྲོགས་ལྟ་བུའི་ཆུང་མ། འདིའི་མཚན་ཉིད་ལ། ཁྱོ་ག་ཚོང་གྲོགས་ལྟ་བུའི་འདུ་ཤེས་བཅིངས་ཏེ་ཁེ་ཕན་བརྗེ་རེས་ཀྱི་ཆེད་དུ་མི་ཚེ་བསྐྱལ་བའི་བུད་མེད། འདིའི་རིགས་ཀྱི་ཁྱིམ་ཚང་བརྟན་པོ་མ་ཡིན་པར་ཕ་གཡར་དང་མ་གཡར་གྱི་གནས་ཚུལ་འབྱུང་སླ་ཞིང་། བུ་ཕྲུག་རྣམས་ཀྱང་སྤྱི་ཚོགས་སྟེང་ཕྱིན་ན། གར་འགྲོ་ཁེ་ཕན་གྱི་ཆེད་དང་། གང་བྱས་ཁེ་ཕན་གྱི་ཆེད། སྤྱི་དོན་ཡིད་ལ་ཤར་དཀའ་བའི་མི་འབོར་ཏུ་ཆགས་སླ།

       ༧  ༽ སྨད་འཚོང་མ་ལྟ་བུའི་ཆུང་མ། སྨད་འཚོང་མ་ཞེས་པ་བོད་ཀྱི་ཚིག་མཛོད་ཁག་ཏུ། སྨད་ཚོང་མ། གཞང་འཚོང་མ། ཁེ་ཕན་ཕྲན་ཚེག་ཆེད་ལ་རྒྱ་འདོར་བ། དམན་པའི་ཆེད་བེད་སྤྱོད་པ། བེད་སྤྱོད་ལོག་པར་གཏོང་བ། ཞེས་བཀྲལ་འདུག་ཀྱང་། བུད་མེད་འདིའི་རིགས་ནི། སྤྱང་ཐོབ་ཀྱི་འཇོན་ཐང་ཅི་ཡང་མེད་པར། ལྷན་སྐྱེས་སུ་ཡོད་པའི་ཆ་རྐྱེན་ཙམ་ལ་བརྟེན་འཚོ་བ་རོལ་བའམ་གཉེན་བསྒྲིགས་ཏེ་འཚོ་བ་རོལ།

        ཁྱིམ་ཚང་འདིའི་རིགས་ལས་གཉོམ་ལག་རྒྱས་པའི་བུ་ཕྲུག་རྣམས་ཕལ་ཆེ་བར། ཨ་མའི་ཤུགས་རྐྱེན་དབང་གིས་མི་རྐང་རྩ་ཅན་ལ་འཛོམས་པའི་གཤིས་ཀ་འབྱུང་དཀའ་ཞིང་། མདོ་མེད་ཀྱི་བྱ་བའི་ནང་མི་ཚེ་རྫོགས་ཐབས་བྱེད་པ་དེ་ངན་པ་ཞིག་ཏུ་མཐོང་མི་ཐུབ་པའི་གཤིས་མཆིས། ཡིན་ནའང་། སྐབས་འགར་དགེ་རྒན་བཟང་པོ་དང་འཕྲད་ན་བཟང་ཕྱོགས་སུ་འཁོར་སླ།

       ༨  ༽ ཟུར་འདེབས་སུ་སྣང་བའི་བུད་མེད་ཀྱི་རིགས། ཁྱོ་ག་མེད་པ་དང་། གཉེན་སྒྲིག་མ་བྱས་པར་དགའ་གྲོགས་ཀྱི་བུ་ཕྲུག་གསོས་ཏེ་འཁོར་འཛིན་ཀྱི་འགན་བླངས་ཡོད་པའི་ཁྱིམ་ཚང་ནང་ནས་འཚར་ལོངས་བྱུང་བའི་བུ་དང་བུ་མོ་རྣམས་འཐུས་ཚང་བའི་བྱམས་བརྩེ་དང་ཕ་མ་ཟུངགི་གཅེས་སྐྱོང་མ་ཐོབ་པས། གཤིས་ཀ་དང་འཇིག་རྟེན་མཐོང་སྣང་བཅས་གཞན་དང་ཅུང་མ་འདྲ་བ་འདུག   ལྷག་པར་དུ་སྤྱི་དོན་གྲོས་འདེབས་ཀྱི་སྐབས་སུ་ཁ་སྔ་ཞིང་། སྒེར་དོན་གཙོར་འཇོག་པ་དང་། འགྲིག་མི་བརྩི་བའི་འཆར་སྒོ་མང་པོ་འབྱུང་སླ། འདི་ལ་ལོ་མང་པོའི་སྔོན་ནས་བསམ་བློ་བཏང་མྱོངས་ནའང་། ཞིབ་འཇུག་ཆེད་མངགས་མ་བྱས་པས་བསྡོམས་ཚིགས་འཇོག་དཀའ་བས་བཞག   ཉེ་ཆར་དབྱིན་ཡིག་གི་ཁྱིམ་ཚང་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་གལ་ཆེན་འགའ་བཀླགས་པས་གཞི་ནས་རྟོགས། ཆུང་དུས་ནས་ཕ་མེད་པའི་བུ་དང་བུ་མོ་རྣམས་ཁྱིམ་ཚང་ནང་འགྲིག་བཅའ་མཁན་མེད་པ་དང་། འགྲིག་མ་སྲུང་ན་ཆད་པ་བཙན་པོ་གཅོད་མཁན་མེད་པས་འགྲིག་ལ་མི་སྐྲག་པའི་འགྲོ་སྟངས་གོམས་པར་གྱུར་བས། མི་ཚད་ཕྱིན་ཏེ་རུ་སྡེ་བའི་སྤྱི་དོན་གྲོས་གྲལ་དུ་བསླེབས་ཚེ། གོམས་ཟིན་པའི་གཉུག་གཤིས་དེ་མངོན་ཅིང་ཤུགས་རྐྱེན་ནང་པ་མང་པོ་ཐེབས། ངའི་སྡེ་བའི་ནང་ན་དེ་འདྲ་འགའ་ཡོད་པས་ལོ་ཁ་ཤས་ཀྱི་ནང་དུ་དེ་དག་གི་སྐོར་ལ་རྣམ་ཤེས་བཏད་དེ་ཉམས་བཞག་པ་ན། སྡེ་བའི་ནང་གི་རྒན་གཞོན་མང་པོས་ལྟ་ཚུལ་གཅིག་མཐུན་ཏུ་བབས།

        དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་ལྷན། བོད་པ་ཕོག་ལེན་མང་པོ་གྲོང་ཁྱེར་ནང་གཞིས་ཆགས་ཏེ་འཚོ་བ་རོལ་དང་རོལ་བཞིན་པའི་ནང་། བཟའ་ཚང་ཐོར་བའི་གྲངས་འབོར་ཇེ་མང་ཕྱིན་པའི་གནས་ཚུལ་འོག   རང་སྐད་དང་རང་གི་རིག་གནས་ལ་བརྟེན་འཚོ་བ་རོལ་དཀའ་བའི་གནས་ཚུལ་ཚབ་ཆེན་ཡིན་པའི་ཁར། ཕ་མ་ཟུང་འཛོམས་ཀྱི་ཁྱིམ་ཚང་ཁོར་ཡུག་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར། དཀའ་ངལ་འཕར་མ་འཕྲད་བཞིན་པ་དེ་ནི། མི་རིགས་ཀྱི་ངོ་བོ་བརླག་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་ཏུ་ཤུགས་ཀྱིས་ཆགས། མ་གཅིག་བུའམ་མ་གཡར་གྱི་ལག་ནས་གྲོང་ཁྱེར་ནང་འཚར་ལོངས་བྱུང་བའི་མི་འབོར་དེ་རིགས་ཀྱི་རིན་ཐང་འཁོར་ཕྱོགས་ལ་བརྟག་དགོས།

        གོང་གི་གནས་ཚུལ་འདི་གཉིས་ནི། བོད་ཀྱི་ཁྱིམ་ཚང་སྤྱི་ཚོགས་རིག་པའི་དཔྱད་བྱ་གལ་ཆེན་ཞིག་ཏུ་ཆགས་འདུག   གནས་ཚུལ་སྔ་མའི་འབྱུང་རྩ་ནི། བོད་ཀྱི་སྐྱེས་པ་རྣམས་མཚན་མོར་ཕོ་ཉུལ་བྱས་པའི་འབྲས་བུ་ཡིན་ཞིང་། བུད་མེད་རྣམས་མ་གཟབ་པའི་ཉེས་དམིགས་ཀྱང་ལོས་ཡིན། དཔེར་ན། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ། རྒྱ་ཁྱིམ་མང་པོ་བོད་ཀྱི་གྲོང་གསེབ་མང་པོའི་ནང་འགྲེམ་བཀྲམ་བྱས་ཏེ་གཞིས་ཆགས་པའི་ནང་། བོད་མོ་མང་པོས་རྒྱ་རྒན་ཕོ་ཉུལ་བ་ཉར་བས་བུ་ཕྲུག་གསོས་པ་མང་པོ་ལས། ཤ་ཁྲག་གི་རྒྱུ་རྒྱ་ཡིན་ནའང་བོད་ཀྱི་རིག་གནས་ཁོར་ཡུག་ནང་གཉོམ་ལག་རྒྱས་པས་བོད་པ་ཡིན་ཟེར་བ་ལས་ཁོའམ་མོ་རྒྱ་ཡིན་ཟེར་མཁན་ཤིན་ཏུ་དཀོན། གནས་ཚུལ་འདི་ལས་ཡང་། མི་རིགས་ཀྱི་དབྱེ་བ་དེ་ཤ་ཁྲག་གི་སྟེང་ནས་མི་འཇོག་པར་རིག་གནས་ཀྱི་སྒང་ནས་འཇོག་པར་འདོད་པའི་ལྟ་བ་དེ་བདེན་པའི་སྒྲུབ་བྱེད་དུ་གྲུབ། གནས་ཚུལ་ཕྱི་མ་ནི། ཕ་སུ་ཡིན་ངོས་འཛིན་དཀའ་བའི་གནས་ཚུལ་མེད་ཀྱང་། བོད་ཀྱི་རིག་གནས་དང་ཁ་ཐག་རིང་བའི་སློབ་གྲྭའི་བསླབ་དེབ་ཀྱི་ནང་དོན་ཡིད་ལ་འཇགས་ཟིན་པས་བོད་ཀྱི་འགྲོ་འདུག་གི་ལུགས་སྲོལ་བརྩི་མི་ཤེས་ལ་བརྩི་འདོད་ཀྱང་མི་སྐྱེ་བའི་རིགས་ལ་གོ

བཞི་བ། ཤེས་རིག་དང་འབྲེལ་བའི་བུད་མེད་ཀྱི་བབ་འགན།

       སྤྱི་སྒེར་གཉིས་ཆ་ནས་མེད་དུ་མི་རུང་བའི་བུད་མེད་ཀྱི་བབ་འགན་ཞེས་པ་སྤྱི་ཚོགས་ཀྱི་ལས་སྣ་མང་པོ་དང་འབྲེལ་ཞིང་། ལྷག་དོན་བྱིས་པའི་སེམས་ཁམས་དང་གཤིས་ཀའི་ཆགས་རིམ། ཉིན་རེའི་འཚོ་བ་བསྐྱལ་སྟངས་བཅས་ཁྱིམ་འཛིན་བུད་མེད་ལ་རག་ལས། གལ་ཆེ་ཤོས་ནི་ཟས་གོས་ཤེས་རིག་ལག་ལེན་པ་ལྟ་བུའི་བབ་འགན་ལྕོགས་བཞིན་ཡོད་པས། དེ་ཕྱོགས་བཞི་ནས་རིམ་པར་ཞུ་བ་ལ།

       གཅིག  འཚོ་བའི་རྒྱུན་ཤེས། འདིར་ཁྱིམ་ཐབ་སྐྱོང་བཞིན་པའི་བུད་མེད་ཀྱི་བབ་འགན་ལ་དམིགས་པ་ལས་གཞན་མི་གཏོགས། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཆུང་མཐའ་བ་སྟེ། ཁྱིམ་ཚང་ནི། འཚོ་བའི་རྒྱུན་ཤེས་ཞིབ་ཕྲ་ལག་བསྟར་བྱེད་ས་ཡིན་ཞིང་། དེའི་ནང་། ཁང་པའི་ནང་གཙང་སྤྲ་དང་། དཀར་ཡོལ་དང་སླང་ཆ་ཐབ་ཆས་དཀྲུ་བ། ཟས་ཟ་མ་གཡོས་སྦྱོར། བྱིས་པའི་བདེ་ཐང་གཅེས་གཉོར་དང་གཉོམ་ལག་རྒྱས་རིམ། རྒན་རྒོན་བརྩི་གཉོར་སོགས་བྱ་བ་མང་པོའི་འགན་ཁུར་ཏེ། བོད་ཀྱི་ཐུན་མོང་ཡུལ་ཆོས་དང་ས་གནས་ཀྱི་ཐུན་མིན་ཡུལ་ཆོས་བཅས་ལས་འཚོ་བའི་རྒྱུན་ཤེས་ཐམས་ཅད་ལ་འཐུས་ཤོར་མེད་པར་ཉི་མ་རེ་རེ་བཞིན་ལག་ལེན་ཏུ་བསྟར་བ་དེར་རིག་གནས་ཀྱི་དོན་སྙིང་འགངས་ཆེན་པོ་ལྡན་པས། དེའི་རིག་གནས་ལག་ལེན་གྱི་ཉམས་མྱོང་དང་འབྱུང་འགྱུར་ལྟ་ཚུལ་ལྷག་ཏུ་གལ་ཆེ། ཆུང་མའི་ལག་ནས་མི་རབས་ཤིག་བརླག་ཐུབ་ལ་ལེགས་ལམ་དུའང་འཇུག་ཐུབ། སྐྱེས་པ་རྣམས་ཀྱིས་ཉེ་འཁོར་གྱི་མི་སྒྱུར་ཐུབ་པ་ལས་མི་རབས་ལ་ཤུགས་རྐྱེན་དེ་འདྲ་མེད་པར་འདོད།

