༄༅། །དེ་རིང་། རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས། རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་གཏོང་བཞིན་པ་དེའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ཅེས་དང་། ང་ཚོ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་དགོས་པའི་ཞལ་ཆེམས་བཞག་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་པའི་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད།
དེར་བརྟེན། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་བྱས་ཏེ། དཔའ་བོ་དམ་པ་དེ་ཉིད་དང་། བོད་ཀྱི་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད། རྒྱ་དམར་གཞུང་གི་བོད་ལ་འཛིན་པའི་གདུག་རྩུབ་ཀྱི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་ངོ་རྒོལ་མཚོན་ཆེད། མཆོད་འབུལ་སྨོན་ལམ་དང་། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་གྱི་ཡོད།
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་མ་ཐག་ཏུ། བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ལྷན་ཛ་དྲག་དྲ་ཐོག་ཚོགས་འདུ་སྡུད་སྐོང་བྱས་ཏེ། གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་ཁུངས་གཏོང་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚུགས་དགོས་པའི་བཀོད་མངགས་བྱས་པ་དང་ཆབས་ཅིག་ཏུ། དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ལ་དྭགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམ་པ་དེའི་འདྲ་པར་དང་བཅས་རྗེས་འཛིན་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུས་པའི་སྐོར་ཡིག་ཚང་གི་བཀའ་ལན་འབྲེལ་ཡོད་ནང་མིར་བརྡ་སྤྲོད་བྱས་ཡོད་ཅིང་། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་ཉིན་དེའི་མཚན་དཀྱིལ་དུ་བཀའ་ཤག་གི་སྐུ་ཚབ་ཀྱི་ངོ་བོར་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞི་ཚོགས་ཁང་དུ་ཆེད་ཕེབས་ཀྱིས་གདུང་སེམས་མཉམ་བསྐྱེད་གནང་ཡོད།
ཕྱི་ཟླ་ ༧ ཚེས་ ༣ ཉིན་སྲིད་སྐྱོང་གི་མིང་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་དུའང་། “བློ་དགའ་རང་བཙན་དམ་པ་དེ་ཉིད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གི་ཐག་གཅོད་འདི་བྱེད་དགོས་པའི་རྐྱེན་རྩ་ནི། བོད་ནང་དུ་འབྱུང་བཞིན་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་ལག་བསྟར་འགོ་འཛུགས་བྱས་པའི་གདུག་རྩུབ་ཅན་གྱི་”མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་རིགས་རེད་”ཅེས་འཁོད་ཡོད་པ་དང་། ཉིན་དེར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཡང་ཚུགས་ཡོད།
