བོད་ཀྱི་ཏུན་ཧོང་ཞིབ་འཇུག་དེ་བྲག་ཕུག་དང་ལྡེབས་རིས་ཀྱི་སྟེང་དུ་འབབ་རན།

འཆད་མཁན། གཅན་བཟོད་རྒྱམ།
བཞུགས་གནས། འཕགས་ཡུལ་བྷ་ཎ་ར་སི་ཧུན་དུ་གཙིག་ལག་སློབ་ཆེན།
ཆེན་ལས། ཕྱི་ནང་གི་ལྟ་གྲུབ་ཐད་ཀྱི་འབུམ་རམས་ཉམས་ཞིབ་པ།

གོང་བཀོད་ཁ་བྱང་དང་འབྲེལ་བའི་གཏམ་བཤད་འདི་ནི་༼བླ་མཁར་༽ཞེས་པའི་དྲ་ཚོམས་སུ་བཤད་པ་དང་། ཁ་བྱང་འདི་འདྲ་ཞིག་བདམས་དགོས་དོན་ནི། ཏུན་ཧོང་ཞེས་པའི་གནའ་བོའི་བོད་བཙན་པོ་རིམ་བྱོན་དང་ཐང་རྒྱལ་རབས་སྐབས་ཤར་ནུབ་ཀྱི་ཚོང་ལམ་གལ་ཆེན་དང་། ཆོས་དང་རིག་གཞུང་བརྗེ་ལེན་བྱེད་སའི་ས་གནས་གལ་ཆེན་ཞིག་ཡིན་པ་མ་ཟད། དམག་དོན་ཐོག་ནས་ཀྱང་འཕྲོག་རྩོད་ཆེ་བའི་ས་གནས་གལ་ཆེན་དུ་གྱུར་ཅིང་། བོད་ཐང་བཙན་རྒྱལ་རྒྱལ་ཁབ་གཉིས་ཀྱིས་མངའ་དབང་སྒྱུར་རེས་ཀྱིས་མི་ལོ་བརྒྱ་ཕྲག་མང་པོར་གནས། དབང་སྒྱུར་སྐབས་དེ་དག་ཏུ་གནས་དེར་བྲག་ཕུག་མང་པོ་དྲུས་ཏེ་ནང་དུ་ནང་བསྟན་གཙོས་དམག་དོན་དང་རིག་གནས་སོགས་ཀྱི་ནང་དོན་མཚོན་པའི་ལྡེབས་རིས་དང་སྐུ་བརྙན་གྲངས་མང་བཞེངས། དེའི་ཁྲོད་དུ་རང་རེའི་བོད་བཙན་པོ་རིམ་བྱོན་གྱིས་མངའ་དབང་སྒྱུར་སྐབས་ཀྱང་བྲག་ཕུག་གསར་དྲུས་དང་ལྡེབས་རིས་མང་པོ་གསར་བཞེངས་བྱས་ཡོད་མོད། ལོ་ངོ་སྟོང་ཕྲག་རིམ་འདས་ཁྲོད་མང་ཆེ་བ་སུབ་སྐྱོན་དང་ཉམས་ཆག་ཚབས་ཆེའི་འོག་ངོས་འཛིན་དཀའ་བར་གྱུར། དུས་རབས་ཉི་ཤུའི་འགོར་སི་ཐན་དབྱིན་སོགས་ནུབ་གླིང་མྱུལ་ཞིབ་པ་དག་བསྟུད་མར་འབྱོར་ཏེ། ཕུག་པའི་ནང་གནས་ཡིག་རིགས་སྣ་ཚོགས་ཁྲི་ཕྲག་མང་པོ་དང་། ལྡེབས་རིས་དང་སྐུ་བརྙན་མང་པོ་དྲས་གཏུབ་ཀྱིས་རང་སོ་སོའི་རྒྱལ་ཁབ་ཏུ་ཁྱེར་ཏེ། དེང་སྐབས་ཁོང་ཅག་གི་རྒྱལ་ཁབ་རིམ་པའི་འགྲེམ་སྟོན་ཁང་ཁག་ཏུ་བཤམས་ཡོད། ལོ་རྒྱུས་དང་གསོ་རིག