       གཉིས། ལག་ལས་རྒྱུན་ཤེས། འབྲོག་རྫས་དང་རོང་རྫས་ལས་སྣོན་ངག་རྒྱུན་ཤེས་བྱར་བརྟེན་དགོས་པ་དང་། ལས་སྣོན་བྱེད་མཁན་གྱི་རྒྱུད་ན་མཆིས་པའི་ངག་རྒྱུན་ཡུལ་ཆོས་ལས། དཀར་ཟས་དང་དམར་ཟས། བལ་ལས་དང་ཕྱིང་ངུ་འཐག་ལུགས། རྩམ་པ་དང་ཕྱེ་ཡི་ཁ་ཟས་གཡོས་སྦྱོར། ཁྱིམ་གྱི་བཀོད་པ་ཐམས་ཅད། ནང་གི་བཅའ་ལག་དང་ལག་ཆ་རེ་རེ། རེ་རེར་རྒྱུན་ཤེས་ཤིག་ཡོད་པ་དེར་བརྟེན་དགོས་ཤིང་། རྒྱུན་ཤེས་དེ་དག་ཉིན་རེའི་འཚོ་བའི་ནང་ལག་ལེན་ཏུ་བསྟར་མཁན་གཙོ་བོ་ཆུང་མ་རྣམས་ཡིན། བློ་ངོ་ན་འཇགས་པའི་རྒྱུན་ཤེས་དེ་དག་ཁ་ཡོད་ལག་ཡོད་ཀྱི་ཟས་དང་གོན་པ་སོགས་སུ་བེད་སྤྱོད་དུ་རུང་བར་བྱེད་མཁན་ཡང་ཆུང་མ་རྣམས་ཆགས་འདུག་པས། ཆུང་མའི་བབ་འགན་གལ་ཆེར་རྟོགས་རྒྱུ་དེ་དུས་རབས་གསར་བའི་ཁྱད་ཆོས་སུ་སྣང་།

       གསུམ། བྱིས་པ་སྐྱོང་སྲོལ། བུད་མེད་ཀྱི་བབ་འགན་སྣ་ཚོགས་ལས་གནད་ཆེ་ཤོས་ཏེ། བྱིས་པ་གཉོར་སྐྱོང་ཆགས་བསྡད་པས། བྱིས་པ་སུས་གཉོར་སྐྱོང་བྱས་ཏེ་མིའི་ཚད་དུ་ཕྱིན་ན་རིགས་དེར་གཏོགས་འགྲོ་བས། འདི་མི་རིགས་ཀྱི་འབྱུང་རྒྱུན་བསྐྱང་བའི་ལས་ཀ་གལ་ཆེན་ཞིག་ཡིན་པ་སྨྲས་མ་དགོས་ཤིང་། ལྷག་དོན་ཏུ། མི་ཚེའི་རིན་ཐང་ལྟ་ཚུལ་དང་། མཛེས་མི་མཛེས་དང་བཟང་ནང་འཇོག་བྱེད་ཀྱི་འདུ་ཤེས། དབང་བོ་ལྔར་གོམས་པར་གྱུར་བའི་རིག་གནས་ཁོར་ཡུག   ཁ་ཟས་གོམས་གྱུར། ཕ་སྐད་བྱང་གྱུར། ཡུལ་སྲོལ་འཇགས་གྱུར་སོགས་ཨ་མས་བསླབས་པ་དང་། ཨ་མའི་བསླབས་པ་དེ་དག་ལ་བརྟེན་རང་རེའི་མི་རབས་རྗེས་མའི་རྒྱུན་མ་ཆད་པར། མི་རིགས་ཀྱི་ངོ་བོ་དང་། རིག་གནས་ཀྱི་ཁྱད་ཆོས། སྤྱི་ཚོགས་ཀྱི་གཞི་དབྱིབས་འཛིན་མཁན་རབས་དང་རིམ་པ་ཡོད་པར་གྱུར་བ་ལགས་ན། ཡུལ་ཆོས་ལས་བྱིས་པ་སྐྱོང་ལུགས་ཀྱི་ཤེས་བྱ་ལག་བསྟར་བྱེད་མཁན་བུད་མེད་རྣམས་ཡིན་ཞིང་། དེ་འདྲའི་ཤེས་བྱའི་མ་ལག་རང་རེའི་གླེགས་བམ་ནང་མེད་པས། བུད་མེད་རྒན་པ་རྣམ་པའི་དྲན་ངོས་སུ་ཆགས་ཡོད་པ་དེ་དག་གང་མགྱོགས་མགྱོགས་ཀྱིས་ཡི་གེ་ཕབས་ཏེ་ཉར་རྒྱུ་ཁ་ཚ་དགོས་གཏུགས་སུ་སྣང་།

        ཨ་མའི་བྱམས་སྐྱོང་མ་ཐོབ་པའི་བྱིས་པ་གཉོམ་ལག་རྒྱས་ཏེ་སྤྱི་ཚོགས་སྟེང་སོང་རྗེས། གདེང་ཚོད་ཞན་ཞིང་། རང་རང་ལ་ཡིད་ཆེས་དེ་འདྲ་མེད་པའི་ཟོལ་མཆིས། སྤྱི་ལོ་༢༠༡༤པ་ནས། སྔོན་འགྲོ་སློབ་གསོའི་སྲིད་བྱུས་གཏན་འབེབས་བྱུང་ཞིང་ལག་བསྟར་བྱས་པ་ནས་བཟུང་། བྱིས་པ་མང་པོ་ཞག་སྡོད་སྔོན་འགྲོ་སློབ་གྲྭར་བསྐྱལ་འགོ་ཚུགས་པ་དེ་ནི། བྱིས་པ་ཁྱིམ་སྐྱོང་གི་གནས་སྟངས་ནས་སྒྲིག་འཛུགས་ཀྱི་གཉོར་སྐྱོང་ཅན་ཏུ་འཕོས། གནས་ཚུལ་འདི་ཨ་མའི་བབ་འགན་ཇེ་ཡང་དུ་བཏང་བ་བདེན་ནའང་། སྤྱི་དོན་གྱི་འབྱུང་འགྱུར་ལ་བསམ་བློ་བཏང་ན་ག་འདྲར་ཆགས་པའི་ཞིབ་འཇུག་གཟབ་ཏེ་གནང་དགོས།

