ནུབ་བྱང་མི་རིགས་སློབ་ཆེན་དང་གྱེས་པ།

ཨ་རྡོར། (བོད)

གསེར་ལྡན་ཆུ་བོ་འབབས་པའི་གཡས་ཟུར་ན།།
ལེང་ཧྲན་ལྷུན་པོ་ཆགས་པའི་དང་ཁུག་ན།།
བདེ་གཤེགས་མཆོད་རྟེན་དཀར་པོའི་གདུང་མདུན་ན།།
ལྷུན་གྱིས་གྲུབ་པ་ནུབ་བྱང་ལྗོན་པའི་ཚལ།།

མ་ཧཱ་པཎ་ཆེན་ཚེ་ཏན་ཞབས་དྲུང་དང་།།
ལ་དོན་སྟོན་མཛད་བསྟན་པ་སྣ་དམར་དང་།།
རྩིས་ཀྱི་ཤིང་རྟ་བསམ་འགྲུབ་རྒྱ་མཚོ་སོགས།།
ནུབ་བྱང་མཁས་རྒུའི་གཙུག་གཏོར་རྒྱལ་གྱུར་ཅིག

སྐད་བརྡ་སྨྲ་བའི་དེད་དཔོན་དཔའ་ཁྭན(华侃)་དང་།།
སྙན་གཞུང་བརྡ་སྤྲོད་བསྒྱུར་མཛད་ཧི་བིན་ཤན(贺文宣)།
བསྟན་བཅོས་བོད་ཀྱི་ཡི་གེར་རྩོམ་མཛད་པའི།།
ཙི་ནའི་རིགས་འཁྲུངས་འཕྲིན་ལས་རྒྱ་མཚོར་(陈琪于)བསྔགས།།

ནང་དོན་གཞུང་དང་གེ་སར་སྒྲུང་གི་སྐོར།།
གླེག་བམ་རྒྱ་ཡི་ཡི་གེར་བསྒྱུར་སྲོལ་ཕྱེས།།
དེ་བཞིན་གེ་སར་རིག་པའི་སྲོལ་ལུགས་བཙུགས།།
བང་ཡིས་ནན་(王沂暖)དང་བང་ཤིན་ཤན་(王兴先)སོགས་མང་།།

སྒྲུང་གཏམ་ལྷུག་པར་བརྗོད་ལ་མི་ཐོགས་པ།།
ངག་རྩོམ་ཟློས་གར་ལོ་རྒྱུས་ཆུ་བཞིན་འབྲི།།
ཞོགས་པའི་ཆུ་ཚོད་བཞི་ནས་སྨྱུ་གུ་འཆང་།།
མཚམས་མེད་རྩོམ་གྱི་མི་བོ་སྐལ་ཚེ་(王义)གཤེགས།།

ཁྱད་པར་དེང་འདིར་འཚོ་ཞིང་བཞུགས་པ་ཡི།།
ནུབ་བྱང་གཙུག་ལག་ལྷུན་པོ་བརྡོལ་བའི་མི།།
དོར་ཞི་སྨྲ་པའི་སེང་ཆེན་ཁྱོད་འགྱིངས་པས།།
མཁས་ཞེས་གཞན་དག་སྨྲ་ལ་སྤོབས་པ་ཞུམ།།

དེ་བཞིན་བགྲང་བྱ་སྨིན་ལ་དཔའ་སྤོབས་ཅན།།
བརྡ་སྤྲོད་ལོ་ཙཱ་སྨྲ་ལ་ཉི་ཟླའི་འགྲོས།།
མཁས་མཆོག་དཔའ་རིས་སངས་རྒྱས་ཁྱོད་བཞུགས་པས།།
ནུབ་བྱང་སྨྱུ་གུ་འཛིན་རྣམས་ཞུམ་མ་དགོས།།

རྩོམ་དཔྱད་ཟླ་བ་ཉི་མ་རྡོར་བདུད་གཉིས།།
རྒྱང་ན་གྲགས་ཤིང་ཉེ་ན་གཤིན་པ་ཡི།།
ཚོགས་ན་ལྷང་ངེ་བ་དག་བཞུགས་པ་འདི།།
ནུབ་བྱང་གཡུ་རལ་གསིགས་པ་དེ་དོན་ཡིན།།

གནའ་བོའི་ཡི་གེ་ད་ལྟའི་འགྲོས་ལ་ཕབ།།
ལོ་ངོ་སྟོང་གི་བདེན་པའི་བཞིན་རས་བཀྲུས།།
བྲག་ལ་བརྐོས་པའི་ཚིག་དག་གསོན་པོར་ཕབ།།
གཉའ་གོང་ཁ་སྒང་མཁས་པའི་ཁྲོད་ན་བརྗིད།།