ནང་བསྟན་དང་དམག་དོན་ཁྲིམས་ཡིག་སོགས་ཡིག་ཆ་མང་པོ་ཞིག་བསྐྱར་དཔར་གྱིས་པར་སྐྲུན་བྱས་ཡོད་ཅིང་། རང་རེའི་བོད་ཀྱིས་ཀྱང་ཏུན་ཧོང་ནས་ཐོན་པའི་བོད་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆ་དང་ནང་བསྟན་གསོ་རིག་ཁྲིམས་ཡིག་སོགས་ནང་དོན་སྣ་མང་པར་སྐྲུན་དང་ཞིབ་འཇུག་མི་ཉུང་བ་གནང་སྟེ་གྲུབ་འབྲས་ཆེན་པོ་བླངས་ཡོད། ཡིན་ནའང་ཏུན་ཧོང་གི་བྲག་ཕུག་མང་པོའི་ནང་གནས་བོད་འབྲེལ་ལྡེབས་རིས་དང་དེ་དག་བསུབ་སྐྱོན་དང་ཉམས་ཆག བཅོས་བསྒྱུར་སོགས་ཐད་ནས་ནུབ་གླིང་ཞིབ་འཇུག་པ་ཚོས་དབྱེ་ཞིབ་གནང་བ་འགའ་རེ་ལས། བོད་པ་རང་གིས་འདིའི་ཐད་ནས་ཐུགས་སྣང་དང་ཞིབ་འཇུག་གི་གྲུབ་དོན་ཧ་ཅང་ཉུང་བར་བརྟེན། རང་རིགས་གཞོན་སྐྱེས་ཐུགས་སྣང་ཅན་ཚོས་ཏུན་ཧོང་ཞིབ་འཇུག་གི་ཁ་གཏད་ཕྱོགས་ཀྱི་སྐོར་ལ་བསམ་ཚུལ་འདི་འདྲ་ཞིག་ཞུས་པ་དང་། ད་དུང་ཡང་མུ་མཐུད་ནས་ཏུན་ཧོང་བྲག་ཕུག་ཁག་དང་དེ་དག་གི་ནང་གནས་ལྡེབས་རིས་དང་སྐུ་བརྙན་དག་ལ་དབྱེ་ཞིབ་ཀྱིས་བོད་བཙན་པོའི་རྒྱལ་རབས་རིམ་བྱོན་དང་འབྲེལ་བ་གང་ཡོད་འཚོལ་ཞིབ་གསལ་ཁ་འདོན་རྒྱུ་དང་། བོད་ཀྱི་ལོ་རྒྱུས་སྤྱི་དང་ལྷག་དོན་ཏུན་ཧོང་གི་སྐོར་ལ་ཤེས་རྟོགས་དང་ཐུགས་འདོད་ཅན་ཚོས་བོད་དང་འབྲེལ་ཡོད་བྲག་ཕུག་དང་དེའི་ནང་འཁོད་ལྡེབས་རིས་སོགས་ལ་ཞིབ་འཇུག་བྱ་རྒྱུའི་སྟོང་ཆ་ཞིག་ལྷག་བསྡད་པ་འདི་ལ་ངེས་པར་དུ་ཐུགས་སྣང་དང་ཡིད་གཟབ་གནང་གལ་ཆེ་སྙམ།

རྗེས་མ།
པུ་རངས་ཀྱི་མངའ་བདག་འོད་ལྡེ་ཡི་དྲག་པོའི་སྟོབས་ཤུགས་དང་ལ་དྭགས་བུ་རིགས་ནས་རྙེད་པའི་རྡོ་བརྐོས་ཡི་གེ་དབར་གྱི་འབྲེལ་བ་ལས་ཅུང་ཟད་འཕྲོས་པ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up