       བཞི། བུད་མེད་ཀྱི་འགན་འཛིན་ནུས་པ། འགན་འཛིན་བུད་མེད་ཀྱི་བཀག་རྒྱ་ལ། ལུས་ཀྱི་ལྷན་སྐྱེས་བཀག་རྒྱ། ཆོས་ལུགས་ཀྱི་བཀག་རྒྱ། གོམས་སྲོལ་དང་ལྟ་སྟངས་རྙིང་བའི་བཀག་རྒྱ། ལོ་རྒྱུས་རང་བཞིན་གྱི་བཀག་རྒྱ། སློབ་གསོ་ཡང་དག་ཅིག་ཐོབ་ན་བཀག་རྒྱ་དེ་དག་ལས་བརྡོལ་ཏེ་དབུ་འཁྲིད་དམ་འགན་འཛིན་འཇོན་ཐང་ཅན་ཞིག་ཏུ་འགྱུར་ཐུབ། བཟོད་སྒོམ། མཁྲེགས་པོ། དཀའ་དུབ་ཅན། ཐག་གཅོད་ཞིབ་ཚགས་གནང་ཐུབ་པ་དང་སྙིང་རྗེ་ཡོད་པ་ནི་བུད་མེད་ཕལ་ཆེ་བའི་ཁྱད་ཆོས་གལ་ཆེན་ཡིན་ལ། ཁྱད་ཆོས་དེ་དག་ནི་འགན་འཛིན་ཞིག་ལ་མཛོམས་དགོས་ནུས་པ་ཡིན་པས། བུད་མེད་ཅིག་ལ་ཚད་ལྡན་སློབ་གསོ་ཐོབ་པ་ན་སྐྱེས་པ་དང་འདྲ་མཉམ་གྱི་འཇོན་ཐང་ཡོད་པ་ཞིབ་འཇུག་པ་མང་པོའི་བསྡོམས་སུ་སྣང་།

ལྔ་བ། བུད་མེད་ཀྱི་ལེགས་བཅོས་གསར་བ།

སྤྱི་ཚོགས་འཕོ་འགྱུར་རམ་ཡར་རྒྱས་གྱི་གོམ་གྲོས་དང་བསྟུན་གྲོང་གསེབ་དང་རུ་སྡེའི་བུད་མེད་རྣམས་རང་རང་གི་གནས་སྟངས་ལེགས་བཅོས་ཀྱི་བྱ་བ་སྣ་ཚོགས་སྤེལ་བའི་གནས་ཚུལ་གསར་བ་མང་པོ་འབྱུང་བཞིན་པ་ལས། རྐང་ཐང་དབུས་མཇལ་དང་། སྐད་འཕྲིན་ཚོགས་པ་བཙུགས་ཏེ་བསམ་བློ་བརྗེ་རེས། ལྷན་འཛོམས་རྩ་འཛུགས་སོགས་བྱེད་སྟངས་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་ལ། སྤྱི་ཚོགས་རིག་པའི་སྒང་ནས་དོ་ཁུར་བྱེད་དགོས་ཤིང་།

        ཉེ་བའི་ལོ་འགའི་ནང་། སྤྱི་ཚོགས་ཁྱོན་ཏུ་ཁ་པར་ཁྱབ་བརྡལ་ཕྱིན་པས། བུད་མེད་ཀྱི་འབྲེལ་འདྲིས་སྟབས་བདེར་གྱུར་ཏེ་སྐྱེས་པ་དང་མཉམ་པའི་སྤྱི་ཚོགས་འབྲེལ་ལམ་འཛུགས་ཐུབ་པར་གྱུར་བས། སྤྱི་ཚོགས་ནང་གོ་སྐབས་ཇེ་མང་དུ་ཕྱིན་པ་དང་ལྷན་བབ་འགན་ཡང་ཇེ་མང་དུ་འཕེལ་བཞིན་པ་དང་། འཕེལ་རིམ་དེའི་ནང་གནས་ཚུལ་ངན་པ་འབྱུང་བའི་ཉེན་ཁ་མང་ཞིང་། གྲོང་གསེབ་བུད་མེད་ནང་ཉེན་ཁ་དེ་རིགས་འགོགས་ཐུབ་པའི་ནུས་པ་ཡོད་མེད་གཉིས་ཀ་མཆིས་པ་ལས། ནུས་པ་དེ་སྐད་རིགས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཁོར་ཡུག་ལའང་འབྲེལ་བ་ཡོད་པས། སྔ་མ་རང་སྐད་ཀྱི་རྨང་མི་བརྟན་ཞིང་གཞན་སྐད་གྱི་གནོན་ཤུགས་ལས་བྱུང་། ཕྱི་མ་རྩ་འཛུགས་དང་སྒྲིག་འཛུགས་གཙོས་པའི་སྤྱི་ཚོགས་མ་ལག་ལས་བྱུང་། གནས་ཚུལ་འདིའི་འོག   གྲོང་གསེབ་བུད་མེད་རྣམས་བབ་འགན་གསར་བ་ཡོད་རྒྱུར་བཀག་རྒྱ་ཆེན་པོ་མཆིས་པས། བློ་ཁ་རང་སྟེང་ལ་ཕྱོགས་ཏེ། རང་རང་ལེགས་བཅོས་ཀྱི་ཐབས་བཀོད་འཐེན་པའི་ལམ་ཀར་ཆས་འདུག