ཆོས་དང་ཡིག་ཚང་ལོ་རྒྱུས་དཔྱད་ཞིབ་དང་།།
རྣམ་ཐར་ཏུང་ཧོང་སྨྲ་ལ་འགྲན་ཟླ་བྲལ།།
དཔྱད་པའི་རྩོམ་ཡིག་ཕྱོགས་ལས་རྣམ་པར་རྒྱལ།།
མཁས་རྒུའི་གཙུག་ན་ཟླ་བ་ཚེ་རིང་ཞབས།།

འདུལ་འཛིན་ཆེན་པོ་ངུར་སྨྲིག་དྲང་སྲོང་སྟེ།།
བསྟན་བཅོས་འཆད་དང་རྩོམ་པའི་མངའ་དབང་ཅན།།
གཉིས་སྐྱེས་དགའ་བའི་བརྟུལ་ཞུགས་ཨ་ཙརྱ་ཡ།།
ཨེ་མ་དུས་ཀྱི་མཐའ་འདིར་གཉིས་པ་མེད།།

འཆད་པའི་རི་བོ་ཉིལ་པ་ངག་གི་དཔའ།།
རྩོད་པའི་ང་རོ་མཐོ་བ་སྙིང་གི་བྲག།
རྣམ་དཔྱོད་མེ་ལྕེ་འབྲུག་གི་དཔུང་པ་ཅན།།
མཁས་མང་རལ་པའི་རྐང་སྟེགས་བདག་གི་གྲོགས།།

འཛམ་གླིང་བགྲོད་པས་མྱུལ་པས་ཤེས་རྒྱ་ཆེ།།
བརྟུན་ཆེན་བརྩོན་པ་དྲག་པས་རུས་པ་སྲ།།
དམའ་པའི་བརྟུལ་ཞུགས་དཔེ་ཆའི་ཕྱག་མཚན་ཅན།།
ཁྱོད་ཀྱང་ངལ་ཁུར་འཆང་ལ་དགའ་བ་ཉིད།།

ཡིག་རྙིང་ལོ་རྒྱུས་གནའ་བོའི་བཙན་པོའི་རྒྱུས།།
ལག་མཐིལ་རི་མོར་གསལ་མཛད་གཅུགས་པའི་གྲོགས།།
གཞུང་རྩོམ་དཔེ་ཟླ་མེད་པ་བཟང་པོའི་མཚན།།
ངང་རིང་གཞན་ཕན་གྲོགས་ཁྱོད་མཐོང་ན་དགའ།།

གཞན་ཡང་གནའ་བོའི་ཡིག་ཚང་ལོ་རྒྱུས་དང་། །
གཙུག་ལག་རྩིས་དང་མི་ཡི་རྣམ་དཔྱད་དང་།།
སྐད་དང་རྣམ་ཐར་ཆོས་འབྱུང་གྲུབ་མཐའ་སོགས།།
དཔྱད་དང་འཆད་པོ་ནུབ་བྱང་ནཱལནྡཱར།།

བཞུགས་པའི་བདག་གི་བཤེས་དང་གྲོགས་ཀྱི་ཚོགས།།
དབྱངས་ཅན་མགྲིན་པར་རོལ་པ་མང་པོ་ནི།།
རེ་རེ་བགྲང་ལ་ཚངས་པས་མི་གཏུབ་ན།།
བདག་གིས་བརྗོད་པར་ཚར་བ་ག་ལ་འགྱུར།།

གཞོན་པའི་བརྟུལ་ཞུགས་བོན་རིག་སྨྲ་བའི་དབང་།།
གསེར་ལྡན་མཁས་མང་རལ་པའི་ཅོ་པན་སྟེ།།
དཔལ་ལྡན་གཙུག་ལག་ལན་ཀྲུ་སློབ་ཆེན་གྱི།།
གྲོགས་ཀྱི་དྭངས་མ་ཁྱེད་ཀྱང་བཞུགས་པར་མཛོད།།

བགྲང་བྱ་བཅུ་ཕྲག་ཟད་པའི་ལྷམ་ཧྲུལ་འདི།།
ད་ནི་གཡུག་ཀྱང་ཆོག་ལ་གོན་ཡང་ཆོག།
ཆུ་མིག་ལྔ་ལྡན་དྭངས་བསིལ་ཡལ་ནའང་།།
མི་འགྱུར་བདག་ཉིད་ཆེ་དག་སྔར་བས་བརྗིད།།