རྒྱ་དམར་གཞུང་གིས་གཞིས་ལུས་བོད་མི་ཚོར་མི་རིགས་རྩ་གཏོར་གྱི་སྲིད་བྱུས་རྒྱུན་མཐུད་སྤེལ་བཞིན་པར་རྒྱལ་སྤྱིའི་དོ་སྣང་འདྲེན་ཆེད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་ཤེས་རྟོགས་བྱུང་བའི་བོད་མི་ ༡༥༧ ནས་རང་ལུས་མེར་སྲེག་བཏང་སྟེ། འདས་གྲོངས་གྱུར་པ་མི་གྲངས་ ༡༣༦ དང་། སྐུ་འཚོ་བཞུགས་ཡོད་པ་ ༩། གནས་སྟངས་གསལ་པོ་མེད་པ་ ༡༢ བྱུང་ཡོད། བཙན་བྱོལ་ནང་བློ་དགའ་རང་བཙན་དམ་པ་དེ་ཉིད་ཚུད་པའི་བོད་མི་ ༡༡ ནས་རང་ལུས་མེར་སྲེག་བཏང་སྟེ། འདས་གྲོངས་སུ་ཕྱིན་པ་མི་གྲངས་ ༩ དང་། སྐུ་འཚོ་བཞུགས་ཡོད་པ་ ༢ བྱུང་ཡོད།
བོད་ཕྱི་ནང་གཉིས་ཀར་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དཔའ་རྒོད་སུ་ཞིག་གིས་ཀྱང་། བོད་དང་བོད་མིའི་བདེ་སྡུག་ལ་རྒྱ་དམར་གཞུང་དང་རྒྱལ་སྤྱིའི་དོ་སྣང་འདྲེན་པའི་ཀུན་སློང་བཅངས་ཏེ་སོ་སོའི་མི་ལུས་རིན་པོ་ཆེ་མེར་སྲེག་བཏང་བ་མ་གཏོགས། གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་བཏང་རིགས་གཏན་ནས་བྱུང་མེད་པས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ཉིན་དམིགས་བསལ་ཚོགས་ཆེན་ཐོག རང་ལུས་མེར་སྲེག་གི་ལས་འགུལ་ནི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་སུ་ངོས་འཛིན་བྱས་ཡོད་ལ། “བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ།” ཞེས་གྲོས་ཆོད་བཞག་པ་ལྟར། བོད་མི་ཚོས་མི་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ལ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་སྙིང་ལ་བཅངས་ཏེ་འབད་བརྩོན་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱི་སྐུ་སྲོག་ཤོར་རྗེས། འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་། བོད་ཀྱི་གྲོགས་པོ་ཚོས་དམ་པ་དེ་ཉིད་ལ་རྗེས་དྲན་དང་། རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་པ་དང། དེ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་རྣམ་པ་ཐོན་དང་ཐོན་བཞིན་པར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་གནས་ཚུལ་རྒྱ་ཁྱབ་ཏུ་འགོད་སྤེལ་གནང་དང་གནང་བཞིན་པ་བཅས་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་། ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་འདི་རིགས་དུས་དང་རྣམ་པ་ཀུན་ཏུ་གཞིས་བྱེས་བོད་མི་ཐུན་མོང་ནས་སྤྱང་གྲུང་དོད་པོ་དང་། རྣམ་དཔྱོད་རྩལ་སྤྲུགས། གདུང་ཤུགས་ཆིག་སྒྲིལ་གྱི་སྒོ་ནས་གདོང་ལེན་མཐར་སྐྱེལ་བྱེད་དགོས་པ་ཡིན།
ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱས་པའི་རྒྱ་དམར་གཞུང་གི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ངན་བྱུས་ནི།
བོད་ཀྱི་སྐད་ཡིག་བེད་མེད་གཏོང་བ།
- རྒྱ་དམར་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་སྡོད་སློབ་གྲྭར་བཙན་འཇུག་གིས། རྒྱ་སྐད་དང་རྒྱ་རིགས་ཀྱི་འདུ་ཤེས་སློབ་སྤེལ་དང་། རྒྱ་ནག་དམར་ཤོག་ཚོགས་པར་བློ་དཀར་སེམས་དཀར་དགོས་པའི་བཙན་ཤེད་བྱས་ཏེ། སོ་སོའི་རིག་གཞུང་ཁྲོད་འཚར་ལོངས་དང་སོ་སོའི་སྐད་ཡིག་སློབ་གཉེར་གྱི་ཐོབ་ཐང་འཕྲོག་ཡོད་ལ། ཐ་ན་དབྱར་དགུན་གུང་གསེང་སྐབས་རང་ངོས་ནས་བོད་ཀྱི་སྐད་ཡིག་སློབ་གཉེར་བྱ་རྒྱུར་ཡང་བཀག་འགོག་བྱེད་བཞིན་པའི་ཐོག ཁྲིམས་ཡིག་དེས་སློབ་གྲྭ་ཁག་ཏུ་སྔོན་འགྲོ་ནས་བཟུང་སློབ་ཁྲིད་སྐད་ཡིག་རྒྱའི་སྐད་ཡིག་ཏུ་གཏན་འབེབས་དང་། གཞུང་གི་ལས་ཁུངས་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་དང་གོ་སྐབས་མེད་པ་བཟོས་ཏེ། བོད་ཀྱི་སྐད་ཡིག་གི་བཀོལ་རྒྱ་བཀག་སྡོམ་བྱས་ཡོད།
ལོ་རྒྱུས་དང་མི་རིགས་ཀྱི་ངོ་རྟགས་རྫུན་བཟོ།
- རྒྱ་དམར་གཞུང་ནས་མི་རིགས་སོ་སོར་ “ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་” དྲིལ་བསྒྲགས་སློབ་གསོ་དང་། ཞིབ་འཇུག འགྲེལ་བརྗོད་ཀྱི་ལས་འགུལ་ཅི་རིགས་བརྩམ་རྒྱུ་དང་། “མི་རིགས་མཐུན་སྒྲིལ་” ཟེར་བའི་མིང་བྱང་འོག བོད་མིའི་སྒེར་གྱི་འཚོ་བ་སྐྱེལ་སྟངས་དང་། འདུ་འཛོམས། བསམ་ཚུལ་བརྗོད་པ་སོགས་ལ་སྟངས་འཛིན་དང་ལྟ་རྟོག་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་པ་དེས། བོད་མི་ཚོའི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་ཕྲན་བུ་ལའང་ཉེས་ཆད་འགེལ་རྒྱུའི་ཁྲིམས་ཡིག་གི་ཁ་གཡར་ས་བཟོས་འདུག
སྤྱི་ཚོགས་གཞི་རིམ་བར་དུ་རིག་གཞུང་བཙན་བསྒྱུར།
- “བག་བསུ་གཤིན་འཇུག་སོགས་ཀྱི་བྱེད་སྒོ་” རྣམས་ “ལུགས་བསྒྱུར་སྲོལ་བརྗེ་” དགོས་པ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་” དེ་ “གཞི་རིམ་གྲོང་གསེབ་ཀྱི་སྒྲིག་ལམ་རྣམ་གཞག་ཁོངས་འབྲི་འགོད་བྱེད་དགོས་” པ་བཟོས་འདུག་པས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་རྣམས་རྒྱ་ནག་གི་རིག་གཞུང་ནང་མཉམ་བསྲེས་སམ་འདྲེས་བསྒྱུར་བྱ་རྒྱུ་ཡིན་འདུག
བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར།