        དཔེར་ན། ཨ་མའི་རྩེད་ར་ཞེས་པའི་བུད་མེད་སྐད་འཕྲིན་ཚོགས་པ། ལྟ་བུ་མང་པོ་ལས། ཕྱིང་གུར་ཕུག་སྡེ་བའི་བུད་མེད་ཀྱིས་གྲུབ་པའི་ཚོགས་པ་ཞིག   སྐད་འཕྲིན་བརྒྱུད་དེ་ལས་ཀ་རྩ་འཛུགས་དང་། གསར་འགྱུར་དང་བརྡ་འཕྲིན་བརྗེ་རེས། རུ་སྡེའི་སྤྱི་དོན་གྲོས་བརྡུར། མཁོ་གལ་དང་འཕྲད་དུས་གང་མགྱོགས་ཀྱིས་ལས་གྲོགས་འབྲེལ་བ་བྱེད་ཐུབ་པར་གྱུར་ཏེ་ལས་ཀ་འགྲུབ་པ་དང་། ཚོགས་པའི་ནང་བུད་མེད་རྣམས་ཀྱིས་བསམ་ཚུལ་རྗེ་རེས། ཉིན་རེའི་འཚོ་བའི་ཉམས་མྱོངས་བརྗེ་རེས། རུ་སྡེ་བའི་སྤྱི་དོན་གླེང་ས། བུད་མེད་རྣམས་ཀྱི་དུས་ཚོད་གྲོན་ཆུང་བྱས་ཤིང་ལས་ཀའི་ཕྱོད་ཇེ་ཆེར་བསྐྱེད། དེ་ལས་གལ་ཆེ་ཤོས་ནི། གཞོན་སྐྱེས་བུ་མོ་རྣམས་ལག་ལས་ཤེས་བྱའི་དཀའ་ངལ་དང་འཕྲད་དུས་རྒན་མོ་དག་གིས་སྐད་འཕྲིན་བརྒྱུད་དེ་མཛུབ་སྟོན་འཕྲལ་ཉིད་བྱེད་ཐུབ་པར་གྱུར་བ་དང་། ཡུལ་ཆོས་ཤེས་བྱ་ལག་ཟུང་དབར་དུ་བརྡར་ཏེ་ཉིན་རེའི་འཚོ་བ་སྐྱོང་བཞིན་པའི་བུད་མེད་རྣམས་ལ་མཚོན་ན། ལག་ལས་ཤེས་བྱ་ཡོད་མེད་དེ་འཚོ་ཚོས་ཀྱི་རྒྱུན་བསྐྱང་ཐུབ་མིན་ལ་ཐུག་པ་དང་། དེ་འདྲའི་ཤེས་བྱ་དེ་དག་ས་ཐག་རིང་ཐུང་ལ་མ་བལྟས་པར་སྐབས་ཐོག་ཏུ་མཁོ་སྤྲོད་ཡོད་པར་གྱུར་ཅིང་། བུད་མེད་རྣམས་བབ་འགན་གསར་བ་ལྕོགས་རྒྱུར་མཐུན་རྐྱེན་ཏུ་གྱུར་ཅིང་། ཡུལ་ཆོས་ཇེ་ཕྱུག་ཡུན་བརྟན་ཏུ་གཏོང་བའི་ནུས་པའང་ལྡན།

དྲུག་པ། བུད་མེད་རང་ངོས་ཀྱི་ཡར་རྒྱས་ལེགས་བཅོས་གསར་བ།

སྔར་སྲོལ་དབུས་མཇལ་གྱི་རྒྱུན་བསྐྱངས་ཏེ་གྲོང་གསེབ་བུད་མེད་རྣམས་རང་དབང་རང་འཐད་ཀྱིས་སྡུག་གཤེགས་སེམས་སུ་བཅིངས་ཤིང་དཀའ་ངལ་ཐོད་དུ་བླངས་ཏེ། གཅིག་འཕྲོ་གཅིག་མཐུད་དུ་རྐང་ཐང་དབུས་མཇལ་བྱས་དང་བྱེད་མུས་སུ་མཆིས་པ་འདི་སྤྱི་ཚོགས་སྟེང་ལེགས་བཅོས་གསར་བ་ཞིག་གི་ཟུར་མཚོན། ཉེ་ཆར་རྐང་ཐང་དབུས་མཇལ་དུ་ཕེབས་མྱོང་བའི་བུད་མེད་འགར་ཁ་བརྡའི་ཚུལ་དུ་གནས་ཚུལ་དྲིས་པ་སྤྱི་ཚོགས་རིག་པའི་མཐོང་ལམ་བསྐྱེད་དེ་འགྲེལ་བརྗོད་དང་དབྱེ་ཞིབ་གང་འཐུས་བགྱིས་ན། རྐང་ཐང་དབུས་མཇལ་གྱི་དགེ་མཚན་ནི། ༡༽ བུད་མེད་རྣམས་ཀྱི་མཐོང་རྒྱ་བསྐྱེད་པ་དང་། ༢༽ དབུས་ལམ་རིང་མོའི་ཉེ་འཁོར་གྱི་རིག་གནས་ལ་ཆ་རྒྱུས་ཡོད་པར་གྱུར་བ། ༣༽ ལུས་ཀྱི་བདེ་ཐང་ཇེ་བཟང་དུ་སོང་བ། ༤༽ བསགས་པའི་སྡུག་པ་གཤེགས་ཏེ་མི་ཚེའི་རེ་འདོད་ཅིག་འགྲུབ་ཟིན་ཞེས་སྙམ་པའི་སྐྱིད་སྣང་འཆར་བ། ༦༽ བརྩོན་འགྲུས་དང་སྤོབས་པ་བསྐྱེད་ཡོད་པ།

        ཡང་། རྐང་ཐང་དབུས་མཇལ་གྱི་འབྲས་བུ་སྟེ། ༡༽ སྔར་ལས་ཅུང་གུ་ཡངས་ཅན་ཏུ་གྱུར་བ། ༢༽ མིའི་དབར་གྱི་འབྲེལ་བ་ཇེ་བཟང་དུ་སོང་བ། ༣༽ མི་རྒན་པ་རྣམས་ལ་གུས་བྱམས་ཡོད་པར་གྱུར། ཞེས་ལགས་ཤིང་། བྱིས་པ་རྣམས་ལ་མཚོན་ན། དགོས་རྒྱུའི་འགྱུར་བ་གལ་ཆེན་ཞིག་ཡིན་པ་རྟོགས་སླའོ།

མཇུག་བསྡུ་བ།

        ཕྲ་རགས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། འགྲན་རྩོད་ཀྱི་ངར་ཁ་ཤིན་ཏུ་རྒོད་ཅིང་གོ་སྐབས་དང་ཉེན་ཁ་དོ་མཉམ་དུ་བསུ་དགོས་པའི་དུས་འདིར། ཡུལ་མི་ཐམས་ཅད་སྤྱི་ཚོགས་ཀྱི་གནས་སྟངས་གསར་བ་ཞིག་ཏུ་བསླེབས་ཤིང་། ཕྱི་ཉིན་རེའི་འཚོ་བའི་འགྲོ་སྟངས་ནས་ནང་སེམས་ཀྱི་འགྱུར་འགྲོས་མྱུར་བའི་སྤྱི་ཚོགས་ནང་། སྐྱེས་པ་དང་བུད་མེད་དབྱེར་མེད་དུ་རེ་རེའི་སྤྱི་ཚོགས་བབ་འགན་ལའང་འཕོ་འགྱུར་བྱུང་དང་འབྱུང་བཞིན་པ་མངོན་སུམ་དུ་མཆིས། དེ་ལས་བབ་འགན་མཐོ་དམའ་བར་གསུམ་དང་མང་ཉུང་གི་ཁྱད་པར་རང་རང་སོ་སོའི་འཇོན་ཐང་ལྟར་འཕེལ་གྲིབ་བྱུང་། ལྷག་དོན་ཏུ་བོད་ཀྱི་གྲོང་གསེབ་བམ་རུ་སྡེ་ཡི་བུད་མེད་རྣམས་སྲོལ་རྒྱུན་གྱི་གནས་སྟངས་ལས་བརྒལ་ཏེ་སྔར་ཡོད་བབ་འགན་གྱི་སྟེང་གསར་བ་མང་པོ་བསྣན་དང་སྣོན་བཞིན་པ་དང་། ཁ་པར་དང་འགྲིམ་འགྲུལ་སྟབས་བདེར་གྱུར་བས། སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཁྱབ་ཁོངས་ཇེ་ཆེར་ཕྱིན་པ་དང་ལྷན་དེང་རབས་རང་བཞིན་གྱི་བབ་འགན་གལ་ཆེན་དང་གསར་བ་མང་པོར་བཏུག

