ཆུ་བོ་ཆེན་པོ་བཞིའམ་ཁ་འབབ་བཞིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ལྟ་བ།

འཆད་མཁན། རྨ་ཀླུང་ལྷ་མོ་སྐྱབས།

དེང་སྐབས་ང་ཚོས་ཁ་འབབ་བཞི་ནི་བོད་རང་གི་ཆུ་བོ་ཆེན་པོ་བཞི་ཡིན་ཞིང་གངས་ཏི་སེའི་ཕྱོགས་བཞི་རུ་འབབ་པར་འདོད། འོན་ཀྱང་། ཁ་འབབ་བཞི་ཞེས་པའི་ཐོག་མའི་བཤད་རྒྱུན་དེ་ཉིད་གང་ནས་བྱུང་བ་དང་དུས་ནམ་ཞིག་ཏུ་བྱུང་བ་སོགས་ལོ་རྒྱུས་ཡིག་ཆ་རྣམས་ཞིབ་མོ་རྣམ་འཐག་གི་ལམ་བརྗོད་པར་བྱ། སྤྱིར་ཆུ་བོ་ཆེན་པོ་བཞིའི་ངོས་འཛིན་དང་། མིང་ཐོགས་ཚུལ་མི་འདྲ་བ་བཅས་ཀྱི་རྒྱབ་ལྗོངས་སོགས་ཀྱི་སྐོར་ལ་བོད་ཡིག་ཏུ་འཁོད་པའི་བན་བོན་གཉིས་ཀྱི་རྒྱུ་ཆ་གྲགས་ཆེ་བ་མང་པོ་གུང་བསྒྲིགས་ཏེ་དཔྱད་ཞིབ་བྱས་ན། དེ་བཞིན་པཱ་ལའི་གཞུང་ལས་སངས་རྒྱས་ཀྱི་མདོ་ཁུངས་སུ་གཏོགས་པའི་ཨགྒ་ཉྙའི་མདོ་ Aggaññasutta ལས་འཇིག་རྟེན་ཆགས་ཚུལ་གྱི་སྐོར་ཅུང་ཟད་འཁོད་ཡོད་ཀྱང་ཁ་འབབ་བཞིའི་སྐོར་མི་གསལ། པཱ་ལའི་ནང་དུ་བཞུགས་པའི་ཡིག་ཆ་གྲགས་ཆེན་གླིང་རབས་མཱ་ཧཱ་བམ་ཤིའི་ནང་དུ་རྒྱ་གར་གྱི་ཆུ་བོ་འགའ་ཞིག་གི་མིང་བཀོད་ཡོད་ཀྱང་ཁ་འབབ་བཞི་དང་འབྲེལ་བའི་སྐོར་མཐོང་མ་བྱུང་། སློབ་དཔོན་སངས་རྒྱས་དབྱངས་ཀྱི་མཛད་པར་ཁས་འཆེ་བའི་གནས་བརྟན་སྡེ་པའི་མངོན་པའི་གཞུང་རྣམ་པར་དག་པའི་ལམ་ དང་གནས་བརྟན་ཆེན་པོ་སློབ་དཔོན་མ་འགགས་པས་མཛད་པར་གྲགས་པའི་ཆོས་མངོན་པ་བསྡུས་པའི་་ནང་དུ་ཁ་འབབ་བཞིའམ་ཆུ་བོ་ཆེན་པོ་བཞིའི་སྐོར་འཁོད་མི་འདུག ཐེག་པ་ཆེན་པོའི་ཡིག་ཆ་མདོ་མྱང་འདས། དང་། འདུལ་བ་གཞི། ཕལ་པོ་ཆེའི་མདོ་ལ་སོགས་ཀྱི་ནང་དུ་འཁོད་པར་མ་ཟད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་བསྟན་བཅོས་འཇིག་རྟེན་གདགས་པ དང་སློབ་དཔོན་དབྱུག་གཉེེན་གྱིས་མཛད་ཅིང་མངོན་པ་འོག་མའི་གཞུང་དུ་གྲགས་པའི་བསྟན་བཅོས་ཆོས་མངོན་པ་མཛོད་དག་ཏུ་འཇིག་རྟེན་ཆགས་ཚུལ་གྱི་རྣམ་གཞག་ལས་འཕྲོས་ཏེ་རི་རབ་དང་མཚོ་མ་དྲོས། དེ་ནས་ཆུ་བོ་ཆེན་པོ་བཞི་ལ་སོགས་བཤད་ཀྱང་གནས་བརྟན་སྡེ་བའི་མངོན་གཞུང་དུ་འཇིག་རྟེན་ཆགས་ཚུལ་གྱི་རྣམ་གཞག་མི་གསལ་པས་ཆུ་བོ་ཆེན་པོའམ་ཁ་འབབ་བཞིའི་མིང་མ་འཁོད་པ་ཡིན་ཆོག་པར་འདོད། དུས་རབས