- རྒྱ་དམར་གཞུང་གིས་ལོ་མང་གོང་ནས་བོད་ཀྱི་དགོན་སྡེ་ཁག་གི་མཁར་དབང་དང་། འཛིན་སྐྱོང་། སློབ་གཉེར་བཅས་པར་ཁྱོན་ཡོངས་ནས་སྟངས་འཛིན་དང་། བླ་མའི་ཡང་སྤྲུལ་ངོས་འཛིན་ཆབ་སྲིད་ཅན་དུ་བསྒྱུར་དང་སྒྱུར་བཞིན་པ་མ་ཟད། ཁྲིམས་ཡིག་དེས་ཆོས་བྱེད་བསྟི་གནས་ཁག་གིས་ “ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་” བྱེད་དགོས་ལུགས་བསྒྲགས་འདུག་པས། བོད་བརྒྱུད་ནང་བསྟན་འདི་ལོ་ངོ་སྟོང་ཕྲག་ལྷག་རྒྱུན་ཆགས་པའི་ཆོས་ཕྱོགས་ཀྱི་ངོ་བོ་གཤའ་མ་བརླགས་ནས། དམར་པོའི་ལྟ་གྲུབ་དང་རྒྱ་དམར་གཞུང་གི་ཆབ་སྲིད་ལ་མཐུན་འགྱུར་བྱེད་པའི་ཡོ་བྱད་ཅིག་ཏུ་བསྒྱུར་རྒྱུ་རེད་འདུག
མི་རིགས་བསྲེས་བསྒྱུར་བྱེད་སྟངས།
- “ཕན་ཚུན་འདྲེས་སྦྱོར་ཚུལ་གྱི་སྤྱི་ཚོགས་ཁོར་ཡུག་འཛུགས་བསྐྲུན་ལ་སྐུལ་འདེད་” དང། ”སྡོད་ཁང་འཛུགས་སྐྲུན་དང་། མི་འབོར་དོ་དམ་སོགས་ཀྱི་ཐད་ནས་ཞིབ་ཕྲའི་བྱེད་ཐབས་ལག་བསྟར།” དགོས་ཁར། “ས་ཁུལ་བརྒལ་ནས་མི་འབོར་སྤོ་བཤུག་ལ་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ཐོག་ཤུགས་སྣོན་” དང་། “ས་ཁུལ་བརྒལ་ནས་ལས་ཞུགས་དང་ལས་གཞི་གསར་གཏོད་བྱེད་མཁན་ལ་མཐུན་འགྱུར།” “མི་རིགས་ས་ཁུལ་དང་ས་ཁུལ་གཞན་གྱི་མཐོ་སློབ་དབར་ས་ཁུལ་བརྒལ་བའི་སློབ་མ་གསར་བསྡུ་ལ་རྒྱབ་སྐྱོར།” “ལས་བྱེད་པ་མི་རིགས་ས་ཁུལ་གྱི་གཞི་རིམ་དུ་བསྐྱོད་པར་སྐུལ་སློང་” “གཞོན་སྐྱེས་རྣམས་ས་ཁོངས་བརྒལ་བའི་སྤེལ་རེས་” སོགས་འཛིན་སྐྱོང་གི་བྱེད་ཐབས་བརྒྱུད་མི་རིགས་འདྲེས་མ་གཉེན་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། བོད་རིགས་རྣམས་རང་གི་ལུང་པའི་ནང་གྲངས་ཉུང་དུ་བསྒྱུར་རྒྱུ་ཡིན་པ།
འཕྲུལ་རིག་གི་ལྟ་སྲུང་།
- མི་རིགས་ཀྱི་ལས་དོན་རྣམས་ “སྤྱི་ཚོགས་བཅོས་སྐྱོང་གི་འཕྲུལ་འཁོར་མ་ལག་” ཧྲིལ་པོའི་ནང་བཅུག་སྟེ། མིས་བཟོས་རིག་ནུས་ཀྱི་ལྟ་སྲུང་དང་། གློག་རྡུལ་ངོ་རྟགས་རྩད་གཅོད། ངོ་རིས་ངོས་འཛིན། གོ་ལའི་གནས་སྟོན་མ་ལག རིགས་རྫས་དབྱེ་ཞིབ། མིག་གི་འཇའ་སྐྱི་བཤེར་འབེབས། དྲ་མིག་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སོགས་” “ཚན་རིག་ལག་རྩལ་གྱིས་འདེགས་སྐྱོར་” བརྒྱུད་ལྟ་བཤེར་བྱས་ཏེ། མི་རེ་ངོ་རེའི་འགྲོ་འདུག་ཉལ་འཆག་ལ་སྟངས་འཛིན་དོ་དམ་བྱ་རྒྱུ་ཡིན་འདུག།
ཆབ་སྲིད་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནོན་ཤུགས།
- དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་འཆར་ཡོངས་རྫོགས་ “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་” དང་། “རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། ཁ་བྲལ་ལ་ངོ་རྒོལ་” བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བཞག་པ་དེས། དཔལ་འབྱོར་གྱི་བསླུ་བྲིད་དང་ཆབ་སྲིད་ཀྱི་འཇིགས་སྐུལ་ཟུང་འབྲེལ་བྱས་ཏེ། བོད་མི་རྣམས་རྒྱ་རིགས་ཀྱི་སྤྱི་ཚོགས་ཆེན་པོའི་ནང་བཙན་བསྲེས་བྱ་རྒྱུ་ཡིན་པ་གསལ།
བོད་རིགས་ལས་བྱེད་པར་ཆབ་སྲིད་ཞིབ་བཤེར།
- ལས་བྱེད་པ་དང་། ཚོགས་སྒེར་སུ་རུང་ནས་ཁྲིམས་ཡིག་འདི་ལག་བསྟར་ནན་པོ་མ་བྱས་པའམ། འགལ་འཛོལ་བྱུང་ཚེ། འགན་འཁྲི་བརྩད་གཅོད་དང་། ནག་ཉེས་ཀྱི་ཁྲིམས་ཆད་འགེལ་རྒྱུ། ལས་བྱེད་གསོ་སྐྱོང་དང་། འདེམས་བསྐོ། བཀོལ་སྤྱོད། དོ་དམ་གྱི་བྱ་རིམ་ཡོངས་རྫོགས་ཆབ་སྲིད་ཞིབ་བཤེར་བརྒྱུད་དགོས་པས། བོད་རིགས་ལས་བྱེད་པ་ཚོ་ “ནག་ཉེས་ཀྱི་དམིགས་འབེན་” དུ་བཞག་སྟེ། མི་རིགས་མཐུན་སྒྲིལ་ལ་གནོད་གཞིའི་ལས་ཀ་བྱས་པ་ཙམ་མ་ཡིན་པར། “ལག་བསྟར་ནན་པོ་མ་བྱས་པ་” ཙམ་ཡང་ནག་ཉེས་སུ་བརྩི་རྒྱུའི་ཁྲིམས་ཡིག་གི་ཆ་རྐྱེན་བསྐྲུན་ཏེ། བོད་རིགས་ལས་བྱེད་རྣམས་ཉིན་མཚན་ཁོར་མོ་ཡུག་ཏུ་ཁྲིམས་དེའི་འཇིགས་སྣང་འོག་གནས་དགོས་པ་བཟོས་འདུག
རང་སྐྱོང་གི་ཐོབ་ཐང་བརྩི་མེད།
- “དམར་ཤོག་ཚོགས་པས་གཅིག་གྱུར་གྱི་འགོ་ཁྲིད་དང། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྡེ་ཚན་ནས་མཐུན་སྦྱོར་ལ་སྣེ་ཁྲིད། མི་རིགས་ལས་དོན་སྡེ་ཚན་ཁག་ནས་འགན་ཁུར་རྐང་ལེན། སྡེ་ཚན་སོ་སོ་ཤུགས་སྒྲིལ་མཉམ་ལས། སྤྱི་ཚོགས་ཧྲིལ་པོ་ཐུན་མོང་མཉམ་ཞུགས། མི་རིགས་ལས་དོན་གྱི་གནས་བབ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་” ཡིན་ལུགས་བསྒྲགས་འདུག་པས། རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱིས་འགན་ལེན་བྱས་པའི་མི་རིགས་རང་སྐྱོང་ས་གནས་ཁག་གི་སྲོལ་ཡིག་དང་། ས་གནས་རང་སྐྱོང་སྒྲིག་འཛུགས་ཁག་གི་མིང་ཙམ་གྱི་རང་སྐྱོང་ཐོབ་ཐང་རྣམས་ཀྱང་རྩིས་མེད་རྡོག་རོལ་དུ་གཏོང་རྒྱུ་རེད་འདུག
མདོར་ན། ཁྲིམས་ཡིག་དེའི་དམིགས་འབེན་རྣམས་དུས་ཡུན་ངེས་ཅན་ནང་མཇུག་འབྲས་ཇི་ལྟར་ཐོན་མིན་ནི། གཞིས་བྱེས་བོད་མི་ཚོས་ངན་བྱུས་དེ་ལམ་དུ་མི་འགྲོ་བའི་ཁ་གཏད་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ང་ཚོར་བདེན་པའི་དཔུང་རོགས་ཅི་ཙམ་བྱེད་ཐུབ་མིན་ལ་རག་ལས་ཡོད།