        བོད་ཀྱི་གྲོང་གསེབ་བུད་མེད་ཀྱི་བབ་འགན་ཞེས་པའི་གོ་དོན་དང་། བུད་མེད་ཀྱི་བབ་འགན་གཙོ་བོ་ཞིག་སྟེ། ཆུང་མ་རིགས་བདུན་ཏུ་བཀར་ཏེ་རེ་རེའི་བབ་འགན་གླེང་བ་ལས། མི་རབས་རྗེས་མ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ག་ཚོད་ཐེབས་པའི་སྐོར་དབྱེ་ཞིབ་བྱས་ཤིང་། རང་གི་འཇོན་ཐང་ཇེ་ཆེར་བསྐྱེད་ཐབས་ཀྱི་རྩོལ་བ་སྣ་ཚོགས་བྱེད་བཞིན་པ་ལས། དེང་རབས་འཕྲུལ་ཆས་བེད་སྤྱད་དེ་སྤྱི་ཚོགས་འབྲེལ་ལམ་ཇེ་མང་དུ་བཏང་བ་དང་། རང་རང་ནང་མཐུན་རྩ་འཛུགས་ཀྱིས་རྐང་ཐང་དབུས་མཇལ་གྱི་བྱེད་སྒོ་སྤེལ་བས་ལུས་སེམས་ལེགས་བཅོས་བྱུང་བ་དང་། མཐོང་རྒྱ་བསྐྱེད་པ། སྐད་འཕྲིན་ཚོགས་པ་བཙུགས་ཏེ་བོད་སྐད་ཀྱི་སྒང་ནས་བརྡ་འཕྲིན་དང་ལག་ལས་ཉམས་མྱོང་བརྗེ་རེས་སོགས་བརྒྱུད་བུད་མེད་རང་ནས་སྤྱི་ཚོགས་སྤྱོད་སྒོ་ཇེ་ཆེར་ཕྱེས་ཤིང་། བབ་འགན་གསར་བ་སྣ་ཚོགས་ལྕོགས་ཐུབ་བྱེད་ཀྱི་འཇོན་ཐང་ཡར་རྒྱས་འགྲོ་བཞིན་པའི་གནས་ཚུལ་འདི་རྗེས་སུ་ཡི་རིང་གི་གནས་སུ་འཁུམས།

        ཡང་། བོད་ཀྱི་གྲོང་གསེབ་བུད་མེད་ཕལ་ཆེ་བ་ངག་རྒྱུན་སློབ་གསོར་བརྟེན་སྤྱི་ཚོགས་ནང་ཞུགས་པས། བཀག་རྒྱའང་མང་པོ་མཆིས་པ་ལས་གཙོ་བོ་ནི། རྒྱུད་ན་ཡོད་པའི་ཤེས་བྱའི་བཀག་རྒྱ་དང་། སྤྱི་ཚོགས་ལྟ་སྟངས་ཀྱི་བཀག་རྒྱ། ཡི་གེ་མི་ཤེས་པའི་བཀག་རྒྱ། རང་རང་གི་ལྷན་སྐྱེས་བཀག་རྒྱ་བཅས་དུས་ཡུན་ཐུང་ཐུང་ཞིག་གི་ནང་བཅོས་ཐབས་མེད་པས། སྤྱི་ཚོགས་ཡར་རྒྱས་ཀྱི་འཁོར་རྒྱུན་ཆེན་པོའི་ནང་། གྲོང་གསེབ་བུད་མེད་རྣམས་དཀའ་ངལ་ཚད་མེད་འཕྲད་པ་སློབ་གསོའི་སྐྱོན་ལས་བྱུང་ཞིང་། སྐྱོན་དེ་སྤྱི་ཚོགས་སློབ་གསོ་རིག་པའི་ནང་བཞག་ཏེ་བརྟག་ན་རྟོགས་སླ་བ་དང་། དཔལ་འབྱོར་དང་འབྲེལ་བའི་བུད་མེད་ཀྱི་བབ་འགན་ལས། ༡༽ ལག་ལས་དང་ཁྱིམ་དོན་དཔལ་འབྱོར། ༢༽ གཞུང་དོན་དཔལ་འབྱོར། ༣༽ ཚོང་ལས་དཔལ་འབྱོར་བཅས་མང་ནའང་ཉེ་སྐབས་བཞག   དེ་འབྲེལ་གྱི་གནད་དོན་དེ་དག་རྩོམ་གཞན་ཏུ་ཤེས་པར་བྱ།

    སྤྱི་ཚོགས་ཀྱི་བབ་འགན་གལ་ཆེན་དང་གསར་བ་མང་པོ་ལྕོགས་པའི་འཕེལ་འགྲོས་དང་བསྟུན། གྲོང་གསེབ་བུད་མེད་རྣམས་ཀྱི་སྤྱི་ཚོགས་ལྟ་ཚུལ་དང་། ཁྱིམ་ཚང་ཡར་རྒྱས་འགྲོ་ཕྱོགས། རུ་སྡེའི་སྤྱི་དོན་གྲོས་འདེབས་སོགས་ཀྱི་ནང་གོ་གནས་ངེས་ཅན་སྤྲོད་དགོས་པ་དང་། ཡང་ན། ཉིན་ཞིག་མ་སྤྲད་རང་སྤྲད་དུ་འགྱུར་ངེས། གསལ་འདེབས་ཤིག་ལ། བུད་མེད་རྐྱལ་སྟོང་མགོ་སྟོང་ཅན་ལ་ཐོབ་ཐང་དང་མཐོང་སྤྲོད་དགོས་ཞེས་པ་ནི་མ་ཡིན་པར། ལག་ལས་སོགས་སུ་ཡུལ་ཆོས་གཙང་མ་ལག་ལེན་ཚད་ཐུབ་ཏུ་བསྟར་ཤེས་པའི་ཡ་རབས་མིག་དཔེར་རུང་བའི་བུད་མེད་སྤྱོདབཟང་མཛངས་མ་རྣམས་ལ་གོ   གྲོང་གསེབ་འཕོ་འགྱུར་བྱུང་བ་དང་ལྷན་བུད་མེད་ཀྱི་བབ་འགན་ཇེ་མང་དུ་འགྲོ་བཞིན་པ་དང་། དཀའ་ངལ་གསར་བ་མང་པོའང་འབྱུང་མུས་སུ་མཆིས་པས་མུ་མཐུད་དེ་སྤྱི་ཚོགས་རིག་པའི་བརྟག་བྱར་ལྷགས་སོ།། །།