མུན་འཇོམས་ས་ཡི་ཉི་མ་དོར་ཞིའི་ཞབས།།
བསྟེན་ཁུལ་ལོ་ངོ་ཟད་ནས་བླུན་འདུག་བྱས།།
ཤེས་རབ་མེད་པའི་འདུག་སྲན་ཨུ་ཚུགས་ལ།།
སྨྲ་སེང་སངས་རྒྱས་ཞབས་ཀྱི་བྱིན་རླབས་ཞུགས།།

གཙུག་ལག་སློབ་གྲྭ་བདག་ལ་བཀའ་དྲིན་ཆེ།།
ཡིག་རིགས་སྦྱོང་པའི་སྤྱན་ཀྱང་འདི་ནས་བྱིན།།
བསམ་བློ་དོགས་པའི་སྒོ་ལྕགས་ཧར་གྱིས་ཕྱེས།།
རང་ཉིད་བླུན་འདིས་གཞན་དག་ཇི་ལྟར་བཀྲི།།

ནམ་མཁའ་མཚམས་རེར་སྔོ་ལ་མཚམས་རེར་སྐྱ།།
འབྱུང་བ་མཚམས་རེར་སྙོམས་ལ་མཚམས་རེར་འཁྲུགས།།
དུས་ཀྱི་གྱི་ལིང་རྒོད་པོའི་གཤོག་པ་འདིར།།
དམ་དུ་འཇུས་ན་གནམ་གྱི་སྐས་ཤིག་ཡིན།།

ནུབ་ཕྱོགས་བྱང་ཐང་གཅོད་པའི་རྐྱང་རྒོད་འདི།།
ཐུར་མེད་མཁའ་ལ་འཕྱོ་བ་སེང་ཆེན་བཞིན།།
འགྱོགས་དང་མི་འགྱོགས་དེང་འདིར་བཤད་དཀའ་མོད།།
ལོ་རྒྱུས་ཆུ་མོའི་འགྲོས་ཀྱི་གཟིངས་ཆེན་ཉིད།།

ཆོས་འཕགས་བཞུགས་གནས་དཔལ་ལྡན་ལུང་གཞུང་ན།།
རྐང་གཉིས་འདུ་ཚོགས་འཁྲིགས་པ་སྨུག་པའི་ནགས།།
བདག་ཀྱང་མངོན་ཆུང་བྱིས་པའི་གོམས་བགྲོས་ཀྱིས།།
ཉམས་རྟོག་ཧལ་ཀ་ལེན་པའང་ཅང་མ་ཐོས།།

དེ་ལྟར་རང་གི་མྱོང་རྟོག་ཡིག་ཆུང་གཟུགས།།
གཙུག་ལག་སློབ་གྲྭའི་བུ་ཚོགས་མུ་ཏིག་རྒྱུན།།
བཀྲི་འདོད་འཆར་སྨོན་བཀྲ་ཤིས་ཁ་དར་འདི།།
ཡུན་ནས་མཁའ་ལ་འཕྱོ་ཕྱིར་བདེན་པར་བརྡར།།

ཞེས་པ་འདི་ནི་གྱི་ན་བ་རྡོ་རྗེ་རིན་ཆེན་ནམ་ཨ་རྡོར་དུ་འབོད་པས་ནུབ་བྱང་གཙུག་ལག་སློབ་གྲྭ་ཆེན་མོ་ནས་དགེ་རྒན་གྱི་གྲལ་མཐར་བགྲང་བྱ་མང་པོར་འབྲངས་ནས་མཐར་གཙུག་ལག་སློབ་གྲྭ་དེ་དང་གྱེས་དགོས་བྱུང་པའི་སེམས་ཁམས་དང་བསྟུན་ནས་ནུབ་བྱང་གི་དགེ་རྒན་དམ་པ་རྣམས་ཀྱི་དྲིན་དྲན་པའི་ཚུལ་དུ་ཡི་གེར་བཏབས་པ་ནི་སློབ་ཆེན་འདི་ཀའི་མ་ཧཱ་པཎ་ཆེན་ཚེ་ཏན་ཞབས་དྲུང་སོགས་ཀྱི་སྙན་ཚིག་གི་རྗེས་ཟློས་བགྱིས་པ་འདིས་ཀྱང་གཙུག་ལག་སློབ་ཆེན་ཡུན་དུ་གནས་གྱུར་ཅིག་གུ།།

སྔོན་མ།
ཡིད་ཀྱི་གཙང་བོ་འཕྱོ་ཞིང་ལྡེམ་པའི་རླབས།
རྗེས་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། ཚན་པ་ཉུ་ཤུ་རྩ་དྲུག་པ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up