རང་དབང་ལུང་པར་གནས་འཁོད་བཙན་བྱོལ་བོད་མི་ཚོས་འཚེ་བ་མེད་པ་དང་། ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པའི་སྒོ་ནས་ལས་འགུལ་སྣ་ཚོགས་སྤེལ་དགོས་ཐོག གཞིས་བྱེས་བོད་མི་ཚོས། སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ། རྒྱ་དམར་གཞུང་གི་ངན་གཡོའི་སྲིད་བྱུས་དང་མ་རུང་བའི་བསམ་སྦྱོར་གྱི་ཤུགས་རྐྱེན་ངན་པ་འགོག་རྒོལ་ཡོང་ཐབས་སུ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་གཅེས་སྲུང་གི་ཐབས་ཚུལ་ལ་སྔར་ལྷག་འབད་བརྩོན་བྱེད་དགོས།
རྒྱལ་སྤྱིའི་རང་དབང་ལུང་པའི་སྲིད་གཞུང་དང་གྲོས་ཚོགས་ཁག་ནས། རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་གོ་ལ་ཧྲིལ་པོའི་འགྲིག་ལམ་རྩིས་མེད་རྡོག་རོལ་བཏང་སྟེ། མི་རིགས་རྩ་གཏོར་གཏོང་བཞིན་པའི་སྲིད་བྱུས་ལ་འགོག་རྒོལ་དང་། བོད་རྒྱའི་རྩོད་རྙོག་གི་ངོ་བོ་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པར། ཐག་ཆོད་མེད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནད་དོན་ཞིག་ཡིན་པར་ངོས་འཛིན་གྱིས། སྔོན་འགྲོའི་ཆ་རྐྱེན་མེད་པར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་བར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། བློ་འདོན་ལྟེ་གནས་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་དྲང་བདེན་གྱི་སྒོ་ནས་དངོས་དོན་དཔྱད་ཞིབ་དང་། གནས་ཚུལ་འགོད་སྤེལ་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།
རྒྱ་དམར་གཞུང་གི་དབང་འཛིན་པ་དེ་ཚོས་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་འཕེལ་འགྲོས་ལ་རྒྱབ་ཀྱིས་ཕྱོགས་ཏེ། སོ་སོའི་སྲིད་དབང་རྒྱུན་སྲིང་ཁོ་ནར་འཐམ་འཁྱུད་ཀྱིས། རྒྱ་རིགས་མ་ཡིན་པའི་མི་རིགས་རྣམས་ཀྱི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུ་དང་། རྒྱལ་གཅེས་ལྷག་བསམ་ཅན་ཁོང་རྣམ་པའི་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བྱེད་ཕོད་པའི་སྙིང་སྟོབས་སེམས་ཁོང་དུ་བཅུག་སྟེ། ཁོང་རྣམ་པའི་བྱས་པ་ཆུད་མི་འཛའ་བའི་ཆེད་དུ་ཁུར་འཁྲིའི་ལས་དོན་ཐོག་མུ་མཐུད་འབད་བརྩོན་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད།
མཇུག་ཏུ། བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས་མཚོན་པའི་བོད་སྤྱི་དོན་ཆེད་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ལ། ཁོང་རྣམ་པ་འཕགས་མཆོག་ཕྱག་ན་པད་མོས་རྗེས་སུ་འཛིན་བཞིན་སླར་ཡང་བོད་མིའི་སྐྱེ་བ་བླངས་ཏེ། བོད་དོན་ཆེད་སྲི་ཞུ་ཞབས་འདེགས་སྒྲུབ་མཁན་ཤ་སྟག་ཏུ་འགྱུར་བའི་སྨོན་ལམ་འདེབས་བཞིན་ཡོད། བཀའ་ཤག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༠ ལ། །