______________________________________

ལུང་ཁུངས་དང་ཟུར་ལྟའི་ཡིག་ཐོ།

ཡུལ་ཆོས་ཞིབ་འཇུག་གི་མྱོང་འཚོར་པདྨ་དཀར་ཆུན་པོ། ལྡོང་ཕྱིང་གུར་བ་རྒྱལ་ལོས་བརྩམས། ༼ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག ༽ ༢༠༡༧ ལོའི་དེབ་གཉིས་པ། ཤོག་ངོས་༨༤་བ་ནས་༡༡༥་པའི་དབར།

གྲོང་གསེབ་དཔྱད་དཔེར་བླངས་པའི་ཞིབ་འཇུག  ལྡོང་ཕྱིང་གུར་བ་རྒྱལ་ལོས་བརྩམས། ༼ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག ༽ ༢༠༢༠ལོའི་དེབ་གསུམ་པ། ཤོག་ངོས་༤བ་ནས་༢༦་པའི་དབར།

 དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ༢༠༠༢ ལོ་པེ་ཅིང་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་བཀྲམ།

དག་ཡིག་གསར་བསྒྲིགས་དག་བཅོས་མ། ༢༠༡༤ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།

དྲན་ངོར་འཆར་འདུག་པའི་གྲོང་གསེབ་ཅིག  ཟུ་རེན་ནེ་ཝ་ཟུ་ ལགས་ཀྱིས་༡༩༧༦ ལོར་བརྩམས། ༡༩༦༢ལོའི་ཁྰར་ལེ་ཧྥོ་ནེ་ཡ་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།

སྤྱི་ཚོགས་ཀྱི་གྲུབ་ལུགས། གེ་ཏན་སི (Giddens) ལགས་ཀྱིས་བརྩམས། ༡༩༨༤ ལོར་ཁྰར་ལེ་ཧྥོ་ནེ་ཡ་སློབ་གྲྭ་ཆེན་མོའི་རིག་གཞུང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།

བོད་སྤྱི་ཚོགས་ཀྱི་སྒྲིག་གཞིའི་འབྱུང་རྒྱུན་ལས། སྤྱི་ཚོགས་དང་། སློབ་གསོ། དད་པ་གསུམ་དབར་གྱི་འབྲེལ་བར་དཔྱད་པ། ལྡོང་ཕྱིང་གུར་བ་རྒྱལ་ལོས་བརྩམས།(དབྱིན་ཡིག)༢༠༡༦ ལོར་ Rowman & Littlefield དཔར་དུ་བསྐྲུན།

གསོན་ཞིང་ལེགས་པའི་ངག་རྒྱུན་ཤེས་རིག་ཅིག་ཏེ། SIKSIKA གྲོང་དུ་ཡོད་པའི་ངག་རྒྱུན་ཤེས་རིག  སྐུ་ཞབས་Friesen དང་Min རྣམ་གཉིས་ཀྱིས་༢༠༠༧ ལོར་གཉུག་གནས་གཞིས་མིའི་གཙུག་ལག་ཚོགས་ཆུང་སྟེང་གླེང་མོལ་བྱས་པའི་རྩོམ། Saskatoon, Saskatchewan, ཁྰ་ན་ཊ། ༢༠༠༧ ལོའི་སྤྱི་ཟླ་ལྔ་བའི་ཚེས་༢༨ ཉིན།

འབྲི་ཀློག་འཇོན་ཐང་དང་ངག་རྒྱུན་ཤེས་རིག་ལས། ཚན་རྩལ་འབྲེལ་འདྲིས་ཀྱི་སྐོར་ལ་དཔྱད་པ། སྐུ་ཞབས་Finnegan ལགས་ཀྱིས་༡༩༨༨ལོར་བརྩམས་ཤིང་། Oxford, England: Blackwell དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཅིང་བཀྲམ།

བོད་ཀྱི་ངག་རྒྱུན་ཤེས་རིག་དང་ངག་གི་རྩལ། སྐུ་ཞབས་Klein ལགས་ཀྱིས་༢༠༠༣ལོར་བརྩམས་ཤིང་། ངག་གི་སྲོལ་རྒྱུན་ཞེས་པའི་རིག་གཞུང་དུས་དེབ། Oral Tradition དེབ་ཕྲེང་༡༨པའི་ཨང་༡ པའི་སྟེང་བཀོད་ཅིང་། ཤོག་ངོས་༩༨ ནས་༡༠༠ དབར་ཟིན།

བུད་མེད་ཀྱི་སྤྱི་ཚོགས་མངའ་ཁོངས་ཞིབ་འཇུག  སྐུ་ཞབས་Auletta,ལགས་ཀྱིས་༢༠༡༡ ལོར་བརྩམས་ཤིང་། The New Yorker་ དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཅིང་བཀྲམ།

བུད་མེད་ཀྱི་བབ་འགན་ལྟ་སྟངས་འཕོ་འགྱུར་འགྲོ་ཕྱོགས། སྐུ་ཞབས་Bryant, A. ལགས་ཀྱིས་༢༠༠༣ ལོར་བརྩམས་ཤིང་། ཕོ་མོའི་བབ་འགན་ཞིབ་འཇུག  ཅེས་པའི་རིག་གཞུང་དུས་དེབ། Sex roles དེབ་ཕྲེང་༤༨པའི་སྟེང་བཀོད་ཅིང་། ཤོག་ངོས་༡༣༡་ནས་༡༤༢་དབར་ཟིན།

འབྲེལ་ལམ་འཕོ་འགྱུར་གྱི་དུས་སྐབས་ཤིག་ཏེ། སྤྱི་ལོ་༡༩༨༤་པ་ནས་༡༩༩༣་པའི་དབར་དབྱིན་ལན་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་དང་། བབ་འགན། བདེ་ཐང་སྐོར་གྱི་དཔྱད་པ། སྐུ་ཞབས་Bartley & Sacker & Firth & Fitzpatrick བཅས་ཀྱིས་༡༩༩༩་ལོར་བརྩམས་ཤིང་། སྤྱི་ཚོགས་ཚན་རིག་དང་སྨན་གཞུང་། Social Science & Medicine ཞེས་པའི་རིག་གཞུང་དུས་དེབ། དེབ་ཕྲེང་༤༨པའི་སྟེང་བཀོད་ཅིང་། ཤོག་ངོས་༩༩་པ་ནས་༡༡༥ པའི་དབར་ཟིན།