་བཅུ་པ་ཡས་མས་སུ་གཏེར་ནས་བཞེས་པའི་གཡུང་དྲུང་བོན་གྱི་དཔེ་རྙིང་གལ་ཆེན་སྟོན་པ་གཤེན་རབ་མི་བོ་ཆེ་ལ་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་ཡོད་པར་གྲགས་པའི་བསྡུས་པ་མདོ་འདུས་རིན་པོ་ཆེ་བཀའ་ཚད་མ་བྱ་བའི་ནང་དུ་ཁ་འབབ་བཞི་བོད་ཀྱི་ཆུ་བོ་བཞི་ཡིན་པའི་ངོས་འཛིན་ཐོག་མར་བྱུང་བར་སྣང་། དཔེ་རྙིང་འདིའི་ནང་དུ་གངས་ཏི་སེ་དང་མཚོ་མ་ཕམ་ལས་ཁ་འབབ་བཞི་འབབ་ཚུལ་ཐོག་མར་བརྗོད་པ་ལས་ཁ་འབབ་བཞི་བོད་ཀྱི་ཆུ་བོ་ཆེན་པོ་བཞི་ཡིན་པའི་ས་བོན་སྐབས་དེ་ཙམ་ནས་བྱུང་བར་དཔོག་ཐུབ། དེའི་ནང་དུ་ཁ་འབབ་བཞི་བོད་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི་རུ་ངོས་བཟུང་པའི་ཡིག་ཆ་དེ་ཉིད་གཏེར་ནས་བཞེས་པའི་ལོ་ཚིགས་གཞིར་བཞག་ན་གཡུང་དྲུང་བོན་གྱི་རྒྱུ་ཆ་གྲགས་ཆེ་བ་གཞན་རྣམས་ཀྱི་ཁུངས་ལྟ་བུར་སྣང་། རྨ་སྟོན་ཇོ་ལྕམ་གྱིས་མཛད་ཅིང་དུས་རབས་བཅུ་གཉིས་པར་གཏེར་ནས་བཞེས་པའི་གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་བསྒྲགས། དང་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་པ། ལ་སོགས་ཀྱི་ནང་དུ་ཁ་ནས་འབབ་པའི་སེམས་ཅན་ལ་མི་འདྲ་བ་ཕྲན་བུ་རེ་བྱུང་ཡོད་པ་མ་གཏོགས་གཞན་ཁྱད་པར་མེད་ནའང་། དུས་རབས་བཅུ་གསུམ་ཡས་མས་སུ་བརྩམས་པར་གྲགས་པའི་བོན་དཔེ་རྙིང་པ་དབུ་ནག་མིའུ་འདྲ་ཆགས་ནང་དུ་ཁ་འབབ་བཞིའི་ཆུ་བོ་ཆེན་པོ་དག་མི་རིགས་མི་འདྲ་བ་བཞིའི་ཆུ་སྐལ་ཡིན་ཚུལ་ཡང་འཁོད། གངས་ཏི་སེ་དང་མཚོ་མ་ཕམ་གྱི་དཀར་ཆག ནང་དུ་ཁ་འབབ་ཀྱི་ངོས་འཛིན་ལའང་འགྱུར་བ་མང་པོ་ཐེབས་ཡོད། དེ་བས་ཁ་འབབ་བཞི་ཞེས་པ་ནི་སྔོན་ཆད་དུས་སྐབས་ཤིག་ལ་རྒྱ་གར་གྱི་བཤད་སྟངས་གྲགས་ཆེ་བ་ཞིག་ཡིན་ཞིང་། ཕྱིས་སུ་བཤད་སྟངས་འདི་བོད་ཀྱི་མཁས་པ་ཚོས་བླངས་ཏེ་བོད་ཀྱི་ཆུ་བོ་ཆེན་པོ་བཞི་ལ་ཁ་འབབ་བཞི་ཞེས་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་མཆིས་སོ།།

སྔོན་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༡༥༤
རྗེས་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༡༥༥

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up