བུད་མེད་དང་དབུ་ཁྲིད། ལེགས་བཅོས་ཁ་ཕྱོགས་དང་ལྟ་ཚུལ་སྣ་ཚོགས། སྐུ་ཞབས་ Chin ལགས་ཀྱིས་༢༠༠༧ ལོར་བརྩམས་ཤིང་། Blackwell Publishing དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཅིང་བཀྲམ།

ཕོ་མོའི་བབ་འགན་གྱི་ཁྱད་པར་ཞིབ་འཇུག  སྐུ་ཞབས་Eagly་དང་Steffen་གཉིས་ཀྱིས་༡༩༨༤ལོར་བརྩམས་ཤིང་། མིའི་གཤིས་ཀ་དང་སྤྱི་ཚོགས་སེམས་ཁམས་རིག་པ། ཞེས་པའི་རིག་གཞུང་དུས་དེབ། Journal of Personality and Social Psychology དེབ་ཕྲེང་༤༦་པའི་སྟེང་བཀོད་ཅིང་། ཤོག་ངོས་ ༧༣༥་པ་ནས་༧༥༤་པའི་དབར་ཟིན།

དེང་རབས་བུད་མེད་མིག་དཔེ་ཅན་ཞིབ་འཇུག་གལ་ཆེ་ཚུལ་ལ་དཔྱད་པ། སྐུ་ཞབས་Gilardi ལགས་ཀྱིས་སྤྱི་ལོ་༢༠༡༥་པར་བརྩམས། ཨ་རིའི་ཆབ་སྲིད་ཚན་རིག་ཅེས་  པའི་རིག་གཞུང་དུས་དུས་དེབ། American Journal of Political Science, དེབ་ཕྲེང་༥༩་པའི་ཨང་༤་བའི་སྟེང་བཀོད་ཅིང་། ཤོག་ངོས་༩༥༧་པ་ནས་༩༧༠་པའི་དབར་ཟིན།

ཁྱིམ་སྐྱོང་དང་བྱིས་པ་གཉོར་སྐྱོང་གི་བབ་འགན་ལ་དཔྱད་པ། སྐུ་ཞབས Liss, Erchull, Staebell, དང་Axelson བཅས་ཀྱིས་༢༠༡༠་ལོར་བརྩམས་ཤིང་། སེམས་ཁམས་རིག་པ་དང་བུད་མེད་གླེང་སྟེགས། Psychology of Women Quarterly ཞེས་པའི་རིག་གཞུང་དུས་དེབ། དེབ་ཕྲེང་༣༤་བའི་སྟེང་བཀོད་         ཅིང་། ཤོག་ངོས་༢༤༣་པ་ནས་༢༥༢་པའི་དབར་ཟིན།

བུད་མེད་ཀྱི་བབ་འགན་ལས། དབུ་ཁྲིད་དང་ཆུང་མ། སྐུ་ཞབས་ Lantara ལགས་ཀྱིས་༢༠༡༥་ལོར་བརྩམས་ཤིང་། དོ་དམ། ཞེས་པའི་རིག་གཞུང་དུས་དེབ་ཨང་༥་བའི་སྟེང་བཀོད་ཅིང་། ཤོག་ངོས་༡༢༥་ཟིན།

སྤྱི་ཚོགས་གཅིག་བསྡུ་དང་མིའི་ཚེ་ཚད་དབར་གྱི་འབྲེལ་བ་ཞིབ་འཇུག  སྐུ་ཞབས་Moen & Dempster-McClain & Williams ་སོགས་ཀྱིས་༡༩༨༩་ལོར་བརྩམས་ཤིང་། ཨ་རིའི་སྤྱི་ཚོགས་རིག་པའི་ཞིབ་འཇུག American Sociological Review ཞེས་པའི་རིག་གཞུང་དུས་དེབ། དེབ་ཕྲེང་༥༤་བའི་ཨང་༤་བའི་སྟེང་བཀོད་ཅིང་། ཤོག་ངོས་༦༣༥་བ་ནས་༦༤༧་བའི་དབར་ཟིན།

བུད་མེད་ཀྱི་སྤྱི་ཚོགས་འབྲེལ་དྲ། སྐུ་ཞབས་Steinberg་ལགས་ཀྱིས་༡༩༨༠་ལོར་བརྩམས་ཤིང་།མཚོན་རྟགས། Signs, ཞེས་པའི་རིག་གཞུང་དུས་དེབ། དེབ་ཕྲེང་༥་བའི་ཨང་༣་པའི་སྟེང་བཀོད་ཅིང་། ཤོག་ངོས་S༢༥༧་བ་ནས་S༢༦༠་པའི་དབར་ཟིན།

ཕ་དང་མར་གྱུར་ཏེ་བབ་འགན་གསར་བ་ལེན་ཚུལ་ལ་དཔྱད་པ། སྐུ་ཞབས་Sanchez དང་Thomson གཉིས་ཀྱིས་༡༩༩༧་ལོར་བརྩམས་ཤིང་། ཕོ་མོ་དང་སྤྱི་ཚོགས། Gender and Society ཞེས་པའི་རིག་གཞུང་དུས་དེབ། དེབ་ཕྲེང་༡༡་པའི་སྟེང་བཀོད་ཅིང་། ཤོག་ངོས་༧༤༧་བ་ནས་༧༧༢་བའི་དབར་ཟིན།

 

 

སྔོན་མ།
བལ་པོའི་རྒྱལ་རབས་རིམ་བྱོན།
རྗེས་མ།
བལ་པོའི་རྒྱལ་རབས་ལས་ལི་ཙཱ་བཱིའི་རྒྱལ་རབས་སྐོར།

མཆན།. Leave new

  • དམ་ཆོས་བསམ་འཕེལ།
    ༢༠༢༣-༡༡-༠༩ ༧:༢༥ pm

    བོད་ཀྱི་བུ་མེད་ཀྱི་དངོས་ཡོད་ཀྱི་གནས་སྟངས་ལ་དོན་དང་ལྡན་པའི་དཔྱད་བརྗོད་ལེགས་པོ་ཞིག

    Reply
  • ཆུ་བཟང་རྡོ་རྗེ
    ༢༠༢༣-༡༡-༢༣ ༨:༣༡ pm

    དངོས་གནས་ཕན་ཐོགས་བྱུང་།རྒན་ལགས་བཀའ་དྲིན་ཆེ

    Reply

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up